རྗེ་སྨན་རི་བ།

[ཟླ་ཚེས། 2017-09-24 11:26:31][རྩོམ་པ་པོ། བཙན་ཕྲུག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506223616128475.jpg

ཀྱེ་ཀྱེ།       སེམས་ནང་གི་སྒྲོན་མེ་སྨན་རི་བ།

ཁྱེད་དགོངས་པ་གཞན་ཡུལ་དུ་གཤེགས་པ་སྔ་སོང་།

ཁྱེད་དང་ང་ཚོའི་བར་ཐག་ནི་རི་བོ་དང་གཙང་བོ།

ད་དུང་ནགས་ཚལ་དང་རྫ་རི་བྲག་རི་རྫོགས་པ་མེད་པའི་ཆུ་བོ་དང་ལ་ལུང་ཐང་གསུམ་གྱི་མཐར་མི་ཆོད།

འཇིགས་རུང་གི་གདོན་འདྲེ་དག་གིས་རང་དབང་གི་ལམ་ཁ་བཙན་གྱིས་བཀག་སོང་།

མཇལ་འདོད་ཀྱི་སེམས་པ་ནི་རླུང་བུ་ཡི་འཚུབ་ཆ་བཞིན་ཉིན་རེ་མཁའ་ལ་རྒྱུག་ཅིང་ཉིན་རེ་ས་ལ་འཛུལ་ཏེ་བར་སྣང་གི་བྱེའུ་བཞིན་ལྡེམ་ལྡེམ་དུ་འཕུར།

རེ་སྒུག་གི་ཁྲོད་ནས་ངས་ལས་དབང་ལ་འཁོང་ར་བྱེད་བཞིན་དཀོན་མཆོག་གསོལ་བ་བཏབ་པ་ཡིན།

སེམས་ཀྱིས་མཇལ་འདོད་ཡོད་ཀྱང་ངས་དཀའ་སྡུག་གི་དངུད་མོའི་སྒྲ་ཅི་ཙམ་འཐེན་ཡང་།

ཚེ་སྔོན་ལས་དབང་གིས་འཚོས་པའི་ལམ་སྣེ་དེ་རྙེད་ཐབས་མི་འདུག

ངས་དགུན་གསུམ་གྲང་ངར་ལྡང་བ་དང་།

དཔྱིད་གསུམ་རླུང་བུའི་འཚུབ་ཆ།

དབྱར་གསུམ་མེ་ཏོག་གི་སྐྱེས་ཚལ་བཞད་པ།

སྟོན་གསུམ་སད་སེར་དང་བ་མོ་བཅས་དུས་བཞི་གང་ཞིག་ཡིན་རུང་ངའི་སེམས་ནས་ཁྱེད་ཉིད་ཀྱི་བཞིན་རས་དང་།

རྣ་ལམ་གསུང་སྙན་གྱི་མན་ངག

ད་དུང་མིག་ལམ་དུ་འཛུམ་མདངས་ཀྱི་ཞལ་རས་རྣམས་བར་མེད་དུ་འཆར་འདུག

ཀྱེ་ཀྱེ།          ངའི།        སེམས་ཀྱི་སྒྲོན་མེ།

འོད་ཀྱི་ཀ་ཆེན།            རྗེ་སྨན་རི་བ་ཁྱེད།

འདི་ལྟར་ང་ཚོ་ལ་ཕྱི་མིག་ཅིག་མེད་པ་ཅི་ལ་ཕེབས་སོང་བ་ཡིན།

ང་ཚོའི་ལས་དབང་འདི་ཅི་འདྲའི་སྐྱོ་བ་ལ་ཨང་།

སྐྱབས་མེད་མགོན་མེད་ཀྱི་དྭ་ཕྲུག་ང་ཚོ་འདི་ལྟར་ལུས་སོང་བ་ཅི་ཞིག་རེད།

ཀྱེ་ཀྱེ།        སྨན་རི་བ།         རང་བཞིན་བོན་ཉིད་ཀྱི་དབྱིངས་ནས།

ཡེ་ཤེས་ལྷའི་སྤྱན་གྱིས་རྟག་ཏུ་གཟིགས་ཤིག།

རྟག་ཏུ་མཁྱེན་ཅིག

རྟག་ཏུ་སྐྱོབས་ཤིག 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།