མགོན་ཁྱེད་གཤེགས་པ་བདེན་ནམ།

[ཟླ་ཚེས། 2017-09-23 09:57:06][རྩོམ་པ་པོ། ཁྱུང་བཙུན་བསྟན་རྣམ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


47d506511e1a0a0963e4b889680e7966.jpg

མུ་མཐའ་བཞི་བརྒྱད་བྲལ་བ་དང་པོའི་དབྱིངས། །

ནང་གསལ་བཀོད་པ་གཞོན་ནུ་བུམ་སྐུའི་ཚུལ། །

ཡབ་གཅིག་ལྷག་པའི་ལྷ་མཆོག་གང་ཉིད་ཀྱིས། །

སྐད་ཙམ་འདོར་མེད་གཟིགས་མཛོད་འདྲེན་པ་ཀྱེ། །

 

དལ་མོའི་ལག་རྩེད་རྒྱགས་པའི་ཁ་རྩེད་དང་། །

མི་ཡི་ལད་མོ་སྤྲེལ་གྱིས་བྱས་མིན་པར། །

ངེས་དོན་འདྲེན་པ་མཆོག་དེ་དྲན་པའི་མོད། །

སྐྱོ་གདུང་མཆི་མའི་ངུ་ངག་འདི་ན་ཐལ། །

 

སྲིད་གསུམ་ནང་བཅུད་འགྲོ་བའི་བསྟི་གནས་སུ། །

ཡེ་འབྱུང་ཕྱི་སྣོད་བཀོད་ལེགས་གྲུབ་པ་བཞིན། །

ལྔ་སྙིགས་རྩོད་ལྡན་གདུལ་བྱའི་བསོད་སྐལ་དུ། །

རྗེ་གཅིག་སྨན་རི་བ་ཞེས་སྲིད་འདིར་གྲགས། །

 

ཡང་སྲིད་ཆོ་འབྲང་ཙན་གྱིས་དྲེགས་མིན་པར། །

ཕལ་པའི་གྲྭ་རྐྱང་ཞིག་གི་རྣམ་ཐར་འོག །

རབ་འབྱམས་གཞུང་ལུགས་རིག་པའི་གནས་བཅས་པ། །

གང་ཐུགས་གསེར་བུམ་བཅུད་དུ་ལེགས་པར་གཏམས། །

 

ཐོས་མེད་དཀའ་ཐུབ་བརྟུལ་ཞུགས་བཟུང་བ་འམ། །

སྒོམ་མེད་ཚིག་རྐྱང་འཇའ་ཚོན་སྤྲོས་མིན་པར། །

དཔྱད་འཇོག་མཁའ་ལྡིང་གཤོག་ཟུང་ལ་བརྟེན་ནས།།

མི་ལྡོག་བདེ་ཆེན་མཁའ་རུ་མངོན་པར་གཤེགས། །

 

མུ་རྒྱུང་བསྐལ་ཆེན་སྟོན་པ་སངས་རྒྱས་ཀྱི། །

རྗེས་འབྲེང་མཁས་གྲུབ་རྒྱུ་སྐར་བྱེ་བའི་ཁྲོད། །

དུས་འགྱུར་བསྐལ་ཁུག་སྨག་རུམ་བསལ་བའི་གཉེན།།

གང་སྐུ་ཉ་རྒྱས་ཟླ་བ་མངོན་པར་འཚེར། །

 

སྣ་ཚོགས་གྲུབ་མཐའ་མེ་ཏོག་སྐྱེད་ཚལ་ན། །

ཞྭ་དཀར་བསྟན་སྲིད་ཨུ་དུམ་ཝ་ར་ཉིད། །

མི་སུན་བ་མོས་བཅོམ་ལ་ཉེ་བའི་དུས། །

ཐུགས་བསྐྱེད་ཉི་མ་གཞོན་ནུས་དབུགས་དབྱུང་མཛད། །

 

སོ་གཉིས་གྲངས་ལྡན་གོང་མའི་གདན་ས་ཆེ། །

རིག་གསར་ཐལ་རྡུལ་ངན་པས་བརླག་པའི་ཚེ། །

བསྟན་པའི་ཉིང་བཅུད་ལུང་རྟོགས་ཉི་ཟླ་ཟུང་། །

ཉམས་མེད་ཀླུ་དབང་ཕྱོགས་སུ་བདེ་བར་དྲངས། །

 

 

ཚད་མེད་གཟིགས་དགོངས་རླུང་རྟས་བསྐུལ་བ་ཡིས།།

སྣ་མང་ཕྱི་ལུགས་ཤེས་རིག་ཉེར་མཁོའི་ཚོགས། །

རྟག་འགྲུས་དལ་འབབ་རྗེས་སུ་བྱེད་པ་ཡིས། །

དེང་རབས་རིག་རྩལ་ཕ་མཐའང་ཁྱེད་ཀྱིས་བརྒལ། །

 

 

གཉེན་གྲོགས་གཞན་གྱི་རྒྱབ་སྐྱོར་ལྟ་ཅི་སྨོས། །

ང་ཁྱོད་ཙམ་ཡང་བརྡ་སྐད་མི་འཕྲོད་པའི། །

རྒྱུས་མེད་མི་ཡུལ་ས་མཐའ་ག་ལ་བར། །

གཡུང་དྲུང་བསྟན་པའི་གནས་གཞི་ཁྱེད་ཀྱིས་བསྐྲུན།།

 

གྱེར་བསྟན་བཅའ་འདོན་ཙམ་གྱིས་བསྐྱངས་མིན་པར། །

ཟབ་རྒྱས་མདོ་སྔགས་སེམས་ཀྱི་གཞུང་ཆེན་ཀུན། །

མ་ལུས་ཐོས་བསམ་སྒོམ་པའི་སྡེ་ཆེན་པོ། །

བཤད་སྒྲུབ་སྒོམ་གསུམ་འདུས་སྡེ་བཙུགས་ལ་རངས། །

 

ཡེ་ཉིད་ཁུངས་ཀྱི་སྟོན་པ་ཀུན་བཟང་ནས། །

ཁྱབ་བདག་རྩ་བའི་བླ་མར་ཐུག་གི་བར། །

དབང་ལུང་མན་ངག་ཉག་ཐག་ལུ་གུ་རྒྱུད། །

སྐལ་ལྡན་བྱེ་བའི་རྒྱུད་ལ་སིམ་པར་མཛད། །

 

གནའ་དེང་ཟུང་གི་ཤེས་བྱའི་གཞུང་གང་ལ། །

གཞན་དྲིན་མི་འཇོག་མཁས་གྲུབ་སྟག་སེང་ཁྱུ། །

རིས་མེད་གོ་ལའི་ཤར་ནུབ་ཕྱོགས་སོ་སོར། །

ཁྱབ་པའི་མཛད་རྗེས་ཕལ་པའི་བློ་ལས་འགོངས། །

 

 

སྐྱབས་སེམས་ཁ་ནས་འུར་ཙམ་མ་ཡིན་པར། །

རིགས་ཀྱི་བླ་སྲོག་གསོ་བའི་དམུ་ཐག་སྟེ། །

ཁ་བ་བོད་པའི་ཁྱད་བོད་མངོན་གསལ་བའི། །

དམངས་ཕན་སློབ་གྲྭའི་མཛད་རྗེས་འདི་ཡང་རྨད། །

 

ང་བོན་ཁྱོད་བན་གྲུབ་མཐའི་ཕྱོགས་ཞེན་དང་། །

ང་རྙིང་ཁྱོད་གསར་རྒན་གཞོན་རྩོད་མིན་པར། །

གུ་ཡངས་རིས་མེད་དག་སྣང་ནམ་མཁའི་ངོགས། །

རང་ཚུགས་མི་འགྱུར་གསེར་གྱི་ཉི་མ་བཞིན། །

 

ཕྱི་ལྟར་རྣམ་དག་འདུལ་འཛིན་གཙུག་གཤེན་རྒྱལ། །

ནང་ལྟར་རིམ་གཉིས་དབང་འབྱོར་གསང་བ་འདུས། །

གསང་བ་ཡེ་གཞི་མངོན་གྱུར་ཀུན་ཏུ་བཟང་། །

རྒྱུད་གསུམ་བསྟན་པའི་མདོ་འཛིན་ཁྱེད་ཉིད་ཙམ། །

 

དེ་དང་དེ་ལྟའི་ས་ཆེན་འཕགས་པ་ཡི། །

དགེ་མཚན་མཐའ་དག་ཚིག་ཏུ་བརྗོད་པའི་སྟོབས། །

མཚོ་བྱུང་མ་ཡང་ངལ་བའི་ཚུལ་བསྟན་ན། །

བདག་ལྟས་སྨྲ་འདོད་རང་མཚང་ངོམ་ལ་དོགས། །

 

དུས་གསུམ་སངས་རྒྱས་མྱ་ངན་འདས་ཚུལ་སྟོན། །

ཁམས་གསུམ་སེམས་ཅན་དེ་བཞིན་ལུས་པ་མེད། །

གསུངས་དེ་མད་ནའང་གློ་བུར་མགོན་པོ་ཉིད། །

བདེ་བར་གཤེགས་འདི་བདེན་ནམ་འཁྲུལ་ལམ་ཅི། །

 

 

ཀྱེ་ཧུད་བསྟན་པའི་ཀྭ་ཆེན་ཁྱེད་འགྱེལ་ན། །

གསང་ཆེན་དབང་བཞི་ཟབ་མོ་སུ་ཡིས་སྐུར། །

བཀའ་བརྟེན་ལུང་རྒྱུན་དར་ཐག་སུ་ཡིས་མཐུད། །

གབ་སྦས་མན་ངག་གསང་རྒྱ་སུ་ཡིས་འཁྲོལ། །

 

 

གཡུང་དྲུང་བསྟན་པའི་སྤྱི་རྗེ་སུ་ཡིས་མཛད། །

རྒྱལ་གཤེན་ལུང་རྟོགས་བདག་པོ་སུ་ཡིས་རྒྱག །

མཉམ་མེད་བླ་མའི་གསེར་ཁྲི་སུ་ཡིས་བདག །

མགོན་མེད་བོན་འབངས་ཉམ་ཐག་སུ་ཡིས་སྐྱོབ། །

 

འཆད་པ་ངག་རིག་རྫ་རྔ་སུ་ཡིས་རྡུང་། །

རྩོད་པ་རྒོལ་ངན་ལོག་རྟོག་སུ་ཡིས་གཞོམ། །

རྩོམ་པ་དབྱངས་ཅན་པི་ཝང་སུ་ཡིས་དཀྲོལ། །

སྒྲུབ་པ་དོན་གྱི་རྒྱལ་མཚན་སུ་ཡིས་འཛུགས། །

 

 

མཁྱེན་ནོ་མཁྱེན་ནོ་ཁྱབ་བདག་འཁོར་ལོའི་མགོན། །

གཟིགས་ཤིག་གཟིགས་ཤིག་ཤུལ་ལུས་དྭ་བུ་ལ། །

སྐྱོབས་ཤིག་སྐྱོབས་ཤིག་འཁོར་བའི་སྡུག་བསྔལ་ལས། །

དྲོངས་མཛོད་དྲོངས་མཛོད་ཁྱེད་དང་དབྱེར་མེད་སར། །

 

          ཞེས༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རི་བ་ཆེན་པོ་གང་ཉིད་ཞིང་ཁམས་གཞན་དུ་གཤེགས་པའི་སྐྱོ་གདུང་གི་མཆི་མ་གཡོ་བཞིན་གང་གི་སྐྱབས་འོག་པ་ཁྱུང་གཙུན་བསྟན་རྣམ་དུ་འབོད་པ་དེས་རང་གནས་གདན་ས་སྨིན་གྲོལ་གླིང་ནས་སྒོ་གསུམ་གུས་པའི་ཕྱག་དང་བཅས་ཏེ་ཕུལ།

༢༠༡༧:༩:༢༢

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།