སངས་རྒྱས་སྨན་རི་བ།

[ཟླ་ཚེས། 2017-09-19 12:41:38][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170917122317.jpg

སངས་རྒྱས་སྨན་རི་བ།

ཀ་དག་བོན་སྐུའི་དབྱིངས་ལས་མ་གཡོས་ཀྱང་།།

ཁ་དོག་ལྷུན་གྲུབ་མཚན་དང་དཔེ་བྱད་ཀྱི།།

ག་ཤལ་བསླབ་གསུམ་ནོར་བུའི་ཏོག་མཛེས་པ།།

ང་ཡི་བླ་མ་གསེར་གྱི་ཁྱུང་ཆེན་དྲན།།

 

ཅ་དག་ཕུལ་བྱུང་ཚུལ་ཁྲིམས་བསུང་ཞིམ་འཐུལ།།

ཆ་ལུགས་ལྔ་ལྡན་རིམ་གཉིས་དགོངས་པ་བརླིང་།།

ཇ་ཐུན་རེ་ཡང་རིག་སྟོང་རྗེན་འཆར་གྱི།།

ཉ་ཟླའི་དཔལ་རྫོགས་སྨན་རིའི་ཁྲི་འཛིན་དྲན།།

 

ཏ་ཐཱ་ག་ཏ་མི་ཡི་གཟུགས་སྤྲུལ་ཏེ།།

ཐ་དད་སློབ་ཚོགས་རྒྱུ་སྐར་འབུམ་བདལ་ཞིང་།།

ད་དུང་རྣམ་བཞིའི་ཐུགས་རྗེ་འོད་རླབས་ཀྱིས།།

ན་རྒ་འཆི་གྲོལ་མཛད་པའི་རྣམ་ཐར་དྲན།།

 

པ་སངས་མདངས་འཛིན་གངས་རིའི་ལྗོངས་ཆེན་པོའི།།

ཕ་མེས་རིག་གཞུང་སྲོག་གི་བླ་མཁར་རྩེར།།

བ་དན་མངོན་མཐོའི་རྒྱལ་མཚན་སྒྲེང་མཁས་ཞེས།།

མ་ལུས་སྐྱེ་རྒུས་བསྔགས་པའི་དེད་དཔོན་དྲན།།

 

ཙ་ཀྲའི་དཔལ་ལྟར་འབར་བའི་རྣམ་དཔྱོད་ལ།།

ཚ་གྲང་ཁྱད་གསོད་སྲོག་གི་སྟོབས་བྱིན་ཏེ།།

ཛ་ཡ་རྒྱལ་བའི་དགོངས་པ་བདེ་བླག་ཏུ། །

ཝ་ལེར་བླངས་པའི་ཕུལ་བྱུང་མཛད་པ་དྲན།།

 

ཞྭ་དཀར་གྱེར་བསྟན་དུས་ངན་སྒྲ་གཅན་གྱི།།

ཟ་བྱེད་མཆེ་བས་གཞོམ་ལ་ཉེར་ཕྱོགས་ཚེ།།

འ་བུའི་འདྲེན་པ་ཁྱེད་ཀྱི་སྐུ་དྲིན་འོག །

ཡ་མཚན་གྱེར་བསྟན་གླིང་གཞིར་སྤེལ་བ་དྲན།།

 

ར་བ་གངས་ལྡན་ཁ་བའི་རྒྱལ་སྲས་ཞེས།།

ལ་ལུང་གང་སར་མཆོད་པའི་རྒྱན་གྱུར་བ།།

ཤ་ཁྲག་ལུས་ལ་སངས་རྒྱས་མི་གཟུགས་ཅན།།

ས་སྟེང་བོན་གྱི་སྐྱབས་མགོན་སྙིང་ནས་དྲན།།

 

ཧ་ཅང་གཉན་འཕྲང་བསྐལ་པའི་ཁུགས་སོ་ནས།།

ཨ་མའི་བུ་ཁྱེད་འདི་ལྟར་བཞུད་གྱུར་ཚེ། །

ཧ་ཧུད་འཇིག་རྟེན་མུན་ནག་སུ་ཡིས་སེལ།།

ཨ་དཀར་བསྟན་ལ་རེ་བ་ཅང་ཡོད་དམ།།

 

   དེ་ལྟར་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་ལྷ་སྐལ་དམ་པ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོས། ཁོང་གི་དགུང་གྲངས་བརྒྱད་ཅུ་གྱ་དགུའི་སྐུ་ཚེ་ཧྲིལ་བོ་བསྟན་འགྲོའི་ལས་དོན་འབའ་ཞིག་ཏུ་བཏང་བའི་མཛད་བཟང་བཀའ་དྲིན་འཁོར་ཐབས་མེད་པ་འགྲོ་ཁམས་གདུལ་བྱ་རྒྱ་མཚོའི་བསོད་ནམས་བླ་མེད་ཡིན་པ་དང་། ནང་སྒོས་སུ་རང་ཅག་ཆོལ་གསུམ་བོད་པའི་གཟི་བརྗིད་འབའ་ཞིག་ཏུ་གཞར་ཡང་འདོར་བ་མེད་པར་མཐོང་ཞིང་། ཁ་སང་མགོན་པོ་གང་གིས་རེ་ཞིག་གདུལ་བྱ་གཞན་གྱི་དོན་དུ་ཞིང་འདིར་གཟུགས་སྐུའི་བཀོད་པ་བསྡུས་པའི་གནས་ཚུལ་རྣ་བའི་བུ་གར་ཐོས་འཕྲལ། མདོ་དབུས་མཐོ་སྒང་གི་ཉི་མ་འོད་པོ་ཆེ་ཞིག་འདི་ལྟར་གློ་བུར་དུ་ནུབ་སོང་བསམ་པའི་བློ་ཕམ་དང་སྐྱོ་གདུང་ཚད་མེད་པའི་མིག་མཆི་ཤག་ཤག་ཏུ་བཞུར་བཞིན། གུས་པ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མིང་གིས་དད་འདུན་དྲག་དང་བཅས་༢༠༡༧/༩/༡༧/ཉིན་ལ།

微信图片_20170919123832.png

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།