དགེ་བཤེས་བརྩོན་འགྲུས་གོང་འཕེལ་ལ་བསྟོད་པ།

[ཟླ་ཚེས། 2013-04-18 01:39:55][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]

ཟབ་མོ་དབུ་མའི་རྣལ་འབྱོར་གཞུང་ལུགས་རབ་འབྱམས་པ་ཆེན་མོ་དགེ་བཤེས་བརྩོན་འགྲུས་གོང་འཕེལ་གྱི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་ལྷ་མིན་གཡུལ་ལས་རྒྱལ་བའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །

སྔོན་བསགས་ཚོགས་གཉིས་རྒྱ་མཚོའི་ལྟོ་བ་ནས། །ལེགས་འཁྲུངས་གཡུང་དྲུང་སེམས་ཀྱི་བདུད་རྩི་ཅན། །
མཁས་ཚུལ་གསུམ་གྱིས་གཞན་ལས་རྣམ་རྒྱལ་བ། །བཤེས་གཉེན་ཟླ་བ་གཞོན་ནུར་གུས་པས་འདུད། །
༧སངས་རྒྱས་བཟང་ངན་ལྟ་བའི་སྐྱབས་འགྲོ་མེད། །ཐོས་བསམ་སྐྱོན་དུ་བཟུང་བའི་ལོག་རྟོག་མེད། །
ལུང་ཚན་རིས་སུ་གཅོད་པའི་འཐེན་ཁྱེར་མེད། །ཁྱོད་ནི་གཟུ་བོར་གནས་ལ་བསྙོན་དུ་མེད། །
༧འཁོར་བ་དག་ལས་ཐར་འདོད་ངེས་འབྱུང་ཡོད། །གྲྭ་ས་ཆེན་མོ་འགྲིམས་པའི་སྙིང་སྟོབས་ཡོད། །
ཟླ་མེད་བཤེས་གཉེན་བསྟེན་པའི་ལས་སྐལ་ཡོད། །བཀའ་པོད་ལྔ་ལ་སྦྱངས་པའི་བརྩོན་འགྲུས་ཡོད། །
༧མཐོང་ཚད་ཀུན་ཀ་འཇུག་པའི་སློབ་གཉེར་མེད། །གོ་ལོ་ཐོས་ལོ་ལྟ་བུའི་ཨོ་ཟོབ་མེད། །
རགས་པ་མ་མཐོང་ཕྲ་མོར་ཧབ་ཐོབ་མེད། །ཐེག་རིམ་མ་བགྲོད་ཐོད་རྒལ་བྱས་པ་མེད། །
༧མཐོན་པོའི་ཁྲི་ཞིག་རེག་པའི་ཕུགས་བསམ་མེད། །ཆེན་པོའི་མི་ལ་མཁོ་བའི་རྒྱུ་དངོས་མེད། །
མཐོ་ལ་སྤྲེལ་ལད་འཁྲབ་པའི་གཡོ་སྒྱུ་མེད། །དམའ་ལ་བརྙས་བཅོས་བྱེད་པའི་ཧམ་པ་མེད། །
༧རྨོངས་པ་མགོ་སྐོར་བྱེད་པའི་བསམ་བློ་མེད། །ཟ་འདོད་འདྲེན་སྟོན་བྱེད་པའི་དམིགས་ཡུལ་མེད། །
དཀོར་ནག་བསྡུ་གསོག་བྱེད་པའི་འཆར་གཞི་མེད། །རྔ་གོག་ཁུར་ནས་གྲོང་ཉུརྣལ་བྱས་པ་མེད། །
༧སེམས་ཚུགས་ཤོར་བའི་ལུས་ཚུགས་སྲོང་བ་མེད། །གཉིད་ཀྱིས་དུས་ཚོད་སྐྱེལ་བའི་སྒོམ་པ་མེད། །
རྐྱལ་སྟོང་ཕུ་ཡིས་སྦྱང་བའི་རླུང་སྒོམ་མེད། །ལྟ་བ་ཁ་ལ་ཁྱེར་བའི་རྟོགས་གླུ་མེད། །
༧བླུན་པོ་ཚད་མར་བཟུང་བའི་སྒྲོ་འདོགས་མེད། །མཁས་ལ་ཕྲག་དོག་བྱེད་པའི་བསྐུར་འདེབས་མེད། །
རུས་པ་བླ་མར་བརྩིས་པའི་ཐོབ་ཐང་མེད། །བྱིས་པ་ཁྲི་ལ་གསོལ་བའི་རྟོགས་བརྗོད་མེད། །
༧འཇིག་རྟེན་ལྷ་ཡིས་བཟོས་པའི་རྨོངས་དད་མེད། །དཀོན་མཆོག་ཡལ་བར་འདོར་བའི་ལོག་ལྟ་མེད། །
བོན་དང་ཆོས་ལ་འགལ་བ་བསྒྲུབས་པ་མེད། །ཆོས་སྤོང་ལས་ངན་བསགས་པའི་སྡིག་པ་མེད། །
༧དཀའ་ལས་མ་བརྒྱབས་པ་ཡི་མཁས་པ་མིན། །གཞུང་མང་མ་སྦྱངས་པ་ཡི་རབ་འབྱམས་མིན། །
རྨོངས་རྒན་བླ་མར་བརྫུས་པའི་ཁྲེལ་མེད་མིན། །རྒྱུ་བོན་འགོ་བོ་འཁོར་བའི་ཐེག་དམན་མིན། །
༧གསུང་འབུམ་དེབ་ཕྲེང་ཡོད་པའི་རྫིག་པོ་མིན། །དཀའ་གནད་རི་མོར་བཀོད་པ་ཉུང་ཉུང་མིན། །
ཕྱི་མི་མགོ་སྐོར་གཏོང་བའི་གྲུང་པོ་མིན། །ནང་མི་ཕུང་དཀྲུག་སློང་བའི་བླ་གཟུགས་མིན། །
༧རིག་སྨྲ་ཁྲི་ཁྲག་གྲངས་ནས་ཤེས་ལྡན་ཡིན། །ཆུང་ཆུང་དགོན་པའི་ནང་གི་དྲིན་ལྡན་ཡིན། །
སློབ་མར་ཐུགས་ཁུར་ཟླ་བྲལ་དགེ་རྒན་ཡིན། །ཕུགས་སེམས་བོན་ལ་བཅང་བའི་བོན་པོ་ཡིན། །
༧རང་སྟོབས་རང་གིས་མི་མཐོང་བླུན་པོ་མིན། །རང་མགོ་རང་གིས་གཡོགས་པའི་ཐ་ཤལ་མིན། །
སུ་མཐོའི་རྗེས་སུ་རྒྱུགས་པའི་སྐབས་འཚོལ་མིན། །རང་ལ་གཏད་སོ་མེད་པའི་མདོ་མེད་མིན། །
༧ཚེ་ཕྱེད་གནག་རྫིར་བསྐྱལ་བའི་རྟགས་མཚན་མེད། །འཇིག་རྟེན་བོན་བརྒྱད་དང་དུ་བླང་བ་མེད། །
མངོན་ཤེས་རྫུ་འཕྲུལ་དོན་དུ་གཉེར་བ་མེད། །ཟོག་པོའི་གཏམ་གྱིས་ཡོན་བདག་བྲིད་པ་མེད། །
༧དཀའ་ལས་མ་བརྒྱབས་གྲལ་མགོར་སོང་བ་མིན། །ནག་མཚམས་ལྷ་ཞལ་མཇལ་བའི་ཟོབ་གཏམ་མེད། །
དཀར་མཚམས་ཕྲེང་གོག་བགྲང་བའི་གྲངས་ཀ་མེད། །དེ་ཡིས་ལོག་འཚོ་བསྒྲུབས་པའི་མ་དངུལ་མེད། །
༧དགོན་ཆུང་བདག་པོ་རྒྱག་པའི་འདོད་རྔམ་མེད། །ལུང་ཆུང་ཁ་ལོ་བསྒྱུར་བའི་ཆབ་སྲིད་མེད། །
ཡར་མར་བསྟན་བཤིག་སློང་བའི་དབྱེན་དཀྲུག་མེད། །རོགས་ལ་ར་དང་འདྲ་བའི་སྡང་ཆ་མེད། །
༧རྐུབ་བཅག་རྩོད་པ་རྒྱག་པའི་གཡུལ་འཁྲུག་མེད། །དཀོར་ནག་བདག་པོ་རྒྱག་པའི་ཐོབ་ཤོར་མེད། །
བླ་བྲང་ཆེད་དུ་ཚེ་སྲོག་འཆོར་ས་མེད། །མཐའ་མ་བསྔོ་རྟེན་རྩོད་གཞི་སློང་ས་མེད། །
༧སྐྱབས་ཡུལ་ཚད་མས་མ་ངེས་སྐྱབས་འགྲོ་མེད། །དོན་དག་ཕྱོགས་མཐོང་མེད་པའི་ཁས་ལེན་མེད། །
ངེས་ཤེས་གཏན་ནས་མེད་པའི་རང་ལུགས་མེད། །སྣང་བ་མ་འགྱུར་དབང་བརྒྱ་ཞུས་པ་མེད། །
༧མཆོད་རྟེན་བརྩེ་ནས་བཤིགས་པའི་རིགས་རྒྱུད་མིན། །གསུང་རབ་མེ་ལ་བསྲེགས་པའི་ཁྱུ་ཚོགས་མིན། །
བླ་མའི་དབུ་ནས་ཞོན་པའི་ཧུར་བརྩོན་མིན། །བོད་མིའི་ལ་རྒྱ་མེད་པའི་ཀླད་སྟོང་མིན། །
༧འདོད་ཆུང་ཆོག་ཤེས་འཚོ་བའི་གྲྭ་རྐྱང་ཡིན། །སྐུ་ཚེ་གསུང་རབ་སྦྱངས་པའི་དགེ་བྱེད་ཡིན། །
ཚོགས་གསོག་ཁོ་ནར་འབད་པའི་སློབ་མ་ཡིན། །དཀའ་སྤྱད་འབད་བརྩོན་བསྟེན་པའི་དམ་པ་ཡིན། །
༧མ་ཤེས་གཞན་ལ་འཆད་པའི་ཕོ་ཚོད་མིན། །ཡི་གེ་ནག་དེད་བྱེད་པའི་དགེ་རྒན་མིན། །
གདར་ཤ་མ་ཆོད་དགག་སྒྲུབ་སྤེལ་མཁན་མིན། །གཞུང་དོན་མ་རྟོགས་འགྲེལ་བཤད་རྩོམ་མཁན་མིན། །
༧ཐར་པའི་ལམ་སྟོན་ཤེས་པའི་བཤེས་གཉེན་ཡིན། །གཞུང་ལུགས་དཀའ་གནས་འདྲི་སའི་སློབ་དཔོན་ཡིན། །
ཀུན་སྤྱོད་བླང་དོར་སྟོན་པའི་དེད་དཔོན་ཡིན། །ཕྱོགས་མེད་རིས་མེད་ཀུན་གྱི་འཛའ་བཤེས་ཡིན། །
༧རང་རིགས་ཡར་ལ་འཐེན་པའི་ཆགས་ཅན་མིན། །གཞན་རིགས་མར་ལ་བསྐྱུར་བའི་ཐ་ཆད་མིན། །
ཐམས་ཅད་ཤེས་པར་སྒྲོགས་པའི་ཧམ་ཅན་མིན། །ངེས་པ་སྤུ་ཙམ་མེད་པའི་རྟོགས་ལྡན་མིན། །
༧རྟག་ཏུ་དམན་ས་བཟུང་བའི་བཀའ་གདམས་ཡིན། །བདེན་གཉིས་ཁོང་དུ་ཆུད་པའི་རྣལ་འབྱོར་ཡིན། །
བོན་བརྒྱད་ཡལ་བར་དོར་བའི་བྱ་བྲལ་ཡིན། །བོན་སྦྱིན་རྣལ་མ་འབྱེད་པའི་བརྒྱ་བྱིན་ཡིན། །
༧གྲོང་པའི་ཆུས་ལ་ལྟ་བའི་སྲིད་དོན་མིན། །མངོན་ཤེས་གྲུབ་རྟགས་སྟོན་པའི་ཟོག་པོ་མིན། །
དེ་ཡིས་གྲོང་ནག་བསླུ་བའི་བླ་འཚོང་མིན། །ཤུགས་ལ་བསྟན་པ་བསྣུབས་པའི་སྡིག་ཅན་མིན། །
༧སྲིད་པའི་ཕུན་ཚོགས་དོར་བའི་རྟོགས་ལྡན་ཡིན། །ཞི་ལྷག་ཏིང་འཛིན་སྟོན་པའི་སྒོམ་ཆེན་ཡིན། །
བདེན་གཉིས་ཟུང་འབྲེལ་སྟོན་པའི་སྟོན་པ་ཡིན། །བཀའ་པོད་ལྔ་ལ་མཁས་པའི་རབ་འབྱམས་ཡིན། །
༧ཚིག་འགྲེལ་རྐྱང་བའི་གཞུང་འགྲེལ་རྩོམ་མཁན་མིན། །བདག་གཞན་འཁྲི་བ་མ་ཆོད་བྱ་བྲལ་མིན། །
ང་བདག་ངོས་བཟུང་མི་ཤེས་གཅོད་པ་མིན། །ཁ་ནས་ཡང་རྩེ་ཤོད་པའི་ཐེག་དམན་མིན། །
༧ངར་འཛིན་གཉེན་པོ་ཤེས་པའི་མཁས་པ་ཡིན། །ལྷ་འདྲེ་བདེན་མེད་ཤེས་པའི་རིག་སྨྲ་ཡིན། །
ཕན་གནོད་རང་བཞིན་མེད་རྟོགས་གཅོད་པ་ཡིན། །ལྟ་གྲུབ་ངེས་ཤེས་ཡོད་པའི་ཐེག་ཆེན་ཡིན། །
༧ཁ་ཡི་ལྟ་བ་མཐོ་བའི་ཕལ་པ་མིན། །རྒྱུད་སྡེ་མི་ཤེས་སྦྱོར་སྒྲོལ་བྱེད་མཁན་མིན། །
མུ་སྟེགས་རྟུལ་ཞུགས་བཟུང་བའི་དཀའ་ཐུབ་མིན། །དེ་ཡིས་དཀོར་ནག་གསོག་པའི་ཟོབ་རྫུན་མིན། །
༧གཡུང་དྲུང་བོན་ལ་ལྷག་བསམ་རྨ་མེད་ཡིན། །འཆད་རྩོད་རྩོམ་གསུམ་འཛོམས་པའི་སྐྱེས་མཆོག་ཡིན། །
མཁས་བཙུན་བཟང་གསུམ་མངའ་བའི་བཤེས་གཉེན་ཡིན། །བླུན་པོའི་རུབ་བརྡུང་ཕོག་པའི་མཁས་ཆེན་ཡིན། །
༧འབྱོར་ལྡན་རྩ་ཆེན་བྱེད་པའི་བླ་མ་མིན། །དཔྱོད་ལྡན་རྒྱང་དུ་འབུད་པའི་མཐའ་ཆད་མིན། །
དཀོར་གྱིས་ཁྱིམ་ཚང་གསོ་བའི་སྐྱབས་གནས་མིན། །དེ་ཡི་ཡིག་ཚང་བུ་ལ་འཇོག་མཁན་མིན། །
༧ཚེ་འདིའི་དོན་དག་བསྒྲུབས་ལ་དོན་ཉུང་ཡིན། །འཇིག་རྟེན་བྱ་བ་བསྒྲུབས་ལ་བྱ་ཉུང་ཡིན། །
སྡེ་གསུམ་བསྡུས་དོན་བཀའ་པོད་རྣམ་ལྔ་ཡིན། །དེ་མཁས་ནང་པའི་མཁས་པ་ཕུལ་ཕྱིན་ཡིན། །
༧ཆོས་ལུགས་གཅིག་པ་ཆོས་ཀྱིས་བསླུ་མཁན་མིན། །དེ་ཡིས་རང་གི་ཆེ་མཐོང་བཟོ་མཁན་མིན། །
དོན་དུ་ཆོས་མེད་ལྟ་བ་འཛིན་མཁན་མིན། །ཆོས་ཀྱི་སྙིང་པོ་བརླག་པའི་མདོ་ཤོར་མིན། །
༧འཇིག་རྟེན་གསེར་འགྱུར་འདོད་པའི་ཁོལ་པོ་མིན། །སྤྱི་ཚོགས་མ་མཐོང་ཁྲོན་པའི་སྦལ་པ་མིན། །
དེ་ཡིས་ནང་འཛིང་བྱེད་པའི་ཁྱུ་ཚོགས་མིན། །ཆོས་ལ་ཞུགས་ཀྱང་འཇིག་རྟེན་གཙོར་བཏོན་མིན། །
༧ནག་ཆང་ཤོ་སྦག་བསྟན་པ་འཛིན་མཁན་མིན། །ཁྱིམ་པའི་ལྟ་བ་ཅན་གྱི་སེར་གཟུགས་མིན། །
གཞན་ལ་རབ་བྱུང་གནང་བའི་ཁྱིམ་པ་མིན། །ཆོས་ལུགས་མི་ཤེས་ཆོས་ཀྱི་དེད་དཔོན་མིན། །
༧ཤིང་ཁྲི་ཤི་སྤར་འཐམས་པའི་ཨུ་ཚུགས་མེད། །རང་ཉིད་གཅིག་པུ་སྒྲོགས་པའི་རང་མཐོང་མེད། །
གཞན་དག་ཁས་མི་ལེན་པའི་ཧམ་པ་མེད། །ཚད་ལྡན་མཁས་པ་ཀུན་ལ་ལོག་ལྟ་མེད། །
༧དགོན་སྡེ་དུ་མའི་སྒྲིག་ལམ་ཤེས་མཁན་ཡིན། །ཆོས་ལུགས་དུ་མའི་ལྟ་སྤྱོད་རྟོགས་མཁན་ཡིན། །
བདེན་བཞིའི་བླང་དོར་ཤེས་པའི་བཤེས་གཉེན་ཡིན། །ཀུན་བྱང་འཇུག་ལྡོག་ཞིབ་པའི་མཁས་དབང་ཡིན། །
༧ར་ལངས་ཆ་ལངས་ཁྲོད་ནས་ཚར་བ་མིན། །བོང་བ་གསེར་དུ་བརྩིས་པའི་རྐྱལ་སྟོང་མིན། །
སུ་མེད་གྲལ་མགོར་དབང་བའི་ཕྲུ་གུ་མིན། །ལུང་ཆུང་ནང་གི་དཔོན་ཆུང་བྱས་པ་མིན། །
༧ལྟ་བ་དབུ་ཚད་སེང་གེ་འཇིང་བསྣོལ་ཡིན། །སྤྱོད་པ་ཕར་ཕྱིན་གཞུང་ལུགས་རབ་འབྱམས་ཡིན། །
ཚུལ་ཁྲིམས་འདུལ་བ་འབུམ་སྡེའི་མཁས་མཆོག་ཡིན། །ལྷག་པར་མངོན་པའི་གཞུང་ལུགས་བྱང་ཆུབ་ཡིན། །
༧འཆད་པའི་ཚེ་ན་གོ་བ་ཆུང་བ་མིན། །རྩོད་པའི་ཚེ་ན་གཏན་ཚིགས་རྟུལ་བ་མིན། །
རྩོམ་པའི་ཚེ་ན་ཁྱབ་མཐའ་མེད་པ་མིན། །གཞུང་དོན་དཔེ་ཀློག་ཙམ་གྱིས་རྙེད་པ་མིན། །
༧ངོ་ལ་གདོན་འདྲེར་ལྷ་ཕྱག་འཚལ་མཁན་མིན། །ལྐོག་ཏུ་ལྷ་ལ་གཏོར་ཟོར་འཕེན་མཁན་མིན། །
གཞན་ལ་སྐྱོན་གྱི་ཆར་པ་འབེབས་མཁན་མིན། །རང་ལ་ཤོག་བུའི་རྒྱལ་མཚན་བསྒྲེངས་མཁན་མིན། །
༧ཆུང་ཆུང་ལས་འགན་ཁྱེར་བའི་ཆེ་ཉམས་མེད། །སློབ་མ་རེ་གཉིས་འདུས་པའི་རྫིག་ཉམས་མེད། །
གཤིན་པོའི་རྣམ་ཤེས་སྤར་བའི་ཁས་ལེན་མེད། །མི་ཐུབ་པ་ལ་ཚད་དུ་བཙུགས་པ་མེད། །
༧ལུས་ལ་དར་ཟབ་རྫིག་ཉམས་སྟོན་མྱོང་མེད། །ཟས་ཁང་རྫིག་པོར་ཐུགས་སྤྲོ་གཏོང་མྱོང་མེད། །
ཁང་བརྩེགས་མཐོན་པོར་སྐྱིད་ཉལ་བྱེད་མྱོང་མེད། །སྐྲ་སེར་མི་རིགས་བསྡུ་གསོག་བྱེད་མྱོང་མེད། །
༧གནའ་སྲོལ་ངན་པར་སྡིག་པ་མིག་བཙུམས་མེད། །དེང་སྲོལ་བཟང་པོར་མཆིལ་ཞགས་འདེབས་པ་མེད། །
རང་སྲོལ་བོན་ལ་ལྷག་བསམ་ཡལ་བ་མེད། །དེ་ཡིས་བསྟན་ལ་སྲི་ཞུ་འགྲན་ཟླ་མེད། །
༧དེ་ལྟའི་མཁས་མཆོག་སྲིད་ན་རིན་ཆེན་ཞིག །རང་རིགས་ཁྲོད་དུ་བྱོན་པ་ལེགས་རྟོགས་ནས། །
ཡིན་ལུགས་ཚུལ་ཙམ་བརྗོད་པའི་ཚིགས་བཅད་འདི། །ཚིག་རྒྱན་རིག་པའི་སྙན་ཆ་མ་བཏོན་མོད། །
༧ཆུང་ནས་བདེན་པའི་ཕྱོགས་སུ་དང་ཞེན་གྱི། །ལྷག་བསམ་ཟླ་བའི་འོད་དང་ལྷན་ཅིག་ཏུ། །
དམ་པ་དམ་པར་མཐོང་ཕྱིར་སྨྲས་པ་ལས། །སུ་ལའང་དགག་རྒྱག་མིན་པ་མཁྱེན་པར་མཛོད།།

ཅེས་བོན་གྱི་བསྟན་འཛིན་ཆེན་པོ་སྨན་རིའི་མཁན་སློབ་རྣམ་གཉིས་༼མཁན་རིན་པོ་ཆེ་བསྟན་པའི་ཉི་མ་དང་དཔོན་སློབ་རིན་པོ་ཆེ་བསྟན་འཛིན་རྣམ་དག་གཉིས་༽ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་ཀློག་པ་བའི་མིང་ཙམ་འཛིན་པ་དྲང་སྲོང་རྣམ་རྒྱལ་དུ་འབོད་པས་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་སོགས་སངས་རྒྱས་དང་བྱང་སེམས་དུ་མས་བྱིན་གྱིས་བརླབས་པའི་གནས་མཆོག་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འཁོར་དུ་ཕྱི་ལོ་༢༠༡༠ཟླ་༡༠ཚེས་༡༠བཟང་པོར་སྦྱར་བའོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།