བརྟན་བཞུགས་མར་ཞིའི་མཆོད་སྡོང་།

[ཟླ་ཚེས། 2015-04-05 11:18:18][རྩོམ་པ་པོ། བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་༧སྐྱབས་རྗེ་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་བརྟན་བཞུགས་མར་ཞིའི་མཆོད་སྡོང་།
IMG_7403.JPG 
༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་བརྟན་བཞུགས།

དམུ་རྒྱལ་གཤེན་བསྟན་རྩ་བ་བསླབ་པ་གསུམ། །དེ་ཉིད་འཛིན་སྐྱོངས་སྤེལ་བའི་འཕྲིན་ལས་མཁན། །
དུས་གསུམ་སངས་རྒྱས་རྣམ་རོལ་མི་ཡི་གཟུགས། །སྨན་རིའི་ཁྲི་འཛིན་སོ་གསུམ་མཆོག་ལ་འདུད། །
གང་དེའི་ཕྱི་ནང་གསང་བའི་མཛད་རིམ་སྐོར། །བླུན་པོ་བདག་གིས་རྟོགས་པའི་ཡུལ་མིན་ཀྱང་། །
ཆུ་ཐིགས་ཙམ་ཞིག་དད་པའི་རྟེན་དུ་བསྐྲུན། །བསྐལ་པ་བརྒྱ་ཡི་བར་དུ་རྟག་བཞུགས་གསོལ། །
DSC00843.JPG

   ཞེས་སྐྱབས་རྗེ་གཤེན་བསྟན་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་བ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་ལ། མཆོག་སྐུ་མི་འགྱུར་གཡུང་དྲུང་གི་ཁྲི་ལ་རྟག་ཏུ་བཞུགས་པའི་དགའ་སྟོན་གྱི་མཛད་སྒོ་བཟང་པོར་མཆོག་དམ་པའི་གདན་ས་གཉིས་པ་ཐོབ་རྒྱལ་བོན་གཞིས་གསར་པ་དཔལ་གཤེན་བསྟན་བཀྲ་ཤིས་སྨན་རིའི་གླིང་དུ་བརྟན་བཞུགས་གསོལ་བའི་ཉིན་མོ་ལ། གུས་པ་བདག་གིས་སྒོ་གསུམ་གཅིག་སྒྲིལ་ཐོག་ནས་སོར་བཅུ་སྤྱི་བོར་ཟུམ་སྟེ་ཞུ་གསོལ།
   དབྱིངས་ནས་དཀོན་མཆོག་གསུམ་གྱི་ཐུགས་རྗེའི་ནུས་སྟོབས་དང་། བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོང་སྲུང་མ་བཅས་ཀྱིས་ཁ་འཛིན་མགོན་སྐྱོབས་སྡོང་གྲོགས་མཛད་པའི་ཁར་གཡུང་དྲུང་བོན་གྱི་དགོན་སྡེ་གཞིས་བྱེས་སེར་སྐྱ་ཡོངས་ཀྱི་རེ་སྨོན་ལྟར། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བསྟན་པ་སྤྱི་དང་། བྱེ་བྲག་རྒྱལ་བ་མཉམ་མེད་ཆེན་པོའི་མདོ་སྔགས་སེམས་གསུམ་གྱི་རིང་ལུགས་འཁྲུལ་བ་མེད་པ་དང་། ཡང་དགོས་སྐྱབས་རྗེ་སྨན་རིའི་སློབ་དཔོན་སངས་རྒྱས་བསྟན་འཛིན་དང་། བསྟན་འཛིན་རྣམ་དག གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་མཆོག་རྣམ་པ་གསུམ་གཙོས་པའི་བོན་གྱི་གདན་ས་ཁག་ནས་ཕེབས་པའི་བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམ་དང་། སེར་སྐྱ་མི་དམངས་ཡོངས་ནས་གསེར་ཁྲིར་མངའ་གསོལ་ནས་ད་ལྟའི་བར་དུ་མཆོག་སྐུ་རི་རྒྱལ་ལྷུན་པོ་ལ་མཛད་འཕྲིན་བསྟན་འགྲོ་གཉིས་ཀྱི་དོན་དུ་གཟིགས་དགོངས་ཚད་ལྔ་ཐུགས་ལ་འཆང་ནས་སྐུ་ལས་ཀྱག་ཀྱོག་མང་པོ་སྐུ་སྲོག་ལ་འཕྲད་པའི་དོན་རྐྱེན་གང་བྱུང་ཡང་ལྷོད་གཡེངས་དང་ཕྱིར་ནུད་ཅུང་ཙམ་ཡང་མ་མཛད་པ་སྨན་སློབ་སངས་རྒྱས་བསྟན་འཛིན་གྱི་བཀའ་ལྟར་བཤད་སྒྲུབ་སྒོམ་གསུམ་བཙུགས་དགོས་ལ་དེའི་བརྟེན་རྩ་རྒྱ་གར་སྒོར་མོ་ཁྲི་གཅིག་གནང་འདུག དེ་སྐབས་དགོན་ཕྱི་ནང་མཐའ་དག་འགྲོ་སོང་སྐོར་མཁན་ཆེན་གྱིས་གཟིགས་དགོས་པ་དང་། མཐུན་རྐྱེན་རོགས་སྐྱོར་བྱེད་མཁན་མེད་སྟབས་འོ་རྒྱལ་གང་འཕྲད་ཀྱང་ཡོངས་འཛིན་བསྟན་འཛིན་རྣམ་དག་གིས་བདག་ལ་གསུང་ཚུལ་ལས། ཧོར་སློབ་རིན་པོ་ཆེན་གནང་བའི་རྒྱ་གར་སྒོར་མོ་ཁྲི་གཅིག་དེ་མ་གཏོགས་དེ་སྐབས་སུ་ཚུར་ལ་ཡོང་འབབ་རྩ་བ་ནས་ཡོད་པ་མ་རེད། ཕར་ཉིན་རེ་བཞིན་དགོན་ཕྱི་ནང་ཚང་མ་དང་སློབ་གཉེར་བ་བརྒྱ་ཕྲག་གི་ཟས་སོང་བཏང་དགོས་པས་མཁན་དྲིན་ཆེན་ཁོང་གིས་ཉིན་ཅིག་ལ་འགྲོ་སོང་འདང་མ་སོང་གསུང་མྱོང་མེད། མདོར་ན་འགྲོ་སོང་དེ་ཚོ་གང་འདྲ་མཛད་ཚུལ་གསལ་པོ་ཤེས་ཀྱིན་མེད་གསུང་བཞིན་ནོ། དེ་བཞིན་ལུང་དཀར་དགེ་སློང་དྲང་སྲོང་གཡུང་དྲུང་རིན་པོ་ཆེས་བདག་ལ་གསུང་ཚུལ། སྐབས་ཤིག་ལ་མཁན་རིན་པོ་ཆེ་ལ་དགོན་གྱི་སྤྱི་གཉེར་བ་ཞིག་ནས་སོང་ཉིན་འགྲོ་སོང་སྐོར་གནང་རོགས་ཞུས་ལྟར་མཁན་རིན་པོ་ཆེ་ནས་གསུང་པ། དཱ་ང་ལ་སྒོར་ཅིག་ཀྱང་མི་འདུག་སོང་ཉིན་སྔ་མོ་ཁྱོད་རང་ཤོག་གསུང་པ་དང་། དེར་བརྟེན་མཁན་རིན་པོ་ཆེ་ནས་ལམ་སེང་སྲིད་རྒྱལ་བསྐང་གསོལ་དང་འཕྲིན་བཅོལ་གང་དྲགས་གནང་སྟེ་གཟིགས་མཛད། ཕྱི་ཉིན་ཡར་བཞེངས་སྐབས་ཁོང་གི་ཅོག་ཙེའི་སྟེང་དུ་རྒྱ་གར་གྱི་སྒོར་མོ་ཁྲི་ཆག་མང་པོ་བཞག་ཡོད་ཚུལ་གསུང་མྱོང་ཡོད། དེ་ལྟར་ན་བསྟན་འཛིན་སྐྱེས་མཆོག་རྣམ་ལ་མི་མེད་ལུང་སྟོང་ཡུལ་དུ་ཕྱིན་ཡང་ལྷ་ཀླུས་སྡོང་གྲོགས་མཛད་གསུང་པ་བཞིན་ནོ། །བླ་ཆེན་དྲན་པའི་གསུང་ལྟར། ཟས་དང་དབུལ་འཕོངས་མུ་གེས་གདུང་བའི་ཚེར། མ་གཡེང་ང་ལ་གུས་པས་གསོལ་བ་ཐོབ། ངས་ནི་ནོར་ལྷའི་ཚོགས་བཅས་དངོས་གྲུབ་འབེབས། གསུངས་པ་ལྟར་དང་། ཡང་ཚེ་དབང་གིས་ཞལ་ནས། དད་ཟས་མ་ཟ་ས་རྡོ་བཅུད་ལེན་གྱིས། ངས་ནི་ཟད་མེད་རིན་ཆེན་གཏེར་ཆེན་སྟེར། གསུང་བ་བཞིན་དམ་པ་ཁོང་ནི་དངོས་མེད་ཀྱི་ལྷ་འདྲེ་ཕོ་ཉ་མཛད་ཐུབ་པའི་རྟགས་མངོན་ནོ། ལྷག་པར་དུ་ཕྱི་ནང་གསང་བའི་སྡོམ་པ་དང་དབང་ལུང་མན་ངག་གི་བརྒྱུད་པ་གཡས་རུའི་སྟོན་པ་བཅོ་བརྒྱད་སྨན་རིའི་མཁན་རབས་རིམ་བྱོན་ནས་ད་ལྟའི་བར་དབང་ལུང་མན་ངག་གི་རྒྱུན་མ་ཆད་པར་ཐུགས་རྗེ་བྱིན་རླབས་ཀྱི་ན་བུན་མ་ཡལ་ནས་བཞུགས་ཡོད་པ་མ་ཟད་ཕྱི་ལྟར་སྤངས་ལམ་མདོ་ཡི་འཆད་རྩོད་རྩོམ་གསུམ་གྱི་བཤད་གྲྭའི་སློབ་གཉེར་དང་། ནང་ལྟར་བསྒྱུར་ལམ་སྔགས་ཀྱི་རིམ་གཉིས་ཉམས་ལེན། གསང་བ་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་ཁྲིད་རྒྱུད་དང་ཉམས་ལེན། ཐ་ན་གསང་སྔགས་ཕྱི་ནང་གི་ཆོ་ག་ཕྱག་ལེན་གྱེར་དབྱངས་འདོན་གསུམ་བཅའ་ཚོགས་བརྡུང་གསུམ་ཡན་ཆད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་མཛད་ནས་བུ་སློབ་དགེ་བའི་བཤེས་གཉེན་ཆེན་པོ་མཁས་པའི་ཁྱུ་ཚོགས་ནམ་མཁའི་སྐར་ཚོགས་ལྟར་འཛམ་གླིང་ཡུལ་གྲུ་ཀུན་ལ་དར་སྤེལ་གནང་ཡོད། འཛམ་གླིང་རྒྱལ་ཁབ་མང་པོ་ལ་བོན་གྱི་ཆོས་ཚོགས་བཙུགས་ཏེ་ཕྱི་རོལ་པའི་ཡུལ་ལ་གཡུང་དྲུང་བོན་གྱི་བསྭོ་སྒྲ་སྒྲོགས་པ་དང་། ཁྱད་པར་མདོ་སྔགས་སེམས་གསུམ་གྱི་ཟབ་གདམ་རྒྱུད་ལ་གནད་སྨིན་གྱི་གོ་སྐབས་བཟང་པོ་གནང་ཡོད། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཟེར་ཡ་དེ་གསེར་དངུལ་ཟངས་ལྕགས་ལས་གྲུབ་པའི་སྐུ་རྟེན་གསུང་རྟེན་ཐུགས་རྟེན་རིས་སུ་བྲིས་པ་འབུར་དུ་དོད་པ་ལུགས་སུ་བླུག་པ་རི་བྲག་གི་རྣམ་པ་ལྟ་བུ་གསར་རྙིང་གང་ཡོད་དང་། བདེ་བར་བཤེགས་པའི་གསས་ཁང་ཟེར་བ་ས་རྡོ་ཟངས་ལྕགས་ལས་གྲུབ་པའི་རི་རྒྱལ་ལྷུན་པོ་ལྟ་བུ་ཞིག་ཡོད་ཀྱང་མཐར་ཐུགས་ཐམས་ཅད་མཁྱེན་པའི་རྒྱུར་འགྲོ་བ་ཕར་ཞོག་གནས་སྐབས་ཐར་པའི་རྒྱུར་འགྲོ་བ་དཀའ་མོད། དེའི་ཕྱིར་ནས་དམ་པ་ཁོང་གི་འཛམ་གླིང་མི་རིགས་བརྒྱ་ཕྲག་མང་པོ་དང་། ཁྱད་པར་དུ་གངས་ལྫོངས་ཡུལ་གྲུ་ཀུན་ལ་བཤད་སྒྲུབ་སྒོམ་གསུམ་གྱི་སྲོལ་བཙུགས་ཏེ་སློབ་དཔོན་དགེ་བའི་བཤེས་གཉེན་དམ་པ་དགོན་སྡེ་ཁག་ལ་གང་དགོས་ཆར་བཞིན་དབབ་པར་མཛད་པ་ནི་སངས་རྒྱས་ཀྱི་བསྟན་པ་ངོ་མ་དེ་ཡིན་ཞེས་རྒྱུད་ལུང་ཀུན་ལས་གསུང་པ་བཞིན་ནོ། །མདོར་ན་དམ་པ་ཁོང་གི་སྐུ་གསུང་ཐུགས་ཀྱིས་མཛད་ཆེན་རླབས་པོ་ཆེ་དེ་ཚོ་ལ་བརྟེན་ནས་འཛམ་གླིང་གང་སར་གཡུང་དྲུང་བོན་གྱི་བསྟན་པ་སྤང་ལ་ཤ་མོང་བརྡོལ་བ་བཞིན་དར་གསུང་པ་དེ་ལྟར་ཡིན་པར་མངོན་ནོ། །འོན་ཀྱང་ང་ཚོ་བོད་འབངས་ཡོངས་ནས་ཁྲི་འཛིན་རིན་པོ་ཆེའི་བཀའ་དྲིན་དེ་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་ལ་མ་ཟད་ཁྲི་འཛིན་སོ་གསུམ་པ་སྐུ་ཚེ་བསྐལ་པ་བརྒྱ་ཡི་བར་དུ་བཞུགས་པའི་སྐུ་རིམ་ཞབས་བརྟན་བསྟོད་ཚིག་གསོལ་འདེབས་བྱེད་རྒྱུ་ནི་གཡུང་དྲུང་བོན་གྱི་དགོན་སྡེ་རི་ཁྲོད་དང་དད་ལྡན་མང་ཚོགས་སེར་སྐྱ་གཞིས་བྱེས་ཡོངས་ཀྱི་ཕྲག་ཐོག་ཏུ་བབ་པའི་འོས་འགན་ཞིག་ཡིན་མོད། དེ་ལྟར་མཆོག་རིན་པོ་ཆེ་ཉིད་ཀྱང་ཐུགས་རྗེ་བཞི་ལྡན་གྱི་སྒོ་ནས་བརྩེ་གཟིགས་ནམ་ཡང་མི་འབྲལ་བ་མཁྱེན་མཁྱེན་ཞུ་ཞུ། །

ཞེས་ལྷ་ལྡན་ཉི་མའི་གྲོང་ཁྱེར་ནས་ཉག་བོན་བྱ་བཏང་སྤྲུལ་མིང་པ་ཤེས་རབ་བློ་གྲོས་ནས་གལ་གནད་ཆེན་པོར་དམིགས་ཏེ་ཕུལ་བའོ། །

༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་བརྟན་བཞུགས།

གྲངས་མེད་གོང་ནས་ཚོགས་གཉིས་བསགས་པའི་མཐུས། །ལྔ་བརྒྱ་དུས་ཀྱི་ཐ་མའི་བསྐལ་ཁུག་ལ། །
དུས་གསུམ་བདེར་གཤེགས་ཐུགས་བཅུད་གཅིག་བསྡུས་པའི། །འཛམ་གླིང་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག །
གང་དེའི་ཕྱི་ནང་གསང་བའི་མཛད་རིམ་རྣམས། །སོ་སྐྱེས་བདག་གིས་དཔོག་པའི་ཡུལ་མིན་ཀྱང༌། །
རབ་རིབ་ཙམ་ཅིག་དད་པའི་རྟེན་དུ་བསྐྲུན། །བསྐལ་པ་བརྒྱ་ཡི་བར་དུ་རྟག་བཞུགས་གསོལ། །
3242 (3).jpg

   ༧སྐྱབས་རྗེ་གཤེན་བསྟན་རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་ཁྲི་རབས་གཉིས་པ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་ལ། མཆོག་སྐུ་མི་འགྱུར་གཡུང་དྲུང་གི་ཁྲི་ལ་རྟག་དུ་བཞུགས་པའི་དགའ་སྟོན་གྱི་མཛད་སྒོ་བཟང་པོ་མཆོག་དམ་པའི་གདན་ས་ཕྱི་ནང་བར་གསུམ་བཞི་ཡོད་པའི་ནང་ནས་གདན་ས་གསུམ་པ་བལ་ཡུལ་ཁྲི་བརྟན་ནོར་རྩེའི་དབུས་སུ་བརྟན་བཞུགས་གསོལ་བའི་སྐལ་བཟང་ཉིན་མོ་ལ། གུས་པ་བདག་གི་སྒོ་གསུམ་གཅིག་སྒྲིལ་ཐོག་ནས་སོར་བཅུ་སྤྱི་བོར་ཟུམ་སྟེ་ཞུ་གསོལ། དབྱིངས་ནས་དཀོན་མཆོག་གསུམ་གྱི་ཐུགས་རྗེའི་ནུས་སྟོབས་དང༌། བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོངས་སྲུང་མ་བཅས་ཀྱི་ཁ་འཛིན་མགོན་སྐྱོབས་སྡོང་གྲོགས་མཛད་པའི་ཁར། ཞྭ་དཀར་གཡུང་དྲུང་བོན་གྱི་དགོན་སྡེ་གཞི་བྱེས་སེར་སྐྱ་ཡོངས་ཀྱི་རེ་སྨོན་ལྟར། མཆོག་གཡུང་དྲུང་གི་སྙིང་པོ་ལ་མཛད་རྣམ་སྐུ་ཚེ་ཧྲིལ་པོའི་ནང་ལ་དུས་ཚོད་དབང་གི་སྐུ་ལས་ཀྱག་ཀྱོག་མང་པོ་སྐུ་སྲོག་ལ་འཕྲད་པའི་འོ་བརྒྱལ་གང་བྱུང་ཡང་བསྟན་འགྲོ་གཉིས་ཀྱི་དོན་དུ་ལྷོད་གཡེང་ཕྱིར་ནུད་ཅུང་ཙམ་ཡང་མ་མཛད་པར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་བྱེ་བྲག། དགོས་རྒྱལ་བ་མཉམ་མེད་ཆེན་པོའི་མདོ་སྔགས་སེམས་གསུམ་གྱི་རིང་ལུགས་འཁྲུལ་བ་མེད་པ་དང༌། ཡང་དགོས་དམ་པ་ཁོང་གི་རྩ་བླ་སངས་རྒྱས་བསྟན་འཛིན་དང༌། ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་ཀྱི་བཀའ་ལྟར་ཕྱི་ནང་གསང་བའི་སྡོམ་པ་དང་དབང་ལུང་མན་ངག་གི་རྒྱུད་པ་དང༌། ཕྱི་ལྟར་སྤོང་ལམ་མདོ་ཡི་འཆད་རྩོད་རྩོམ་གསུམ་གྱི་བཤད་གྲྭའི་སློབ་གཉེར་དང༌། ནང་ལྟར་བསྒྱུར་ལམ་སྔགས་ཀྱི་ཐོས་བསམ་སྒོམ་གསུམ་གྱི་སྒྲུབ་གྲྭའི་འཆད་ཉན་དང༌། གསང་བ་བླ་མེད་རྫོགས་པ་ཆེན་པོའི་སྒོམ་གྲྭའི་ལྟ་སྒོམ་སྤྱོད་གསུམ་གྱི་ཁྲིད་རྒྱུད་དང་ཉམས་ལེན། ཐ་ན་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་གྱེར་དབྱངས་འདོན་གསུམ༌། བཅའ་ཚོགས་བརྡུང་གསུམ་ཡན་ཆོད། ཕུག་བཅོལ་ས་ཁྱེད་ལས་མེད་པའི་དུས་སྐབས་དེར། གདུལ་བྱ་རང་རང་གི་བློ་དང་སྦྱར་ཏེ་ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ༌། ཕྱི་ནང་གསང་གསུམ་དྲང་དོན་ངེས་དོན་གང་ཡིན་ཀྱང་མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་སོགས་མཛད་དགོངས་ཚུལ་ཞལ་བཀོད་གནང་ལྟར་ཉིན་མཚན་བར་མེད་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་སྒོམ་སྒྲུབ་འཆད་ཉན་ཁོ་ན་མཛད་ནས་བུ་སློབ་དགེ་བའི་བཤེས་གཉེན་ཆེན་པོ་མཁས་པའི་ཁྱུ་ཚོགས་ནམ་མཁའི་སྐར་ཚོགས་ལྟར་འཛམ་གླིང་ཕྱི་ནང་ཀུན་ལ་དར་ཁྱབ་ཆེ་བ་དང༌། འཛམ་གླིང་རྒྱལ་ཁབ་ཉིས་བརྒྱ་ལྷག་ཙམ་ཡོད་པའི་ནང་ལ། གཡུང་དྲུང་བོན་གྱི་བསྭོ་སྒྲ་སྒྲོགས་པ་དང༌། ཁྱད་པར་མདོ་སྔགས་སེམས་གསུམ་གྱི་ཟབ་གདམས་ཕྱི་རོལ་པའི་རྒྱུད་ལ་རྟག་ཏུ་ཉམས་ལེན་གནད་སྨིན་གྱི་གོ་སྐབས་བཟང་པོ་གནང་ཡོད། སྤྱིར་སངས་རྒྱས་བསྟན་པ་ཟེར་ཡ་དེ་གསེར་དངུལ་ཟངས་ལྕགས་ལས་གྲུབ་པའི་སྐུ་རྟེན་གསུང་རྟེན་ཐུགས་རྟེན་རིས་སུ་བྲིས་པ་འབུར་དུ་དོད་པ་ལུགས་སུ་བླུག་པ༌། རི་བྲག་གི་རྣམ་པ་ལྟ་བུ་གསར་པ་དང༌། རྙིང་པ་གང་ཡོད་རྣམས་དང༌། བདེ་བར་གཤེགས་པའི་གསས་ཁང་ཟེར་བ་ས་རྡོ་ཟངས་ལྕགས་ལས་གྲུབ་པའི་རྫིག་རྔམ་ཅན་ཅི་ལྟ་བུ་ཡོད་ཀྱང༌། མཐར་ཐུག་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུར་འགྲོ་བ་ཕར་ཞོག་གནས་སྐབས་ཐར་པ་ཐོབ་པའི་རྒྱུར་འགྲོ་བ་དཀའ་མོད།དེའི་ཕྱིར་ན་དམ་པ་ཁོང་གི་འཛམ་གླིང་མི་རིགས་བརྒྱ་ཕྲག་མང་པོ་ལ་གཡུང་དྲུང་བོན་གྱི་སྒོ་དུ་མ་བསྟན་པ་དང༌། ཁྱད་པར་དུ་བསླབ་པ་གསུམ་གྱི་ཉམས་ལེན་དང་མདོ་སྔགས་སེམས་གསུམ་གྱི་ཟབ་གདམས་རྒྱུད་ལ་སྨིན་ཞིང་གྲོལ་བ་ནི་སངས་རྒྱས་ཀྱི་བསྟན་པ་ངོ་མ་དེ་ཡིན་ནོ། །དེ་ལྟ་བུ་གང་ཟག་སུའི་རྒྱུད་ལ་ཡོད་ན་བསྟན་པའི་སྙིང་པོ་དེ་ཡིན་པ་དང༌། བསྟན་པ་དར་ཟེར་བ་དེ་ཡིན་རྒྱུ་ལུང་ཀུན་ནས་གསུང་པ་བཞིན་ནོ། །དམ་པ་ཁོང་གི་སྐུ་དངོས་སུ་དང་ཡང་ན་བུ་སློབ་བརྒྱུད་ནས་སྤྱིར་འཛམ་གླིང་ཡུལ་གྲུ་ཀུན་དང༌། ལྷག་པར་དུ་བོད་ཀྱི་མདོ་དབུས་ཁམས་གསུམ་སོགས་ལ་བཤད་སྒྲུབ་སྒོམ་གསུམ་དང་དད་ལྡན་མང་ཚོགས་ཀྱི་སྤྱོད་ཡུལ་དུ་གྱུར་བའི་རིགས་པའི་གནས་ཆེན་ཁག་དང་རྒྱལ་རབས་ལོ་རྒྱུས་ཀྱི་སྐོར་དང༌མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་གི་དཀའ་གནད་ཀྱི་མདུད་སྒོ་དཀྲོལ་བའི་གཞུང་པོད་བཅུ་གསུམ་ལྷག་ཙམ་གྱི་བསྟན་པའི་སྙིང་པོ་སྤེལ་ཡོད་པ་མ་ཟད་ཕྱི་ནང་སྔོན་འགྲོ་དང་དངོས་གཞིའི་ཟབ་ཁྲིད་དང་བླ་མེད་རྫོགས་པ་ཆེན་པོའི་འཆད་ཁྲིད་ཀྱི་སྐོར་དེང་སྐབས་བོད་མི་རྣམས་ཀྱི་འོད་ལྡེར་དང་སྒྲ་ཕབ་སྒྲ་བསྡུ་སོགས་ཀྱི་ཐོག་ནས་བོད་འབངས་སེར་སྐྱ་ཕོ་མོ་རྣམས་ཀྱི་ཟ་ཉལ་འགྲོ་འདུག་གང་གི་དུས་ལ་སྒོ་གསུམ་གྱི་ཉམས་ལེན་ཆུ་བོའི་རྒྱུན་བཞིན་སྐྱོང་པ་དང་འབད་རྩོན་བྱེད་བཞིན་མཆིས་ལགས། མདོར་ན་དམ་པ་ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་ཕྲིན་རླབས་པོ་ཆེ་དེ་ཚོ་ལ་བརྟེན་ནས་འཛམ་གླིང་ཀུན་ལ་གཡུང་དྲུང་བོན་གྱི་བསྟན་པ་སྤང་ལ་ཤ་མོང་རྡོལ་བ་བཞིན་དར་གསུང་པ་དེ་ལྟར་རེད་འདུག །
   འོན་ཀྱང་ང་ཚོ་བོན་འབངས་ཡོངས་ཀྱི་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་དེ་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་ལ། མ་ཟད་རིན་པོ་ཆེའི་སྐུ་ཚེ་བསྐལ་པ་བརྒྱ་ཡི་བར་དུ་བཞུགས་པའི་སྐུ་རིམ་ཞབས་བརྟན་བསྟོད་ཚིག་སྨོན་ལམ་རྒྱ་ཆེར་བྱེད་རྒྱུ་ནི་གཡུང་དྲུང་བོན་གྱི་དགོན་སྡེ་རི་ཁྲོད་དང་དད་ལྡན་མང་ཚོགས་སེར་སྐྱ་ཡོངས་ཀྱི་ཕྲག་ཐོག་དུ་བབས་པའི་འོས་འགན་ཡིན་མོད། དེ་ལྟར་མཆོག་རིན་པོ་ཆེ་ཉིད་ཀྱང་ཐུགས་དབྱིངས་ནས་མཁྱེན་བརྩེ་ནུས་གསུམ་གྱི་གཟིགས་དགོངས་ཚད་ལྔ་ཡི་ཐུགས་དབུས་ནས་མི་འདོར་བ་མཁྱེན་མཁྱེན་ཞུ་ཞུ།

ལྷ་ས་ནས་བྱ་བཏང་སྤྲུལ་མིང་ཤེས་རབ་བློ་གྲོས་ནས་གུས་པས་ཕུལ། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།