ཡིད་སྐྱོ་བའི་གནས་ཚུལ།

[ཟླ་ཚེས། 2013-11-28 22:33:33][རྩོམ་པ་པོ། སྣང་ཞིག་དགོན་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 securedownload.jpg

   ད་ལོའི་བོད་ཟླ་༡༠ ཚེས་༢༠ཉིན་སྟེ་ཕྱི་ཟླ་༡༡ཚེས་ ༢༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དགུ་དང་སྐར་མ་ཉེར་བཞིའི་ཐོག་མདོ་སྨད་རྔ་བའི་སྣང་ཞིག་དགོན་གྱི་རྒྱལ་ཚབ་དམ་པ་རྒྱ་འོབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ཐོག་དགོངས་པ་བོན་དབྱིངས་སུ་ཐིམ་པ་དང་། སྐུ་མྱ་ངན་ལ་འདས་ཁར་སྐུ་གཟུགས་ལ་རྙུང་གཞིའི་དྲི་མ་ཏིལ་འབྲུ་ཙམ་ཡང་མེད་པར་ཁམས་དྭངས་ཤིང་རིག་པ་གསལ་བར་མ་ཟད་ཁོང་རིན་པོ་ཆེ་རང་ཉིད་ནས་ན་བཟའ་གོས་དྲུག་ཆ་ཚང་བསྣམས་ཏེ་ཞབས་གཉིས་དཀྱིལ་དྲུང་དུ་བཞུགས་ནས་ཕྱག་གཉིས་ཐལ་མོ་སྦྱར་བ་དང་ཆབས་ཅིག་དབུགས་ཀྱི་འཇིབ་རྔུབ་ཙམ་ཡང་གནང་མ་དགོས་པར་ཅི་ཡང་མི་སྙམ་པའི་ངང་ནས་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་ཐུགས་དམ་ཆེན་པོའི་ངང་དུ་དགོངས་པ་བོན་དབྱིངས་སུ་གཤེགས་པའི་གནས་ཚུལ་དེ་ཉིད་བླ་མ་རིན་པོ་ཆེ་ལ་འུར་བསྟོད་ཙམ་མ་ཡིན་པར་སྐུ་འཁོར་དུ་བཞུགས་པའི་བླ་སྤྲུལ་ཚང་མས་མཐོང་བ་མངོན་སུམ་དུ་གྱུར་བས་ཚང་མ་ཡ་མཚན་སྐྱེས་སུ་བཅུག སྐབས་དེར་སྐུ་མདུན་དུ་༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་བྱ་འཕུར་ཀུན་བཟང་རྒྱལ་མཚན་རིན་པོ་ཆེ། ཁོང་གི་ཚ་བུ་རྒྱ་འོབ་ལྷས་སྦྱིན་གྲགས་པ་རིན་པོ་ཆེ། ཚ་བུ་རྒྱ་འོབ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་གཙོས་སྐུ་འཁོར་དུ་མ་དང་བཅས་བཞུགས་ཡོད་ལ། སྔོན་མའི་ཕྱག་སྲོལ་བཞིན་༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་རྒྱ་འོབ་བླ་བྲང་གི་བླ་མ་རིམ་བྱོན་གཤེགས་ཁར་ངོ་སྤྲོད་གནང་རྒྱུ་དང་རྒྱ་འོབ་བླ་བྲང་གི་བླ་མ་རྣམ་པས་༧སྣང་ཞིག་བླ་བྲང་གི་བླ་མ་རྣམས་ལ་ངོ་སྤྲོད་གནང་སྲོལ་ཡོད་པ་བཞིན་སྐབས་དེར་༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་རྒྱལ་ཚབ་རིན་པོ་ཆེ་ལ་ངོ་སྤྲོད་ཟབ་རྒྱས་གནང་བར་མཛད། འདི་གའི་ལུགས་སྲོལ་ལྟར་ན་བླ་མ་སུ་ཞིག་སྐུ་ཞི་བར་གཤེགས་སྐབས་བདུན་གཅིག་རེ་ཙམ་མང་ཚོགས་ལ་མི་བསྒྲགས་པར་གསང་རྒྱ་གནང་སྲོལ་ཡོད་ནའང་། སྐུ་འཁོར་དང་རིན་པོ་ཆེའི་གཞིས་ཁྱིམ་སོགས་ཀྱིས་རེ་འདུན་ལྟར་ཉིན་གསུམ་ལས་གསང་རྒྱ་མ་བྱས་པར་བོད་ཟླ་༡༠ཚེས་༢༢ཉིན་གྱི་ཕྱི་དྲོ་དགོན་པའི་ཚོགས་ཆེན་དགེ་བསྐོས་ཆེན་མོ་ནས་མང་ཚོགས་ལ་ཁྱབ་བསྒྲགས་བྱས་པ་དང་བསྟུན་སེར་སྐྱ་མང་ཚོགས་ཀུན་གྱི་མིག་མཐར་མཆུ་མས་གང་སྟེ་ཐམས་ཅད་མྱ་ངན་གྱི་གནས་སུ་ལྷུང་། ཉིན་དེ་ནས་བཟུང་ཚོགས་ཆེན་འདུ་ཁང་གི་གཡས་གཡོན་དང་རྒྱ་འོབ་བླ་བྲང་གི་མཐའ་སྐོར་ཚང་མར་རུ་སྡེ་སོ་སོ་ནས་མར་མེའི་མཆོད་འབུལ་དང་དགེ་སྒྲུབ་སྡིག་སྤོང་དང་ཕྱག་སྐོར་སྣ་ཚོགས་ཀྱི་དགེ་བ་སྒྲུབ་མཁན་བསམ་གྱིས་མི་ཁྱབ་པ་དང་། བོད་ཚེས་ཉེར་གསུམ་ཉིན་ནས་ཞག་གསུམ་གྲོས་བཞིའི་ཆོ་ག་བྱས་པ་དང་། གྲོས་བཞིའི་ཞོགས་ཀར་དགོན་པའི་དགེ་འདུན་པ་ཡོངས་རྫོགས་རིན་པོ་ཆེའི་ཁྱིམ་གཞིས་སུ་ཕེབས་ཏེ་སྨོན་ལམ་སོགས་ཀྱི་ཆོ་ག་ཟབ་རྒྱས་གསུངས། བོད་ཚེས་ཉེར་ལྔ་ཉིན་ནས་༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེའི་གཙོས་བླ་བྲང་ཆེ་དྲུག་གི་བླ་སྤྲུལ་རྣམས་དང་ཁྲི་ཟུར་དང་སློབ་ཟུར། དགེ་བའི་བཤེས་གཉེན་ལྔ་བཅུ་ལྷག་ནས་གདུང་མཆོད་ཀྱི་ཆོ་གའི་འགོ་བཟུང་བ་དང་། སེར་སྐྱ་མི་དམངས་ལ་སྐུ་གདུང་གི་མཇལ་ཁའི་འགོ་བཙུགས། ལྷ་སྡེ་སོ་སོའི་རེ་འདོད་ལྟར་དགོན་པ་གྲྭ་ཚང་ལ་ཀློང་རྒྱས་དང་མཉམ་མེད་བླ་སྒྲུབ་སོགས་ཀྱི་ཉིན་ཚོགས་ཧ་ཅང་མང་པོ་གཏོང་རྩིས་བྱས་ནའང་། དུས་ཚོད་ཁོམ་མིན་ལ་བརྟེན་དགོན་པས་བཀོད་སྒྲིག་འོག་སྡེ་ཤོག་གསུམ་རེའི་ཉིན་ཚོགས་རེར་གཏོང་རྒྱུའི་ཐག་ཆོད་ལྟར་ཚོགས་ཆེན་ཉིན་ཉི་ཤུ་ཙམ་ལ་ཚོགས་རྒྱུ་བྱས། དེ་ནས་བཟུང་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ནས་གདུང་སེམས་ཉམས་བསྐྱེད་ལ་ཕེབས་པའི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་སོ་སོའི་སྐུ་ཚབ་དང་དད་ལྡན་མང་ཚོགས་ལ་ཉིན་རེ་བཞིན་ཞོགས་ཀ་ནས་མཚན་མོ་བར་སྐུ་གདུང་གི་མཇལ་ཁ་གནང་བ་དང་ཆབས་ཅིག་དད་ལྡན་སེར་སྐྱ་མང་ཚོགས་ནས་རིན་པོ་ཆེའི་སྐུ་གདུང་མདུན་ནས་དགེ་སྒྲུབ་སྡིག་སྤོང་ལ་གཞོལ་རྒྱུ་མ་ཟད་རྐུ་དང་རྒྱན་འཛུགས། འཛངས་ནོག་དང་ཤ་ཆང་ཐ་མག་སོགས་སྤོང་བའི་དམ་བཅའ་གནང་མཁན་བསམ་གྱིས་མི་ཁྱབ་པ་འདུག་ལ། ལྷག་པར་དུ་ས་གནས་རྔ་བ་ཁུལ་དང་རྫོང་རིམ་པའི་གཞུང་འཛིན་མི་སྣ་གང་མང་མྱ་ངན་གྱི་མཛད་སྒོར་མཉམ་ཞུགས་གནང་བ་དང་། ཉིན་དེ་དག་གི་རིང་ལ་ཡ་མཚན་སྐྱེ་འོས་པ་ཞིག་དུ་དགོན་པའི་གཡས་གཡོན་གང་སར་མེ་ཏོག་སེར་ཆེན་སྣ་ཚོགས་སྐྱེས་པ་དང་ནམ་མཁའ་ལ་སྤྲིན་འཇའ་ཡ་མཚན་ཤར་བ་སོགས་ཀྱི་ལྟས་བཟང་དེ་དག་དཀྲོག་གཏམ་དང་འུར་བསྟོད་ཙམ་མ་ཡིན་པར་འདིར་ཡོད་སེར་སྐྱ་མང་ཚོགས་ཀུན་གྱིས་མཐོང་ཡུལ་དུ་གྱུར་བས་ཐམས་ཅད་ལ་ཡ་མཚན་སྐྱེས་ཏེ་པར་སོགས་བརྒྱབ་མཁན་ཡང་མང་པོ་བྱུང་། དེར་མ་ཟད་ཁོང་རིན་པོ་ཆེ་ལ་རྒྱ་གར་སྨན་རི་དང་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་སོགས་དགོན་ཁག་སོ་སོ། འབྲེལ་ཡོད་ཕྱི་རྒྱལ་དང་རྒྱ་ནག་གི་ཆོས་ཚོགས་ཁག་བཅས་ནས་ཀྱང་མྱ་ངན་གྱི་ཆོ་ག་ཟབ་རྒྱས་གནང་བཞིན་འདུག་ལ། རིན་པོ་ཆེའི་གཞིས་ཁྱིམ་ནས་ཀྱང་ཡུལ་སྲོལ་ལྟར་དུ་ཉིན་ཞེ་དགུའི་རིང་དགེ་སྒྲུབ་ཀྱི་ལས་རིམ་རྒྱ་ཆེར་སྤེལ་བཞིན་འདུག་པ་ལགས་ཤིང་། གཞན་༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་འོག་གདུང་མཆོད་ཀྱི་ཆོ་ག་བདུན་གསུམ་ལ་གནང་སྟེ་མཐར་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེག་གི་ཆོ་གའི་མཇུག་གྲུབ་པ་གནང་རྒྱུ་བཅས་ཀྱི་གནས་ཚུལ་རགས་བསྡུས་སུ།

༧སྣང་ཞིག་དགོན་འདུས་སྤྱི་ནས། ༢༠༡༣ལོའི་ཟླ་༡༡པའི་ཚེས་༢༨ཉིན་སྤེལ།

རྒྱལ་ཕྱི་ནང་གི་དགོན་སྡེ་དང་ཚོགས་པ་ཁག་གིས་ཁོང་རིན་པོ་ཆེ་ལ་མཆོད་འབུལ་དང་མྱ་ངན་གྱི་ཆོ་ག་ཟབ་རྒྱས་གནང་བའི་སྐོར་གྱི་གནས་ཚུལ་ཁག།

http://www.himalayabon.com/about/2013-11-26/303.html
http://theyungdrungbon.com/?p=5566
http://www.rgbm123.com/news/629/
http://www.xizangbenjiao.com/news/News_zt.asp?ztid=3
http://www.xizangbenjiao.com/news/News_View.asp?NewsID=465
http://www.xizangbenjiao.com/news/News_View.asp?NewsID=466
http://www.bonpo.com.cn/langyisi/ShowArticle.asp?ArticleID=723
http://www.bonpo.com.cn/langyisi/ShowArticle.asp?ArticleID=725
http://www.bonpo.com.cn/langyisi/ShowArticle.asp?ArticleID=723

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།