སྣང་ཞིག་༧རྒྱལ་ཚབ་རྒྱ་འོབས་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་མྱ་ངན་ཞུ་བའི་ཆེད་བསྒྲིགས།

[ཟླ་ཚེས། 2013-11-26 09:51:57][རྩོམ་པ་པོ། ཁྲི་བསོད་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  aa.jpgbb.jpg

 ༧རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་།། རྟག་པར་འཛིན་རྣམས་སུན་ཕྱུངས་དགེ་བསྐུལ་ཕྱིར།།
མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས།། བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ།།

      རིས་མེད་བསྟན་འགྲོའི་གཙུག་ནོར་ངེས་དོན་འགྲོ་བའི་བླ་མ། བསླབ་གསུམ་ངུར་སྨྲིག་གི་རྣམ་པར་རོལ་བ་༧སྣང་ཞིག་རྒྱལ་ཚབ་ཐམས་ཐད་མཁྱེན་པ་༧རྒྱ་འོབས་ཁྱུང་མོ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་མཆོག མདོ་སྨད་གཡང་གི་ར་བ་རྔ་ལྗོངས་ས་ཡི་ཐིག་ལེ་རུ་ས་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ་༡༩༢༧ལོར་སྐུ་མཆོག་མཚན་དཔེ་འགྲོ་བ་མི་ཡི་ཚུལ་དུ་སྐུ་བལྟམས་ནས་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་བཞུགས་ཤིང་། ཁོང་གི་སྐུ་ཚེ་ཧྲིལ་བོར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱིས་མཛད་བཟང་གི་བོན་འཁོར་རྟག་ཏུ་བསྐོར་བཞིན་ཟླ་མེད་ཀྱི་ལྷག་བསམ་གྱིས་རིས་སུ་མ་ཆད་པའི་འགྲོ་བ་སྤྱི་ལ་ཕན་པའི་རླབས་ཆེན་གྱི་བྱ་བས་དུས་འདས་ཏེ། བོད་ཆུ་སྦྲུལ་ལོའི་སྤྱི་ལོ་༢༠༡༣ཟླ་༡༡ཚེས་༢༢ཉིན་སྟེ་དགུང་གྲངས་གྱ་དྲུག་གི་སྟེང་། ཁོང་གི་གདན་ས་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་རྒྱ་འོབས་བླ་བྲང་གཟི་འོད་འབར་བའི་གླིང་དུ་གཟུགས་སྐུའི་བཀོད་པ་རེ་ཞིག་དགོངས་པ་བོན་དབྱིངས་སུ་གཤེགས་པ་ལ་ངེད་དྲ་བའི་གཙོ་སྒྲུབ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྗེས་དྲན་ཞུ།།

       ཁོང་གི་མཛད་རྣམ་རྒྱས་པར་གཟིགས་འདོད་ན་དྲ་གནས་འདིར་བསྐྱོད། http://old.himalayabon.com/article/character/lama/20100705173.html

2010071016582148.jpg
༄༅།། རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་གི་གསོལ་འདེབས།

མཁས་དབང་བོན་བརྒྱ་རིན་པོ་ཆེ།

༄༅།། ཨེ་མ་ཅི་པར་རཊྞ་གུ་དུན་ཧྲུན།
རྣམ་དག་ཚུ༷ལ་ཁྲིམ༷ས་གཙང་མའི་རི་དབང་བརྟན། །
བསླབ་གསུམ་རྣམ་པར་རྒྱལ་བའི་ཁང་བཟང་རྩེར། །
མདོ་སྔགས་བསྟན༷་པའི་རྒྱལ་མཚན་མཆོག་ཏུ་འཛི༷ན། །
རྨད་བྱུང་བསླབ་གསུམ་བསྟན༷་པའི་རྒྱལ་མཚན་མཆོག །

ཐུགས་སྟོབས་དཔུང་བས་འཛིན༷་ལ་ཟླ་བྲལ་བ། །
རྟོགས་གྲོལ་ཡིད་བཞིན་དབ༷ང་གི་རྒྱལ༷་བོའི་ཏོག །
མངོན་པར་མཛེས་པའི་ཞབས་ལ་གསོལ་བ་འདེབས། །
སྐྱབས་མཆོག་དབ༷ང་གི་རྒྱ༷ལ་བོར་གསོལ་བ་འདེབས། །

དེ་ལྟར་སྙིང་ནས་གསོལ་བ་བཏབས་པའི་མཐུས། །
མགོན་ཁྱོད་ཞབས་པད་བསྐལ་བརྒྱར་རྟག་བརྟན་ཅིང་། །
བཤད་སྒྲུབ་འདུས་སྡེ་དབྱར་གྱི་མཚོ་ལྟར་རྒྱས། །
མཐར་ཐུག་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །

གང་གི་ཞབས་པད་གཡུང་དྲུང་ཁྲི་འཕང་ལ། །
བརྟན་ཅིང་བརྩེ་བས་བདག་ཅག་ཐུགས་རྗེས་ཟུངས། །
བསླབ་པ་མཐར་ཕྱིན་ཉམས་ལེན་རྩེར་སོན་ནས། །
མཐར་ཐུག་རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག །

སྣང་ཞིག་རྒྱལ་ཚབ་རྒྱ་འོབས་རིན་པོ་ཆེ་སྐུ་ཞི་བར་གཤེགས་པ།

དྲུང་ཆེ་གདོང་བཙུན་རྒྱ་ཐར།

   ངེས་དོན་འགྲོ་བའི་བླ་མ། རིས་མེད་སྐྱེ་དགུའི་སྐྱབས་མགོན་བསླབ་གསུམ་ངུར་སྨྲིག་གི་རྣམ་པར་རོལ་པ་སྣང་ཞིག་རྒྱལ་ཚབ་ཐམས་ཐད་མཁྱེན་པ༧རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་དཔལ་བཟང་པོ་མཆོག་ནི་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ༡༩༢༧ལོར་མདོ་སྨད་རྔ་ལྗོངས་ས་ཡི་ཐིག་ལེར་གཟུགས་སྐུའི་བཀོད་པ་འགྲོ་བ་མི་ཡི་རྣམ་པར་རོལ་ཏེ་ད་ལྟའི་བར་ཏེ་སྤྱི་ལོ༢༠༡༣ལོའི་བར་སྐུ་ཚེ་ཧྲིལ་བོར་འགྲན་ཟླ་བྲལ་བས་མཛད་འཕྲིན་དུ་མས། རང་དགོན་བཀྲ་ཤིས་གཡུང་དྲུང་གླིང་གིས་མཚོན་བསྟན་པ་དང་འགྲོ་བའི་དོན་འབའ་ཞིག་ཐུགས་ལ་བརྣགས་ཏེ། སྐུ་གསུང་ཐུགས་གསུམ་གྱི་རྟེན་བཞེངས་སྣ་ཚོགས་བྱས་ཤིང་། འཆད་ཉན་སྒོམ་སྒྲུབ་ཀྱི་སློབ་གླིང་དང་སྒྲུབ་སྡེ་དུ་མ་བཙུགས་པ་མ་ཟད། རིས་སུ་མ་ཆད་པའི་འགྲོ་བ་སྤྱི་ལ་སྨན་པའི་བསྟན་སྤེལ་འགྲོ་དོན་གྱི་བོན་བསྐོར་བའི་རླབས་ཆེན་མཛད་པ་རྒྱ་མཚོས་དུས་འདས་ཏེ་དགུང་གྲངས་༨༦སྟེ་བོད་ཆུ་སྦྲུལ་ལོའི་དགུན་ཟླ་ར་བར་ཁོང་གི་གདན་ས་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་རྒྱ་འོབས་རྣམ་པར་རྒྱལ་བའི་བླ་བྲང་མཆོག་གསུམ་མཆོད་པའི་ཞིང་ཁམས་སུ་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་རེ་ཞིག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་མཛད་སོང་བ་ནི་ཁོང་རིན་པོ་ཆེ་ལ་མཚོན་ན། འདི་ནི་བདེ་ཆེན་དབྱིངས་གཟིགས་སམ་འགྲོ་དོན་གཞན་ཕེབས་ཀྱི་ཆེད་དུ་དུས་ལྟར་ཕེབས་པའི་མཛད་པ་ལས་གང་ཡང་མིན་ན་ཡང་།
      ང་ཚོ་ལ་མཚོན་ན་འདི་ནི་སེམས་ཁོང་ནས་ནོན་དཀའ་བའི་སྡུག་བསྔལ་ཞིག་སྟེ། མི་ཡུལ་དུ་བསྟན་འགྲོའི་བདེ་སྐྱིད་ཀྱི་ཉི་མ་རེ་ཞིག་ནུབ་སོང་བས་ད་ཅི་བྱ། མི་ཡུལ་གྱི་བྱམས་བརྩེ་ཟླ་བའི་དཀྱིལ་འཁོར་འཇིག་སོང་བས་ད་སུ་ཡོད། བརྩེ་ཆེན་སྙིང་རྗེའི་རང་གཟུགས། རྒྱལ་ཀུན་འདུས་པའི་ངོ་བོ་ངའི་རྩ་བའི་བླ་མ། གཙུག་གི་ནོར་བུ། སྙིང་གི་དོ་ཟླ། དཔྲལ་བའི་མིག་དང་ཁོག་གི་སྙིང་། ཐར་ལམ་འདྲེན་པའི་དེད་དཔོན། གདམས་ངག་གནང་བའི་བཤེས་གཉེན། དེ་རིང་ནས་གཏན་དུ་གྱེས་སོང་བ་དང་། ད་ལོ་ནས་རྟག་ཏུ་བྲལ་སོང་བ་ཡིན་ནམ། ཨེ་དཔེ་མི་སྲིད། རྗེ་བླ་མས་ང་དང་འགྲོ་བ་རིས་དྲུག་གི་སེམས་ཅན། རྗེ་བླ་མས་ང་དང་ང་ལྟ་བུའི་འགྲོ་བ་མཐའ་དག འདི་ལྟར་གཏན་དུ་ཐུགས་རྗེའི་གུར་ཁྱིམ་ལས་འབོར་བ་ག་ལ་སྲིད་དེ་གཏན་ནས་མི་སྲིད་པས། ཕྱོགས་བཞི་མཚམས་བརྒྱད་དུ་བཞུགས་པའི་སྐལ་ལྡན་གྱི་འགྲོ་བ་རྣམས། ཁམས་གསུམ་རིས་དྲུག་ཏུ་འཁོར་བའི་ལུས་ཅན་གྱི་སེམས་ཅན་རྣམས། ང་ཚོས་བསྒུག་ནས་འདུག ང་ཚོས་རྗེ་བླ་མའི་ཞལ་མཇལ་གསུང་ཐོས་པའི་བསྐལ་པ་དེ་བསྒུག་ནས་འདུག ང་ཚོས་རྗེ་བླ་མའི་ཡང་སྤྲུལ་མྱུར་འབྱོན་དེ་བསྒུག་ནས་འདུག
      ཅེས་པ་འདི་ནི་རང་གི་རྩ་བའི་བླ་མ་རིན་པོ་ཆེ་སྐུ་ཞི་བར་གཤེགས་པར་ཐོས་རྗེས་ཕ་ཡུལ་དུ་བསྐྱོད་པའི་ལམ་ཁར་དཀར་མཛེས་མཁར་གསར་མགྲོན་ཁང་དུ་མཚན་མོ་གཉིད་ཀྱང་མ་ཁུགས་པར་བླ་མ་-སེམས་ནས་ཡང་ཡང་དྲན་བཞིན་དུ་བྲིས་པ་ལ་སླར་ཡང་བླ་མ་ཁོང་གི་ཞལ་མཇལ་གསུང་ཐོས་ཏེ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྗེས་སུ་འཛིན་པའི་རྒྱུ་རུ་གྱུར་ཅིག་གུ།

ཐག་རིང་གི་གདུང་འབོད།

སྣང་རྒྱལ་ཤེས་རབ་དགེ་ལེགས།

ཁ་བའི་ལྷུན་པོས་མུ་ཁྱུད་བྲིས་པའི་འཇིག་རྟེན་ཏོག་ཏུ་གྲགས་པའི་མཁར།།
དབུགས་ཅན་བྱེ་བའི་གསོས་སུ་སྨིན་པ་ཉི་མའི་གཉེན་དུ་གྱུར་བའི་བུ།།
གློ་བུར་བཞུད་པའི་གཏམ་གྱི་མཚོན་རྩེ་རྣ་བའི་བུ་གར་ཟུག་པའི་མུར།།
སྣང་བའི་ཁམས་ཀུན་མུན་པས་ཟོས་ལྟར་བདག་སྙིང་སྨག་རུམ་ཀློང་དུ་འཁྱོམ།།

དགུན་གྱི་གྲང་ངར་ལུས་ལ་ཟུག་ན་དྲོད་ཀྱི་མེ་ཕུང་སུ་ཡིས་བྱེད།།
དབྱར་གྱི་ཚ་བས་ཡོངས་སུ་བསྲེག་ན་བསིལ་སྦྱིན་ག་བུར་གང་ལ་རེ།།
མྱ་ངམ་བྱེ་མའི་ཐང་ལ་ལྷུང་ན་སྐོམ་གྱི་གདུང་བ་སུ་ཡིས་བསྲེལ།།
འཇིགས་རུང་འཕྲང་གི་གཡང་ལ་བརྡར་ན་ལག་ཟུང་འཁེན་ས་གང་ལ་བྱེད།།

ཐར་འདོད་སློབ་ཚོགས་གདམས་ངག་ལ་སྲེད་ཁྱོད་ཞབས་རྡུལ་ལ་ཕྱག་བྱས་ཏེ།།
སྙིགས་མའི་རང་མདངས་ངན་རྒུ་འཕྱོ་ལ་ཡིད་དབྱུང་གསུང་གི་བདུད་རྩི་སྨིན།།
ནམ་མཁའི་རྒྱ་ལ་ཅོ་བ་འདྲི་བའི་གསང་གསུམ་མཛད་པ་དེ་ལྟར་གྱི།།
འཕྲོ་འདི་བཞག་ནས་ཞིང་ཁམས་གཟིགས་ལ་ཡིད་མི་གདུང་བ་སུ་ཞིག་ཡོད།།

བརྒྱད་ཅུ་བདུན་གྱི་སྐུ་ཚེའི་ཡུན་འདི་ཚེ་ལོ་མཐར་ཕྱིན་ཡིན་ལགས་ཀྱང་།།
ཞོ་འཐུང་ཟོལ་གྱིས་ཉིད་ལ་རེ་བ་ས་མཐའི་འཁྱམ་བུ་བདག་འདྲ་དག །
འཛུམ་ཞལ་ལན་ཅིག་མཇལ་ལ་རེ་བའི་ཡིད་ཀྱི་ལྟོས་པ་རི་ལས་མཐོ།།
དེ་འདྲར་དགོངས་ནས་ཡུད་ཙམ་བཞུགས་ནའང་གདུང་བའི་སེམས་ལ་སྨན་དུ་ཆེ།།

འོན་ཀྱང་ཐུགས་བསྐྱེད་ཟབ་མོའི་མཐིལ་རྣམས་བདག་གིས་ལོན་པར་མི་འགྱུར་བས།།
ཕ་རྒོད་བླ་མའི་སྤྱན་གཡོས་རེ་ཡང་བུ་ལ་དགོངས་པ་ཡིན་སྙམ་དུ།།
རང་སེམས་སྐྱ་མོ་རང་གིས་གསོ་བཞིན་མིག་ཆུའི་ཕྲེང་བ་ལ་བསྲེས་ནས།།
ཡང་སྤྲུལ་གཞོན་ནུ་མྱུར་དུ་འབྱོན་པའི་སྙིང་གི་སྨོན་པ་འདི་བཏབས་སོ།།

      བླ་མ་མཇལ་འདོད་ཀྱི་གདུང་བ་དྲག་པོས་ཡུན་རིང་མནར་བའི་མུར་གློ་བུར་བའི་སྐད་ངན་འདི་ཐོས་ཏེ་རང་ཉིད་གཅིག་པུར་སྐྱོ་གདུང་གིས་ཉིན་མཚན་སྐྱེལ་བཞིན་འཕགས་ཡུལ་གྱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྲིས་པ་འདི་བླ་མའི་ཡང་སྲིད་མྱུར་འབྱོན་ཀྱི་འདོད་དོན་འགྲུབ་ཅིང་འཁྲུལ་བྲལ་ངེས་རྙེད་ཡོང་བའི་རྐྱེན་དུ་གྱུར་ཅིག །།བླ་མ་མཁྱེན་ནོ། བླ་མ་མཁྱེན་ནོ། བླ་མ་མཁྱེན་ནོ།། །།

དད་གདུང་གིས་སྐྱོམས་པའི་ལྷོ་མཐའི་དབྱངས་རྟ་ཐོལ་འཁྱུགས་མ།

ཁྲི་གཡུང་དྲུང་།  སྨན་རིའི་གླིང་།

མཐོན་པོ་ཏི་ཙེ་གངས་རྒན་རྩེ་ནས་ཨག་སྐད་ཅིག་གིས་བརྡ་འཕྲིན་སླེབས།།
ཧི་མའི་རི་བོའི་ཕ་རོལ་ཞིག་ནས་མྱ་ངན་ངག་གིས་སྐད་འབོད་ཐོས།།
མ་ཕམ་མཚོ་མོའི་རླབས་སྒྲ་སྔོན་མོ་ཞེ་སྡང་དྲག་པོས་མཁའ་རུ་འཕྱོ།།
ཚུར་མཐོང་འཁོར་བའི་བུས་པ་འགའ་ཞིག་མགྲིན་པ་བརྣང་ཏེ་ཧད་ཀྱིས་ལུས།།

མི་མངོན་དག་པ་བདེ་ཆེན་ཞིང་ན་རིག་འཛིན་ལྷ་རྣམས་ཚོགས་ལ་རོལ།།
ཐུགས་རྗེ་ཡུམ་ཆེན་མཁའ་འགྲོའི་ཚོགས་རྣམས་གླུ་དང་གར་གྱི་སྟངས་སྟབས་བསྒྱུར།།
གང་ཞིག་ཞིང་གི་བཀོད་པ་བསྡུས་ནས་འགྲོ་དོན་བདེ་བའི་དབྱིངས་སུ་མཛད།།
ཁྱད་འཕགས་དམ་པའི་མཛད་པ་འདི་ཡིས་སོ་སྐྱེས་བློ་བ་བརྒྱལ་བར་བྱེད།།

བསྐལ་བ་སྟོང་གི་སངས་རྒྱས་རྣམས་ཀྱང་རྟག་ཞིང་གནས་ལ་བཞུགས་པ་མེད།།
བརྟན་བརྗིད་གྲགས་པའི་རི་རྒྱལ་ལྷུན་པོར་ཆགས་འཇིག་བསྐལ་བས་གཡོ་ཙམ་བྱུང་།།
དགུང་སྔོན་མཐོན་པོའི་ཉི་ཟླ་གཉིས་ཀྱང་འཆར་ནུབ་ལས་ལ་རྟག་ཏུ་བྲེལ།།
མི་རྟག་སྐད་ཅིག་བོན་ཉིད་དེ་ལ་སྟོན་པ་ལྷས་ཀྱང་་བཟློག་ཐབས་མེད།།

རྒྱལ་བའི་མཆོག་ལ་སྐྱེ་འཆི་མེད་ཅེས་བསླུ་མེད་རྒྱལ་བའི་གསུངས་ལས་ཐོས།།
རྟག་པར་འཛིན་རྣམས་སུན་ཕྱུངས་ཕྱིར་དང་དགེ་ལ་བསྐུལ་བའི་བརྡ་ཐབས་སུ།།
འཁོར་བ་མི་རྟག་གཤིས་སུ་མཛད་དེ་མྱ་ངན་བདེ་བའི་དབྱིངས་སུ་གཤེགས།།
བྱེ་བ་ཕྲག་བརྒྱ་སྤྲུལ་མཆོག་སྐུ་ཡི་མཛད་པའི་གར་ལ་ངོ་མཚར་བྱུང་།།

གདོད་ནས་ཀ་དག་ལྷུན་གྱིས་གྲུབ་ནས་གཉུག་མ་རང་གསལ་རྫོགས་ན་ཡང་།།
གང་ལ་གང་འདུལ་ཐབས་སུ་དམིགས་ཏེ་ཕངས་མེད་མཛད་པ་ལྷུར་གྱིས་བཞེས།།
རེ་ཞིག་གང་སྐུ་ཉི་གཞོན་དབང་པོ་ཆུ་ལྷོའི་ཕངས་སུ་ཡིབ་པ་འདིས།།
མཁར་ཁྱབ་འཁོར་འབངས་སྟོང་གི་སེམས་ལ་མྱ་ངན་སྡུག་གི་འཕར་མ་སྤྲད།།

སླད་ཀྱང་སྐུ་ལོ་གཞའ་ཚོན་བཞིན་དུ་སོ་སོར་བཀྲ་ལ་གསལ་བ་ལྟར།།
རིས་མེད་འགྲོ་བའི་ཁམས་སུ་སྤྲོས་ཏེ་ཚད་མེད་རྣམ་བཞིའི་ཐུགས་རྗེ་ཡིས།།
ཟོ་ཆུའི་རྒྱུན་བཞིན་འཁོར་མཚོར་འཁྱམས་པའི་རིགས་ཁམས་དྲུག་གི་འགྲོ་བ་རྣམས།།
བདག་སོགས་ཉམ་ཐག་དམུན་པོ་ཡོད་རྒུ་ཚེ་རབས་ཀུན་ཏུ་རྗེས་སུ་ཟུངས།།

      ཞེས་པའང་བཀའ་དྲིན་བཞི་རྫོགས་ཀྱི་དཔལ་ལྡན་རྩ་བའི་བླ་མ་དམ་པ་རྒྱབ་འོབས་༧ཁྱུང་མོ་བསྟན་འཛིན་དབང་གི་རྒྱལ་པོ་མཆོག་གི་སྐུ་ཡི་བཀོད་པ་རེ་ཞིག་དབྱིངས་སུ་བསྡུས་པ་ཐོས་རྗེས་དད་འདུན་དྲག་པོས་རབ་ཏུ་གདུང་ཏེ་འཕགས་ཡུལ་རྡ་རམ་ས་ལའི་གྲོང་ཁྱེར་དུ་ཁྲི་གཡུང་དྲུང་དུ་འབོད་པས་སྤྲང་འཁྱམས་པ་དེས་ཕྱི་ལོ་༢༠༡༣།༡༡།༢༤ཉིན་གྱི་དགོང་མོར་བྲིས་པ་དགེ་གྱུར་ཅིག།

སླར་ཡང་དྲན་བྱུང་།
 ཁོད་སྤུངས་རང་གྲོལ་ཉི་མ།

རླབས་ཆེན་ཐུགས་བརྩེ་རིས་མེད་འགྲོ་ལ་བཏབ།།
རླབས་ཆེན་བཞེད་དོན་བསྟན་པའི་སྲོག་ཏུ་ཆགས།།
རླབས་ཆེན་བསྟན་འགྲོ་དོན་གཉིས་ཁུར་འཁྱེར་བའི།།
རླབས་ཆེན་མཛད་འཕྲིན་བཟང་པོ་སླར་ཡང་དྲན།།

ཀ་དག་ལྷུན་རྫོགས་གཉུག་མའི་གཤིས་ཀྱི་ལུགས།།
རིགས་རྟོགས་སྒྲིབ་མེད་འོད་གསལ་ཆེན་པོ་ཉིད།།
གདོད་མའི་མགོན་པོའི་རྒྱལ་སར་མངོན་ཕྱུང་ཡང་།།
བདེ་གཤེགས་མི་ཡི་རོལ་གར་སླར་ཡང་བསྒྱུར།།


རྒྱལ་ཀུན་བསྡུས་གཟུགས་རྒྱ྄༵ལ་བ་ཀུན་གྱི་ཚ༵བ།།
རྒྱལ་སྲས་ཐུ་བོ་འཕགས་མཆོག་ཀུན་ཏུ་བཟང་།།
རྒྱལ་བ་ལྷ་ཡི་ཐུགས་སྟོབས་དཔའ་མངའ་བའི།།
རྙིང་དུས་འདྲེན་པ་ཆེན་མོ་སླར་ཡང་དྲན།།


བསྟན་པའི་སྙིང་ཁུང་བསྟ༵ན་གསུམ་རྩེ་རུ་འཛི༵ན།།
བསྟན་དོན་འགག་མེད་བོན་དབྱངས་ཕྱོགས་སུ་བསྒྲགས།།
བསྟན་པའི་རྒྱལ་མཚན་སྲིད་ཞིའི་ཁྱོན་ལ་བསྒྲེངས།།
མི་འཇིགས་སྐྱབས་སྦྱིན་ཆེན་མོ་སླར་ཡང་དྲན།།


གཤེན་བསྟན་ལུང་རིག་དབ༵ང་པོ་ཀུན་ལས་རྒྱ༵ལ།།
གཤེན་ལུགས་ཚུལ་བཞིན་སྐྱོང་གི་རྒྱལ་བའི་བུ།།
གཤེན་རབས་མཚན་གྱི་སྙན་པ་ཅིས་མི་འབོད།།
ཨ་ཧོ་སྲིད་ཞི་མགོན་པོ་སླར་ཡང་དྲན།།


གང་འདུལ་ཐབས་མཁས་སྣ་ཚོགས་སྤྲུལ་བའི་གར།།
ཅི་ཡང་བསྒྱུར་མཛད་རྒྱལ་བ་གོང་མའི་ཚུལ།།
དེ་བཞིན་རྗེ་ཉིད་གདུལ་བྱ་གཞན་མགོན་དུ།།
རེ་ཞིག་གཤེགས་པར་བདག་སོགས་ཉམ་ཐག་ལུས།།


ཁེ་ཞན་དབང་ཆུང་བདག་སོགས་འགྲོ་ཁམས་སུ།།
མི་འགྱང་ལ་མོར་བྱོན་ཞིག་ཚེ་རབས་མགོན།།
བརྩེ་ཆེན་ཐུགས་རྗེས་ཟུངས་ཤིག་སྐྱབས་ཀྱི་དྭངས།།
ས་གསུམ་འགྲན་བྲལ་ཁྱེད་ལ་རྟག་ཏུ་རེ།།


ཡང་སྤྲུལ་ཉི་གཞོན་བསྟན་འགྲོ་ལྷག་སྐལ་དུ།།
མི་མཇེད་ཞིང་དུ་སླར་ཡང་འཆར་བར་ཤོག།
མཛད་དོན་སྟོང་གསུམ་ཁམས་སུ་འགེངས་པར་ཤོག།
བདག་སོགས་འགྲོ་དག་འཁོར་མཚོ་སྒྲོལ་ཅིག་གུ།།


      ཁོད་སྤུངས་རང་གྲོལ་ཉི་མ་རུ་འབོད་པས་སོ་ཅུ་པདྨོ་སྙིང་ཁར་ཟླུམ་སྟེ་གསོལ་བ་ཕུད་ཚུགས་སུ་བཏབ་སྟེ་༢༠༡༣ལོའི་ཟླ་༡༡པའི་ཚེས་༢༦ཉིན་ཁམས་མི་ཉག་དར་རྩེ་མདོ་རུ་སྦྱར་བར་བླ་མའི་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་པའི་རྒྱུར་གྱུར་ཅིག་གུ།

བཅོས་མིན་རྗེས་དྲན་ཚིགས་སུ་བསྟར་བའི་ཕྲེང་བ།
དགེ་བཤེས་བསྟན་འཛིན་སྦྱིན་པ།

      སྣང་བ་འདི་འོད་དུ་གྱུརད་ཅིང་། །སེམས་པ་འདི་སྟོང་སང་ཡིན་ཀྱང་། །ཆགས་ཞེན་གྱི་དཔུང་ཚོགས་འཐུག་ཅིང་། །ཟང་ཟིང་གི་འདུ་འཛི་རྒོད་པས། །སྐྱོ་གདུང་ལ་ཟད་མཐའ་མེད་དུས། །འཇིག་རྟེན་ལ་ཞེ་ཁྲེལ་སྐྱེ་འོང་། །ང་འཛིན་གྱི་ཐག་པས་བཅིངས་པའི། །ང་རང་ཚོའི་སྡུག་བདེན་ཕུང་པོ། །ཡོད་མེད་ལ་ཁྱད་པར་དེ་ཙམ། །ཐམས་ཅད་ལ་དྲོད་སྐྱིད་སྩོལ་བའི། །སྐྱེས་ཆེན་ཚོའི་ཐུགས་བསྐྱེད་ཉི་ཟླ། །སྒྱུ་ལུས་དང་ཟུང་དུ་ཞུགས་ནས། །འཛམ་གླིང་འདིར་འཚོ་ཞིང་བཞེས་དུས། །བྱམས་སྙིང་གི་ཟེར་ཐག་འཁྱུད་པའི། །སྐྱབས་འབངས་ཚོའི་སེམས་ཁམས་གསོན་པོ། །དྲོད་སྐྱིད་ཀྱི་ཚོར་བས་བཟི་ནས། །འདི་སྣང་གི་ཞིང་ས་གཤིན་པོར། །བཤད་སྒྲུབ་ཀྱི་ས་བོན་བཏབ་སྟེ། །དམར་སེར་གྱི་ནབ་བཟས་ཚོས་པའི། །སློབ་གཉེར་བའི་མི་ཚེའི་རིན་ཐང་། །ཐོས་བསམ་གྱི་གནས་ལ་བྱས་ཤིང་། །ཟབ་གདམས་ཀྱི་སྦྲང་ཆར་འཇོ་བཞིན། །ཕྱོགས་མེད་ཀྱི་རིག་གཞུང་རྒྱ་མཚོ། །འཆད་རྩོད་ཀྱི་སྐྱ་བས་བསྲུབས་ཏེ། །མེས་པོ་ཚོའི་རྐང་རྗེས་འདེད་དུས། །སྒོམ་རྟོགས་ཀྱི་ནོར་བུ་ལོན་ནས། །རང་ཚུགས་ཀྱི་རྐང་པ་བཙུགས་འདུག །འཕྲིན་ལས་ཀྱི་ཆ་ཤས་རེ་ཡིས། །བདེན་དོན་དང་ལོ་རྒྱུས་གླེང་བཞིན། །ལྟོས་བཅས་ཀྱི་འགྲོ་བའི་དད་སེམས། །གཞན་ཕན་གྱི་བློ་ཡིས་ཕྱེས་ནས། །ཤེས་ཡོན་གྱི་གླེང་ཁར་བཙུད་ཅིང་། །དགེ་སྡིག་གི་མེ་ལོང་བསྟན་དུས། །བཟང་ངན་ལ་བླང་དོར་ཤེས་ཤིང་། །སྤྱོད་ལམ་ལ་ཚུགས་ཀ་དོད་པའི། །བུ་རབས་དང་ཚ་རྒྱུད་མང་པོར། །བསྐྱེད་བསྲིང་གི་ནུས་པ་སྨིན་ཚེ། །སྤྱི་ཚོགས་འདི་འོད་ཀྱིས་འགེང་ངེས། །
      འོན་ཀྱང་། འཇིག་རྟེན་འདི་བརྟན་ཚུགས་མེད་ཅིང་། །དུས་བཞི་ཡི་འཕེལ་འགྲིབ་རྒོད་པས། །ཉི་ཟླ་ཡང་ནུབ་ཏུ་བཞུད་ལ། །སྐར་མ་ཡང་མཁའ་ནས་ཡལ་ཏེ། །སྣང་བ་ལ་མུན་པ་འཐིབ་དུས། །དཀར་ནག་གི་ལམ་ཁ་རུབ་པའི། །དམུས་ལོང་གིས་རྒྱལ་ཁམས་ཁེངས་ཚེ། །སྐྱེས་ཆེན་ཚོས་མཛད་པ་བསྡུ་ཏེ། །དག་ཞིང་གི་འཇའ་འོད་ཀློང་དུ། །མཁའ་འགྲོ་ཚོས་བསུ་མ་ཞུ་བཞིན། །རིག་འཛིན་གྱི་གནས་གྲལ་ཕེབས་འགྲོ། །
       ཀྱེ་མ། དྲོད་སྐྱིད་ཀྱི་ཚོར་སྣང་མེད་ཅིང་། །འཇིག་རྟེན་གྱི་བོན་ལ་དད་པའི། །ལས་ངན་གྱི་དྭ་ཕྲུག་ཁྱུ་ཞིག །ང་རྒྱལ་དང་ཁེངས་དྲེགས་འཚོལ་བཞིན། །ཁ་ཕོ་དང་འུད་རྗེས་འབྲངས་ནས། །རང་ཁེ་དང་གཞན་ཕམ་ཁྲོད་དུ། །མགོ་མཇུག་དང་ཉིན་མཚན་ལྡོག་ཏེ། །མུན་ཁྲོད་དུ་གཅེར་བུར་ལུས་དུས། །རྗེ་བཙུན་ཚོས་དག་ཞིང་ཀློང་ནས། །ཐུགས་རྗེ་ཡི་ཟླ་འོད་བསྟན་ཡང་། །དད་དམ་གྱི་རྩ་བ་རུལ་ན། །བྱམས་སེམས་ལ་སྙིང་པོ་མེད་དོ། །
       ཀྱེ་ཀྱེ། རྗེས་འཇུག་གི་སྟག་སེང་ཁྱུང་འབྲུག །ལྷག་བསམ་གྱི་འོ་མ་འཐུང་སྟེ། །མཐུན་སྒྲིལ་གྱི་གསེར་ཐག་བཟུང་ནས། །བཤད་སྒྲུབ་ཀྱི་ལྕགས་ཐག་སྲ་མོས། །གཤེན་རབ་ཀྱི་དར་ཆེན་བསླང་ཤོག །རིག་གནས་ཀྱི་རྒྱ་མཚོ་བསྐྱིལ་ཤོག །རྗེས་དྲན་གྱི་མཆོད་པ་ངོ་མ། །དེའི་ལྷག་ཅིག་མེད་པ་ཚོར་སྐབས། །རང་གཞན་གྱི་བསམ་ཚུལ་རྗེན་པ། །ཁ་སྔ་དང་ལག་མགྱོག་ཚུལ་དུ། །ལྷུག་ལྷུག་ཏུ་འདི་རུ་བྲིས་ཐལ། །བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན་ནོ། །
       ཞེས་༧སྐྱབས་རྗེ་རྩ་བའི་བླ་མའི་བཀའ་དྲིན་གྱིས་དོན་ལྡན་གྱི་བླ་མ་ཐམས་ཅད་ལ་ཕྱོགས་མེད་ཀྱི་དག་སྣང་ཅུང་ཙམ་ཐོབ་པ་བདག་གིས་མ་མཇལ་ཡིད་ཀྱི་དད་པས་ཟིན་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྒྱལ་འོབས་རིན་པོ་ཆེ་ཞིང་ཁམས་སུ་ཕེབས་པའི་དགུང་ཞག་ལྔ་པར་གདུང་སེམས་མྱ་ངན་ཞུ་བཞིན་བསྟན་འཛིན་གྱི་སྐྱེས་ཆེན་སྤྱི་ལ་ཁྱབ་པའི་རྗེས་དྲན་གྱི་ཚུལ་དུ་ནར་མར་བྲིས། མེ་ལོང་ནས་ཕྱི་ལོའི་༢༠༡༣ཟླ་༡༡ཚེས་༢༥ལ།

གསེར་གྱི་ཉི་མ།
རེབ་གོང་ནམ་མཁའ།

རབ་བརྗིད་བསྟན་པའི་གསེར་གྱི་ཉི་མ་ཆེ།།
རེ་ཞིག་ས་འཛིན་ནུབ་རིའི་ཕག་ཏུ་ཡིབས།།
འཁོར་འདས་དབང་བསྒྱུར་ཡང་སྤྲུལ་གཞོན་ནུ་མཆོག།
མྱུར་དུ་བྱོན་ལ་རྒྱལ་བས་དབྱིངས་ནས་གཟིགས།།

ང་ཡི་བླ་མ་ཡིད་བཞིན་ནོར་བུ་མཆོག།
མཁའ་མགྲོའི་རོལ་མོ་ཚོགས་བཅས་དབྱིངས་ལ་གཤེགས།།
བླ་མ་ཁྱེད་ནི་འཁོར་འདས་རང་དབང་བསྒྱུར།།
མགོན་མེད་དྭ་ཕྲུག་གང་སར་ངེས་མེད་རྒྱུ།།

གླིང་འདིར་བསླབ་གསུམ་སྡོམ་བརྩོན་དྲང་སྲོང་ཁྲི་གཙུག་རྒྱལ་བའི་ཚབ།།
མགོན་ཁྱེད་གཞན་ལས་ས་གསུམ་གང་དུ་བཙལ་ཡང་རྙེད་མི་འགྱུར།།
ད་ནི་ཅི་བྱ་སྙིགས་དུས་སློབ་བུ་འགྲོ་བ་མཐའ་དག་ལ།།
སྡོམ་ཁྲིམས་གསེར་གྱི་གྲུ་གཟིངས་ཁ་ལོ་བསྒྱུར་ལ་མྱུར་དུ་མཁོ།།

མཁས་པ་བརྒྱ་ཡི་ལྗག་རྩེའི་སྣེ་མོ་རེ་ཞིག་ལྐུགས་པའི་བརྟུལ་ཞུགས་འཆང་།།
བཙུན་པ་སྟོང་གི་སྡོམ་ཁྲིམས་མཚོ་ལ་ཁ་གསབ་ཐིགས་ཀྱི་ཕྲེང་བ་འགག།
བཟང་པོ་ཁྲི་ཡིས་ཡ་རབས་སྤྱོད་པ་ཟབ་མོའི་སློབ་སྟོན་མན་ངག་ཆད།།
བུ་སློབ་འབུམ་གྱིས་གདུང་བ་གཅིག་བསྡུས་གོད་ཆག་ཟབ་ལ་མྱུར་འབྱོན་ཀྱེ།།

གདུང་སེམས།
ཁྱུང་ཟླ།

སྙིང་ལ་གཟན་པའི་བརྡ་འཕྲིན་ཅིག་གིས།། སེམས་པ་རྦ་ཀློང་བཞིན་དུ་དཀྲུགས་ཐལ།།
སྐྱབས་མགོན་ཡིད་བཞིན་དབང་གི་རྒྱལ་བོ།། དབྱིངས་སུ་གཤེགས་པ་བཟོད་ཐབས་མི་འདུག།

འགྲོ་ལ་མི་རྟག་དཔེ་རུ་བསྟན་པ།། བློ་ལ་ངེས་ཀྱང་གློ་བུར་རྐྱེན་ངན།།
ཡིད་ཀྱིས་མ་ཐེག་གདུང་བའི་མཆི་མ།། ཚོད་ཀྱིས་མ་ཟིན་ཤམ་ཤམ་བཞུར་སོང་།།

མྱུར་བར་མལ་ལས་ཡར་ལ་ལངས་ཏེ།། རང་ཤག་རྟེན་གསུམ་མཆོད་ཁང་ནང་ནས།།
མར་མེ་སྤོས་དང་ཕྱག་སྨོན་སོགས་ཀྱིས།། མཆོག་གསུམ་ཞིང་དུ་སྙིང་ནས་བསྔོས་སོ།།

སྐྱོ་གདུང་གི་འབོད་སྒྲ།
དགེ་བཤེས་འཇམ་མེ།

༧ གཞི་མེད་ཀ་དག་ཆེན་པོའི་ཀློང་ཡངས་ནས། །སྤྲོས་མེད་བདེ་བ་ཆེན་པོའི་ཞིང་ཁམས་སུ། །
ངལ་མེད་བདེ་བར་གཤེགས་པའི་བླ་མ་མཆོག །མགོན་མེད་སློབ་བུའི་སྙིང་ཁར་ནམ་ཡང་བཞུགས། །

༧ གདུལ་བྱའི་བདེ་སྡུག་ཕྲ་རགས་མཐོང་བའི་མགོན། །ཉམ་ཆུང་སྤྱོད་པའི་གཤིས་ཀ་བཟང་བོ་དེས། །
གདུལ་བྱའི་བླ་ཡིད་སེམས་གསུམ་འགུག་པའི་མཐུ། །སངས་རྒྱས་བྱོན་ཀྱང་ཁྱད་པར་ཡོད་དམ་ཅི། །

༧ མཆོག་གསུམ་ངོ་བོ་གཅིག་བསྡུས་བླ་མ་རྗེ། །ས་གསུམ་གདུལ་བྱའི་ཞིང་དུ་མ་བཞུགས་པར། །
གནས་གསུམ་དག་པའི་ས་ལ་གཤེགས་ན་ཡང་། །འབངས་རྣམས་དྭ་ཕྲུག་ལུས་ལ་སྙིང་རྗེས་གཟིགས། །

༧ ཁྱེད་ཉིད་བཞུད་པའི་ཉི་མ་དེ་ནས་བཟུང་། །ཤུལ་ལུས་གདུལ་བྱའི་སྡུག་བསྔལ་དྲགས་པོ་ཡིས། །
ཉིན་མཚན་མེད་པར་མྱ་ངན་ངུ་འབོད་སྒྲས། །སྟོང་གསུམ་ཁེངས་ལ་སྙིང་རྗེས་མྱུར་སྐྱོབ་མཛོད། །

༧ གདུལ་བྱའི་སེམས་ཅན་སྡུག་བསྔལ་སངས་བའི་ཕྱིར། །རིང་བར་མི་ཐོག་རང་ས་གོར་མོའི་ནང་། །
སླར་ཡང་འབྱོན་པའི་གསོལ་འདེབས་དྲག་པོ་ཉིད། །འབངས་མི་ཀུན་གྱིས་གདུང་ཤུགས་ཆེན་པོས་འབོད། །

༧ མཚན་མོའི་རྨགས་རིམ་ཁྲོད་ཀྱི་མི་བུ་ཚོས། །བགྲོད་པའི་ལམ་སྣ་བོར་བ་ཅི་བཞིན་དུ། །
གར་འགྲོ་ངེས་མེད་འཁྱམ་པའི་དྭ་ཕྲུག་ཚོས། །ཐར་བའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །

༧ ཐམས་ཅད་མི་རྟག་ཡིན་པ་བདེན་མོད་ཀྱང་། །ཁ་སང་ཁྱེད་ཉིད་མཇལ་བས་དགའ་བ་སྐྱེས། །
དེ་རིང་གློ་བུར་བཞུད་པའི་སྡུག་བསྔལ་འདི། །བསམ་ཞིང་བསམ་ན་མི་རྟག་སྒོམ་ཐབས་བྲལ། །

༧ ཐམས་ཅད་མི་རྟག་སྒོམ་པའི་རིག་པ་དེ། །རང་གིས་རང་ལ་གསལ་འདེབས་ཅི་བྱས་ཀྱང་། །
བླ་མ་ཁྱེད་ཀྱིས་མི་རྟག་ཚུལ་བསྟན་ཚེ། །རང་སེམས་རང་ལ་ཡིད་མི་ཆེས་པར་གྱུར། །

༧ ཕ་མས་བུ་ཕྲུག་སྐྱོང་བའི་བྱ་སྤྱོད་བཞིན། །བླ་མ་ཁྱེད་ཀྱི་ཐུགས་ཁུར་ཟབ་མོའི་གཤིས། །
སྐད་ཅིག་ཉིད་ལ་ཡར་བས་འཇིག་རྟེན་འདིར། །ཐམས་ཅད་སྟོང་བར་གྱུར་བའི་སྣང་བ་སྟེར། །

༧ གང་གི་ཞབས་རྡུལ་སྤྱི་བོར་ལེན་པ་ཚོས། །སྐུ་གདུང་མདུན་ནས་སྐྱོ་བའི་མིག་ཆུའི་ཕྲེང་། །
ཆད་མེད་བཞུར་བའི་རྣམ་པ་མཐོང་བ་ན། །སུ་ཞིག་ཡིན་ཀྱང་དབང་མེད་སྐྱོ་བས་མནར། །

༧ ཟང་ཟིང་ཆོས་ལ་དུང་བའི་འཇིག་རྟེན་འདིར། །ལྟ་བ་ཡས་ཕུབ་སྤྱོད་པ་མས་འཛེགས་པའི། །
ལུང་དོན་ངོ་མ་སྐྱོང་བའི་བླ་མ་ཞིག །ད་ལྟའི་དུས་ལ་ཁྱེད་དང་རེ་འགའ་ཙམ། །

དགེ་བཤེས་འཇམ་མེ་ནས་༢༠༡༣ལོའི་ཟླ་༡༡ཚེས་༢༩ཉིན་བྲིས།

དག་ཞིང་དུ་བཞུད་པའི་ངའི་རྩ་བའི་བླ་མ།

དགེ་བཤེས་གཡུང་དྲུང་། ཁཱ་ཎ་ཊ།

སྐད་འཕྲིན་གློག་གི་ལམ་ནས་རྨི་ལམ་དང་འགྲོགས་ཏེ།།

ཀྱི་ཧུད་མི་རྟག་སྒྱུ་མའི་གནས་ཚུལ་འདི་ཐོས་བྱུང་།།

རྩ་བའི་བླ་མའི་གཟུགས་སྐུའི་བཀོད་པ་དེ་རྫོགས་པས།།

དྲན་གདུང་ངུ་སྐད་འདྲེས་མའི་མཆོད་ཚིག་ཙམ་སྤྲོས་སོ།།

མཚོ་དྲུག་ཤེས་བྱའི་ཚོགས་ལ་མཁྱེན་རྒྱ་རང་ཆེ་ཞིང་།།

མཚོ་སྐྱེས་ཕྱིན་དྲུག་ཟབ་མོའི་བ་དན་གྱི་རླུང་གིས།།

དགྲ་བཅོམ་དྲུག་གི་ས་རུ་ཡིད་ཅན་ཀུན་འདྲེན་པའི།།

དགྲ་འདུལ་མངོན་ཤེས་དྲུག་ལྡན་ཕྱི་གླིང་ནས་དྲན་སོང་།།

ས་གསུམ་སྲིད་པའི་རྒྱལ་ཁམས་རྩ་གསུམ་གྱི་ཞིང་དུ་།།

རྣམ་གསུམ་མཁས་བའི་བྱ་བར་ནང་བྱན་རང་ཆུབ་པའི།།

ཁམས་གསུམ་འགྲོ་ལ་བརྩེ་བའི་འོད་དཀར་གྱི་ཟུར་མིག།

སྲིད་གསུམ་ཟིལ་གྱིས་ནོན་པའི་བླ་མ་དེ་མཁྱེན་ནོ།།

ཚུལ་གསུམ་ཚང་ཚིང་སྟུག་པོའི་ཤེས་བྱ་ཡི་ཁྲོད་དུ།།

ཚུལ་ཁྲིམས་གསུམ་གྱིས་ཕྱུག་པའི་ཁུ་བྱུག་གི་གདངས་ཀྱིས།།

དུས་གསུམ་གཏན་དུ་འཁྱམ་པའི་མཁའ་འགྲོ་ཡི་ཚོགས་ལ།།

དུས་ཀུན་གསང་གསུམ་སྒྲོག་པའི་བླ་མ་དེ་མཁྱེན་ནོ།།

སྙིགས་མ་ལྔ་བདོའི་ཐ་ཤལ་དཔྱིད་ངན་གྱི་དུས་སུ།།

སྙིགས་ལུས་དུག་ལྔའི་གཟུགས་ཅན་འགྲོ་དྲུག་གི་ཚོགས་ལ།།

ལམ་ལྔ་དབྱར་གྱི་མེ་ཏོག་འཛུམ་ཟེར་གྱིས་བསུས་པའི།།

ལམ་མཁན་སྐུ་ལྔའི་བདག་པོའི་ཞལ་རས་དེ་འཁོར་སོང་།།

གསལ་སྒྲོན་སེམས་ཀྱི་རང་མདངས་ཉག་གཅིག་གི་ཁམས་སུ།།

གསལ་བྱེད་དཀར་པོ་གཅིག་ཐུབ་གདམ་ངག་གི་དེད་དཔོན།།

རྗེ་གཅིག་གསེར་གྱི་མེ་ཏོག་གང་ས་རུ་འཁྲུངས་པར།།

རྗེ་བཙུན་བླ་མའི་སྙིང་རྗེའི་རྗེས་བཞག་དེ་དྲན་སོང་།།

      ཞེས་པ་འདི་ཡང་ནུབ་ཕྱོགས་ཁཱ་ཎ་ཊའི་རྒྱལ་ཁབ་ནང་དུ་གཏན་གཞིར་བྱས་ཡོད་པའི་བོན་ཚོགས་ཤེས་རབ་བྱམས་མ་གླིང་གི་དབུ་འཛིན་དགེ་བཤེས་གཡུང་དྲུང་ནས་དད་གདུང་དྲག་པོའི་ངང་ཐོལ་བྱུང་དུ་མཆོད་འབུལ་གྱི་ཚུལ་དུ་རྩ་བླ་མའི་ཡོན་ཏན་དང་བྱིན་རླབས་སོགས་ཡིད་ལ་བཅོས་མིན་དུ་དྲན་སྟེ་གུས་པས་བསྔགས་ཚིགས་སུ་སྡེབ་པ་དགེ་གྱུར་ཅིག

བརྩེ་གཟིགས་གསེར་ཆེན་མེ་ཏོག
ཁྲི་བདེ་མཆོག

༡༽བསྟ༵ན་པའི་སྙིང་པོ་སྡོམ་གསུམ་གདུགས་དཀར་པོ།།
འཛིན༵་མཁས་གྲུབ་བརྒྱའི་དབུས་ན་ཁྱད་དུ་འཕགས།།
དབ༵ང་ལུང་གདམས་ངག་བདུད་རྩིའི་མཛོད་གྱུར་པའི།།
རྒྱ༵ལ་ཚབ་ཆེན་པོའི་ཞབས་ལ་གསོལ་བ་འདེབས།།
༢༽བྱམས་དང་བརྩེ་བའི་ཟེགས་མ་རེ་རེར་ཡང་།
ཕན་བདེའི་གྲིབ་བསིལ་འཛད་མེད་འཇོ་བའི་ཟླ།།
ཉམ་ཆུང་ཀུ་མུད་ཚལ་ཆེན་ཡོངས་བཏང་ནས།།
དགོངས་པ་ཞིང་གཞན་གཏད་པ་ཡིད་རེ་སྐྱོ།།
༣༽རྒྱལ་ཀུན་མཁྱེན་བརྩེ་མི་ཡི་ཤ་ཚུགས་སུ།།
དངོས་སུ་བྱོན་ནས་བསྟན་དང་འགྲོ་བའི་དོན།།
དཔག་མེད་མཛད་པས་སངས་རྒྱས་རློན་པ་ཞེས།།
མཆོག་དམན་སྐྱེས་པོའི་ངག་ན་གཅིག་ཏུ་གྲགས།།
༤༽མགོན་ཁྱེད་དགོངས་པ་ཞིང་གཞན་གཏད་པ་ནས།།
ལྟོས་བཅས་གདུལ་བྱའི་མྱ་ངན་གདུང་འབོད་སྒྲས།།
གནམ་ས་བར་སྣང་ཁྱོན་རྣམས་གང་བྱས་པས།།
བརྩེ་གཟིགས་གསེར་ཆེན་མེ་ཏོག་ཚུལ་དུ་འཛུམ།།
༥༽རྒྱལ་བ་རྣམས་ལ་བསྟན་འགྲོའི་དོན་བྱ་ལས།།
གཞན་མེད་ཕྱིར་ན་གདུལ་བྱའི་པད་ཚུལ་འབུམ།།
སྐྱོང་ཕྱིར་སླར་ཡང་ཉིན་བྱེད་གཞོན་ནུ་ཞིག།།
སྐལ་བཟང་ཡིད་མཁར་མྱུར་དུ་འཆར་བར་ཀྱེ།།

      ཅེས་པའང་དམ་པ་གང་ཉིད་དགོངས་པ་བོན་དབྱིངས་སུ་གཏད་དོ་ཞེས་མི་སྙན་པའི་གཏམ་ངན་རྣ་བར་སློང་ཚེ་མྱ་ངན་གྱིས་གདུང་ན་ལའང་བརྩེ་གཟིགས་རྟེན་འབྲེལ་གྱི་མེ་ཏོག་སྣ་ཚོགས་བཞད་པའི་བཀའ་དྲིན་བསམ་བཞིན་མི་ཕྱེད་དད་པའི་ཕྱག་བཅས་གདན་ས་༧སྨན་རིའི་གླིང་དུ་ཁྲི་བདེ་མཆོག་གམ་ཁྲི་སྤྲེལ་སླག་ཅན་དུ་འབོད་པས་སྦྱར་པ་དགེའོ།། 2013.11.29

རྗེས་དྲན་མིག་ཆུའི་ཐིགས་པ།
དུང་དཀར་ནམ་མཁའ།

རྒྱལ་ཀུན་མཁྱེན་བརྩེའི་མཁའ་དབྱིངས་ལས།། གང་སྐུ་མཚན་བཟང་ཉི་གཞོན་ཤར།།
རིས་མེད་སྙིང་རྗེ་ཚ་ཟེར་གྱིས།། གྲངས་མེད་གདུལ་བྱ་བདེ་དྲོད་སྦྱིན།།
བསླབ་གསུམ་མཛོད་འཛིན་དམ་པ་མཆོག།། ཚུལ་ཁྲིམས་གཙང་མའི་ནོར་གྱི་ཕྱུག།།
བརྩེ་བ་ཆེན་པོའི་ཕྱག་ཟུང་གིས།། འགྲོ་ལ་སྦྱིན་མཁས་མགོན་དེར་འདུད།།
གསང་གསུམ་མཛོད་འཛིན་བླ་མ་ཁྱེད།། བདུད་བཞིའི་གཡུལ་ལས་རྒྱལ་ན་ཡང་།།
རྟག་འཛིན་འགྲོ་ལ་སུན་ཕྱུང་ཕྱིར།། མི་རྟག་ཚུལ་བསྟན་མྱ་ངན་འདས།།
མགོན་ཁྱེད་མཁའ་སྤྱོད་ཞིང་མཆོག་ལ།། ཞི་བར་གཤེགས་པའི་ཉིན་ནས་བཟུང་།།
བདག་སོགས་མ་གྱུར་སེམས་ཅན་རྣམས།། མགོན་མེད་མ་མེད་དྭ་ཕྲུག་བཞིན།།
མཁའ་སྤྱོད་ཞིང་གི་མགོན་པོ་ཁྱེད།། བདག་སོགས་མ་གྱུར་སེམས་ཅན་རྣམས།།
ཐར་བའི་ས་ལ་འདྲེན་པའི་ཕྱིར།། ཡང་སྤྲུལ་ཉི་གཞོན་མྱུར་འཆར་ཤོག།།

      ཅེས་པ་འདི་ཡང་རྒྱལ་གཤེན་བསྟན་པའི་བདག་པོ་སྐྱེ་རྒུའི་སྤྱི་མགོན་ཆེན་པོ་༧རྒྱ་འོབས་ཁྱུང་མོ་བསྟན་འཛིན་དབང་གི་རྒྱལ་པོ་མཆོག་སྐུ་མྱ་ངན་ལས་འདས་པར་རྗེས་དྲན་དུ་ས་མཐའི་འཁྱམས་པོ་དུང་དཀར་ནམ་མཁའ་ནས་དྲིན་ཆེན་བླ་མ་དྲན་པའི་སྐྱོ་གདུང་ངང་དད་ཕྱག་དང་བཅས་ཕུལ།

རྗེས་དྲན་ལྷོ་མཐའི་སྨྲེ་ངག
ཤེས་རབ་བསམ་འཕེལ། སྨན་རིའི་གླིང་།

མགོན་གང་གིས་ཞིང་གཞན་གཟིགས་ཏེ།། སྐུ་མི་རྟག་མྱ་ངན་འདས་ཞེས།།
གཏམ་མི་སྙན་རྣ་བར་ལྷུང་བས།། སྙིང་དམར་པོ་ཚལ་བར་གཤགས་འདྲ།།
ཚིག་སྐམ་པོ་ནོར་ཏུ་རློམ་ནས།། མི་ཚེ་འདིའི་ཕྱེད་ཀ་རྫོགས་སོང་།།
དོན་ཟབ་མོ་ཉམས་སུ་མ་མྱོང་།། རྗེ་བླ་མའི་གསེར་ཞལ་མ་མཇལ།།
རྩིས་རྩིས་ནས་གྲངས་ཀ་འཆུགས་སོང་།། རྒྱུག་རྒྱུག་ནས་གོམས་ཁ་འཁྱོར་སོང་།།
ཡིད་བཞིན་གྱི་ནོར་མཆོག་དེ་ནི།། མི་མངོན་གྱི་དབྱིངས་སུ་གཤེགས་སོང་།།
རྟག་འཛིན་ཅན་གྱི་འཁྲུལ་བ་བཅོམ་ཕྱིར།། སྐུ་མངོན་སྣང་བཀོད་པ་བསྡུས་ཏེ།།
རྗེ་བླ་མས་འགྲོ་དོན་གྲུབ་ནས།། གནས་འོག་མིན་ཞིང་དུ་གཤེགས་སོང།།
ཁོར་ཡུག་འདི་མུན་པས་གཡོགས་འདུག ས་ཆེན་པོ་འཁྱག་གིིས་བསྡམས་སོང་།།
དགུང་ཉི་མ་རི་ལ་ནུབ་དུས།། སེམས་པ་འདི་སྐྱོ་བའི་གང་ཡོད།།
རྗེ་བླ་མ་བཀའ་དྲིན་ཅན་པོས།། ལས་སྐལ་ལྡན་བོན་འབང་ཡོངས་ལ།།
དོན་ཐེག་ཆེན་གདམས་ངག་ཟབ་མོ།། མ་ཡུམ་ཆེན་ཀློང་ནས་རྩོལ་ཡོད།།
དད་དམ་ཚིག་གཙང་མར་བཟུང་ནས།། དུས་ཆགས་མེད་སྨོན་ལམ་བཏབ་པས།།
མ་ཉམས་ཐག་འགྲོ་དྲུག་ཡོངས་ལ།། ཐུགས་བརྩེ་བས་ཀློང་ནས་གཟིགས་ཤིག
དགྲ་གཉེན་ལ་བྱམས་སྡང་དབེན་ཞིང།། ཐབས་ཕྱིན་དྲུག་ཚུལ་བཞིན་སྤྱོད་པའི།།
བྱམས་སྙིང་རྗེའི་བདག་ཉིད་ཆེན་པོ།། སླར་མྱུར་དུ་ཤར་བར་མཁྱེན་ནོ།།

      སྤྱི་ལོ༢༠༡༣-༡༡-༢༤ཡི་དགོང་མོར་དམ་པ་གང་གི་ཐུགས་རྗེའི་སྐྱབས་འོག་སུ་ཚུད་པའི་སློབ་འབང་ཡོངས་ཀྱི་གྲྭལ་མཐའ་བ་ཤེས་རབ་བསམ་འཕེལ་ལམ་ཡར་འཕེལ་གྱིས་རང་ཤག་ནས།

ཕྱིར་ལ་གཟིགས།
སྣང་རྒྱལ་མཆོག་བཟང་། སྨན་རིའི་གླིང་།

ཚོགས་གཉིས་ཡོངས་སུ་རྫོགས་པའི་རྨད་བྱུང་ཕུལ་ཕྱིན་དམ་པའི་འབྲས།།
མེད་པ་ལྔ་དང་ལྡན་པའི་སྤྲོས་པ་ཡོངས་བྲལ་བོན་སྐུའི་གཤིས།།
སྐྱེ་དགུ་འགྲོ་དྲུག་ཀུན་ལ་བྱམས་དང་སྙིང་རྗེ་ཀུན་ནས་གཟིགས།།

རྒྱུད་གསུམ་མངའ་བདག་འདྲེན་པའི་སྟོན་པ་མི་ཡི་རྣམ་རོལ་རྗེ།།
 

རྩོལ་མེད་བདེ་ཆེན་ཞིང་དུ་དག་པ་གསུམ་གྱི་ལམ་ཆེན་ནས།།
མ་དག་སྐྱེས་བུས་སྣང་མིན་རིག་འཛིན་དམ་པའི་ཞིང་ཁམས་སུ།།
ལྷོད་ཀྱིས་ཕེབས་པའི་བརྒྱ་ཡི་དམིགས་འཛིན་སྲིད་གསུམ་འགྲོ་བའི་མགོན།།
རྒྱང་ནས་རྒྱང་དུ་མ་བཞུད་སླར་ཡང་འདི་རུ་ཕྱིར་ལ་གཟིགས།།

 

དུག་གསུམ་རླངས་པ་འཐུལ་པའི་མ་དག་འཇིག་རྟེན་མུན་ཚོགས་སུ།།

སྔོན་བསགས་ལས་དང་ཐུགས་རྗེས་བཞད་པའི་སེམས་དཔའ་སྣང་བའི་མགོན།།
ཐབས་ཤེས་གཤོག་ཟུང་རྡེབ་ནས་ཞིང་ཁམས་གཞན་དུ་གཟིགས་རྟོགས་སུ།།
མ་ཕེབས་རང་ཡུལ་གོར་མོ་ཕྱིར་ལ་གཟིགས་པར་སྙིང་ནས་འབོད།།
 

གཙུག་གི་རྒྱན་གཅིག་ཉི་མ་གཞོན་ནུ་ཁྱེད་ཉིད་ཕེབས་ཤུལ་དུ།།
གདུལ་བྱས་རང་སེམས་དྲོད་མོ་ཚོར་མེད་རྡོ་ལྟར་གྲང་ཤུམ་ཤུམ།།
རྡོ་ཡི་སྲུབས་ཀ་དེ་ནས་སྐྱོ་བའི་མཆི་མ་གྲངས་མེད་འཐོར།།
དྭ་ཕྲུག་ཐུགས་རྗེས་གཟིགས་ཤིང་བགྲོད་པའི་ལམ་ལ་འགོད་པར་མཁྱེན།།
 

རང་ཕྱོགས་གཅེས་འཛིན་མི་མངའ་རིས་མེད་སེམས་ལྡན་འགྲོ་ཀུན་སྐྱོངས།།
དགོངས་རྟོགས་བླ་མེད་ཐེག་པར་མཉམ་ཅིང་སྤྱོད་པ་མས་ཡར་འདེགས།།
གདུལ་བྱའི་རྟག་འཛིན་ཟློག་ཕྱིར་སྒྱུ་མའི་སྐུ་འདི་མི་རྟག་ཚུལ།།
བསྟན་ཅིང་རོལ་བའི་དངོས་ཅན་མི་རྟག་སྒོམ་པ་ག་ལ་ཐུབ།།

སྐྱོ་གདུང་གི་རླབས་ཀྱིས་སྐྱོད་པའི་དད་སེམས་ཀྱི་མིག་ཆུ།
རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།

ཀ་ནས་ཡང་དག་གཞི་ཡི་གནས་ལུགས་དབྱིངས་ཤེས་དབྱེར་མེད་རོ་གཅིག་ཀྱང་། །
ཁ་དོག་མ་འདྲེས་འོད་གསལ་དབྱིངས་སུ་ཡེ་ལྔ་ལྷུན་གྱིས་གྲུབ་པའི་དཔལ། །
ག་ཤལ་མཚན་དཔེ་བསླབ་གསུམ་རྒྱན་ལྡན་ངུར་སྨྲིག་རྒྱལ་མཚན་འཛིན་པ་ཅན། །
ང་ཡི་བླ་མ་གཡུང་དྲུང་འཆང་ཆེན་དུས་གསུམ་རྒྱལ་བའི་གདུང་འཚོབ་ཉིད། །
ཅ་ཅོའི་གཏམ་མིན་སྒྱུ་ལུས་མངོན་བྱས་ཀུན་ཁྱབ་འདུས་མ་བྱས་ཀྱི་ངོར། །
ཆ་ཤས་ཕྲ་རགས་གཉུག་མའི་ཀློང་ཐིམ་མཉམ་ཉིད་བོན་སྐུའི་རྗེས་སོང་ཡང་། །
ཇ་མདངས་གོས་ཀྱིས་རྣམ་པར་བརྗིད་ཅིང་བཞིན་ལེགས་གཟུགས་སྐུའི་བཀོད་པ་རུ། །
ཉ་གང་ཟླ་བའི་དཔལ་འཛིན་སྐུ་མཆོག་གློ་བུར་གཟིམ་འདི་སུ་ཡིས་གཟོད། །
ཏ་ལེ་སྡོང་བོ་རྨང་ནས་རྐམ་ལྟར་བདག་སོགས་འགྲོ་ཀུན་མགོན་གྱིས་སྐྱུར། །
ཐ་ཐོར་རི་ཀླུང་འཁྱག་གིས་བསྡམས་ཤིང་བརྟན་གཡོའི་སྣང་ཁམས་མོག་པར་བྱས། །
དྭ་ཕྲུག་སློབ་ཚོགས་ས་ན་འགྱེལ་བཞིན་སྨེ་ངག་མཆི་མ་མཚོ་རུ་བརྡོལ། །
ན་འདམ་སྤང་གཞོངས་གངས་རིའི་འཇིག་རྟེན་མྱ་ངམ་བྱེ་མའི་ཐང་དུ་སྣང་། །
པ་སངས་འོད་ཀྱིས་འཇིག་རྟེན་གསལ་ཡང་བདག་སྙིང་མུན་པའི་ཀླུང་ལ་འཐོམ། །
ཕ་མ་གཉིས་འཛོམས་ཡིན་པས་སྐྱིད་ཀྱང་འོ་དོད་སྐད་ཀྱིས་གནམ་ས་རལ། །
བ་སོ་གཡུ་བྱུར་གང་འདོད་མངའ་ཡང་བླ་ཡིད་སེམས་གསུམ་སྡུག་གིས་མནན། །
མ་དག་གཞན་དབང་འཁོར་བའི་གྲོང་ན་དེངས་ནས་ལམ་སྟོན་སུ་ཡིས་བྱེད། །
ཙཀྲ་ངར་ལྡན་མཚོན་གྱིས་རྨ་ཁ་སྨན་སྦྱོར་བཟང་པོས་གསོ་ནུས་ཤིང་། །
ཚ་གྲང་འཐབ་པའི་གཉན་ནད་དེས་ཀྱང་བཅོས་པའི་གཉེན་པོ་རྙེད་ངེས་ཀྱི། །
ཛ་ཡའི་གདོང་འཚོབ་བར་སྣང་གློག་བཞིན་ཆུ་བུར་མིག་གི་དགའ་སྟོན་ལས། །
ཝ་ལེར་བཞུད་པའི་སྐྱོ་གདུང་རླབས་ཕྲེང་བསྐལ་བའི་མཐར་ཡང་འཇགས་ཐབས་དཔེན། །
ཞྭ་དཀར་རིང་ལུགས་རྨ་མེད་འཛིན་མཁས་ཡང་སྤྲུལ་ཉི་མ་གཞོན་ནུའི་གར། །

ཟ་རིང་མེ་འབར་གང་འདུལ་སྐུར་སྟོན་གྲུབ་བརྒྱའི་གཙུག་གི་རྒྱལ་མཚན་མཆོག །
འ་ཅག་ལྷར་བཅས་མཐའ་ཀླས་འགྲོ་བའི་སྡུག་བསྔལ་གདུང་སེལ་ཟླ་མེད་པར། །
ཡ་མཚན་དཔལ་གྱིས་སྲིད་ཞིའི་མགོན་དུ་སླར་ཡང་ནུབ་མེད་རྟག་འཆར་ཏེ། །
ར་རིས་སྐྱོན་བྲལ་ཚུལ་གསུམ་རིགས་པ་ཚད་མའི་ལམ་ནས་སྨྲ་བྱེད་པའི། །
ལ་བཟླའི་སྙིང་པོ་དྲང་ངེས་ལེགས་བཤད་མདོ་སྔགས་གནད་ཀྱི་གདམས་པའི་ཕུལ། །
ཤ་ཚའི་ཐུགས་ཀྱིས་དུས་ལས་ཡོལ་མེད་འགྲོ་བློར་གང་འཚམ་སྟོན་མཁས་ཤིང་། །
ས་བཅུ་ལམ་ལྔའི་རྒྱལ་ས་ཆེ་ལ་མ་རྣམས་རྩེན་པའི་མཐུ་རྙེད་ཤོག །
ཧ་ཅང་མར་འགྲིབ་དུས་ཀྱི་ཁུག་སོ་སྙིགས་མའི་རང་མཚང་བརྡོལ་བའི་སྐབས། །
ཧ་ལམ་ཙམ་མིན་ནམ་མཁའ་མཁའི་ཁྱོན་ན་རྒྱལ་སྲས་ཨུ་དུམ་ཝ་རའི་ཚུལ། །
ཨ་ཧོ་མཚུངས་མེད་དཔོན་གསས་སྐུར་བསྟན་བདུད་བཞི་བཅོམས་པའི་དབའ་བོ་ཆེ། །
ཨ་མདོ་ཡུལ་དུ་མི་ཡི་སྒྲོམ་བུར་སངས་རྒྱས་མངོན་བཞུགས་བླ་མ་དྲན། །

      ཞེས་པ་འདི་ནི་བཀའ་དྲིན་གསུམ་ལྡན་གྱི་དཔོན་གསས་རྩ་བའི་བླ་མ་དམ་པ་སྙིང་གི་དོ་ཟླ་སྟེ།དོན་གྱིས་སླད་དུ་མཚན་ནས་སྨོས་ན༧སྣང་ཞིག་རྒྱལ་བའི་རྒྱལ་ཚབ་རྒྱ་འོབས་རིན་པོ་ཆེ། རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་བོ་དཔལ་བཟང་པོ་མཆོག་གི་ཞབས་ཀྱི་པད་མོའི་བཀོད་པ་གདུག་བྱ་རྟག་འཛིན་ཅན་གྱིས་ངོར་རེ་ཞིག་བོན་དབྱིངས་སུ་བསྡུས་ཚུལ་བསྟན་ནས་བདུན་ཚིགས་གཅིག་འགོར་བའི་ཉིན་མོར། རྗེ་བླ་མ་དྲན་པའི་སྐྱོ་གདུང་གི་མིག་ཆུ་དབང་མེད་དུ་བཞུར་བ་དང་ཆབས་གཅིག་ཏུ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ནས་རང་ཤག་ཏུ་ནར་མར་བྲིས། ༢༠༡༣ ༡༡ ༢༨ལ།

རྗེས་དྲན་ཞུ་བ།

རྩེ་དྲུག་བསྟན་འཛིན་འོད་ཟེར།

བསླབ་པ་གསུམ་གྱིས་རྒྱུད་རབ་རླན། །
བྱང་ཆུབ་སེམས་དཔའ་མངོན་བྱོན་པ། །
སྐུ་ཚེ་མཐར་ཕྱིན་འགྲོ་དོན་མཛད། །
སླར་ཡང་འགྲོ་བའི་དོན་འབྱོན་སྨོན། །

རྩེ་དྲུག་སྤྲུལ་སྐུ་བསྟན་འཛིན་འོད་ཟེར་ནས་ཕུལ།

སྐྱོ་གདུང་གི་སེམས་འཕྲིན་དཀར་པོ།

སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ།

   ༧དཔལ་ལྡན་རྒྱལ་ཚབ་དམ་པ་༧རྗེ་བླ་མ་རྒྱ་འོབ་བསྟན་འཛིན་དབང་གི་རྒྱལ་པོ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཉིན་དེ་ནས་བཟུང་ངའི་སྐྱོ་གདུང་གི་མིག་ཆུའི་ཕྲེང་བ་རེ་རེས་སེམས་ཀྱི་ཞིང་ས་ཐམས་ཅད་བརླན་གྱིས་ཟིན་ཀྱང་ཡོད་ཚད་ཀྱི་ཡོད་ཚད་སྟོང་སེང་ངེར་གྱུར། ཡིན་ནའང་ཐམས་ཅད་མི་རྟག་པའི་རང་བཞིན་ལ་སུ་ཞིག་གིས་ཟློག་ཐབས་བྲལ་ལ་སུ་ཞིག་གིས་གདོང་ལེན་བྱ་ནུས་སམ་སྙམ་སྟེ་རང་གིས་རང་ལ་སེམས་གསོ་བྱས་པ་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན། ལྷག་པར་དུ་རྗེ་བླ་མ་དམ་པའི་བཀའ་དྲིན་དང་འདས་ཟིན་གྱི་མཛད་འཕྲིན་ཟབ་མོའི་བྱས་རྗེས་ལ་བསམ་བློ་འཁོར་ཚེ་བཟོད་ཐབ་བྲལ་བའི་འཕངས་སེམས་དང་གནོན་ཐབས་བྲལ་བའི་སྐྱོ་གདུང་གིས་ཡོངས་སུ་ཁེངས་ན་ཡང་སྡུག་བསྔལ་དེ་ངས་སུ་ལ་བཤད་ཅིང་སུ་ཡིས་རྟོགས། ཁོང་ལ་ཡིད་ཆེས་དང་རེ་བའི་ཁེངས་ཤིང་འདི་ཕྱིའི་བདེ་སྡུག་གི་འཚོ་བ་ཡོད་ཚད་ཁོང་ལ་བཅོལ་བའི་ང་དང་ངའི་ཉམ་ཆུང་གི་དད་ལྡན་མང་ཚོགས་ཀྱིས་ད་ནི་ཅི་ཞིག་བྱ། ཁྱེད་ཉིད་སངས་རྒྱས་ཀྱི་ས་ལ་བག་ཡངས་སུ་མི་བཞུགས་པར་ཤུལ་ལུས་དྭ་ཕྲུག་གི་གདུལ་བྱ་རུ་བྱམས་དང་སྙིང་རྗེ་སྒོམ་ལ་ཡང་སྤྲུལ་གཞོན་ནུའི་འཛུལ་ཞལ་དད་ལྡན་གདུལ་བྱའི་མགོན་དུ་སླར་ཡང་འབྱོན་པའི་རེ་བ་དང་ཡིད་ཆེས་དྲག་པོའི་སྒོ་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་བཞིན་མཆིས།རྒྱུ་མཚན་གང་ལ་ཟེར་ན། ཁྱེད་ཉིད་གཤེགས་ཤུལ་གྱི་ཉིན་དེ་དག་གི་རིང་ལ་གནམ་ས་བར་སྣང་ཐམས་ཅད་ལ་བཀྲ་ཤིས་ཤིང་དོན་འགྲུབ་པའི་རྟགས་མཚན་སྣ་ཚོགས་ཀྱིས་ཁེངས་ཤིང་། ཁྱེད་ཉིད་ལ་དད་ཅིང་ཁྱེད་ཉིད་ལ་རེ་ལྟོས་འཆའ་བཞིན་པའི་གདུལ་བྱ་ཐམས་ཅད་ཀྱི་གདོང་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པར་བལྟས་ན་ཁྱེད་ཉིད་ཀྱིས་ང་ཚོར་ནམ་ཡང་མ་དོར་བར་རྗེས་སུ་བཟུང་བའི་རྟགས་མཚན་ཞིག་ལོས་ཡིན་སྙམ་པའི་འདུ་ཤེས་སྐྱེས་པ་དང་ཆབས་ཅིག་ང་དང་ངའི་གདུལ་བྱའི་སེམས་ནང་གི་སྡུག་བསྔལ་ལྕི་མོ་དེ་ཅུང་ཡང་བར་གྱུར། ཁྱེད་ཀྱི་བཀའ་དྲིན་དང་ཁྱེད་ཀྱི་ཉམ་ཆུང་གི་མཛད་སྤྱོད་བཟང་བོས་ངའི་སེམས་ནང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པས་ངའི་མ་འོངས་པའི་བརྙེགས་བྱ་ཡང་དེ་ཡིན། ཁྱེད་ཀྱི་མཛད་སྤྱོད་ལ་རྙེགས་པར་ཆེས་དཀའ་ན་ཡང་རང་ནུས་གང་ཡོད་ཀྱི་དད་ལྡན་གདུལ་བྱ་རྣམས་ཀྱི་བདེ་སྡུག་གི་བྱ་བ་ཡོད་ཚད་ལ་ཕྱར་གྲུ་མཉམ་འདེགས་ཀྱི་འབད་བརྩོན་བྱ་འདོད་སེམས་ཀྱི་དམ་བཅའ་རུ་བཟུང་ཡོད་པར་བརྟེན་༧དཔལ་ལྡན་བླ་མ་དམ་པས་ནམ་ཡང་ཐུགས་རྗེ་ལྕགས་ཀྱུས་རྗེས་སུ་འཛིན་པའི་རེ་སྨོན་དང་གསོལ་བ་སྙིང་ཁུང་རུས་པའི་གཏིང་ནས་འདེབས་བཞིན་ཡོད། ཞུ་འདོད་པ་ཞིག་ལ་༧དཔལ་ལྡན་བླ་མ་དམ་པ་སྐུ་ཞི་བར་གཤེགས་པའི་རིང་དུ་མགོན་པོ་གང་གི་སྐྱབས་འོག་པ་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་མ་བཀུར་དང་བླངས་ཐོག་ནོར་དང་ལུས་ངག་ལ་འཕང་སེམས་ཙམ་ཡང་མི་སྐྱེ་བར་དགེ་བ་ཕུན་སུམ་ཚོགས་པ་བྱས་ཤིང་འབྲས་བུ་གཡུལ་དུ་ཟ་བའི་ཕན་འབྲས་བསམ་གྱི་མི་ཁྱབ་པ་བྱུང་བའི་རྣམ་པ་མཐའ་དག་མཐོང་ཚེ་རང་ཉིད་ཀྱང་མིག་མཐའ་མཆུར་མས་གང་སྟེ་མང་ཚོགས་ལ་ཡ་ང་ཞིང་ཡིད་དུང་བའི་རང་བཞིན་བརྗོད་མི་ཤེས་པ་ཞིག་སྐྱེས་པ་དང་ཆབས་ཅིག་ཐམས་ཅད་ལ་བཀའ་དྲིན་སེམས་གཏིང་ནས་ཞུ་འདོད་བྱུང་། མཐར་༧དཔལ་ལྡན་རྗེ་བླ་མ་དམ་པ་མཆོག་གིས་བདག་ཅག་གདུལ་བྱ་མཐའ་དག་ཚེ་རབ་ནས་ཚེ་རབ་ཀུན་ཏུ་ཁྱེད་ཀྱི་ཐུགས་རྗེའི་གྲིབ་བསིལ་འོག་ནས་ནམ་ཡང་མི་འབྲལ་བར་མཁྱཻན་མཁྱེན།

༧ཞེས་པ་འདི་ཉིད་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་གི་༢༠༡༣ལོའི་ཟླ་༡༢ ཚེས་༧ ཉིན་གྱི་ཉིན་ཐོ་རུ་བྲིས་པ་ལས་བཤུས་ཏེ་སྤེལ་བ་ཡིན།

རྗེ་བླ་མ་ད་དུང་དྲན་དྲན་གི

དགེ་བཤེས་ལྷ་བུ་བློ་བཟང་།

དུས་གསུམ་སངས་རྒྱས་འདས་ཚུལ་སྟོན་ཞེས།། བཀའ་ལུང་རིགས་པས་གཏན྄་ལ་ཕབས་ཀྱང་།། བདག་གི་དྲིན་ཅན་རྩ་བའི་བླ་མ།། འདི་ལྟར་ཕེབས་ན་བཟོད་ཐབས་མི་འདུག། མ་དག་འཇིག་རྟེན་འདི་ཡི་ཞིང་ན།། དག་པའི་སྣང་བ་འཆར་རྒྱུ་དཀའ་ཡང་།། ཡང་དག་སངས་རྒྱས་མི་གཟུགས་ཆེན་པོའི།། མཛད་འཕྲིན་དག་པའི་སྣང་བ་བསྒྱུར་སོང་།། ཀྱེ་མ་རྗེ་གཅིག་འགྲོ་བའི་སྐྱབས་མགོན།། ཞིང་གཞན་གདུལ་བྱའི་མགོན་དུ་བྱོན་ཏེ།། གཟུགས་སྐུ་སྟོང་བའི་དབྱིངས་སུ་བསྡུས་པས།། སྐྱོ་གདུང་མཆི་མས་མགྲིན་པ་གནང་ཡོད།། རང་ཅག་སྙིགས་མའི་དུས་ཀྱི་སྐྱེས་བུས།། རྟག་འཛིན་འཁྲེགས་པོ་དོར་བའི་སླད་དུ།། རྒྱལ་བ་གོང་མའི་མཛད་འཕྲིན་བསྐྱངས་ཏེ།། མི་རྟག་མྱ་ངན་འདས་ཚུལ་བསྟན་སོང་།། སྐུ་ཡི་མཚན་བཟང་མཐོང་ཐབས་བྲལ་ཡང་།། གསུང་གི་གདམས་ངག་ཡིད་ལ་བཟུང་སྟེ།། ཐུགས་ཀྱི་བྱམས་བརྩེ་སྐྱབས་སུ་བཀུར་ནས།། བླ་མ་དྲན་པའི་སྐྱོ་བ་མནན་ཡོད།། ཚད་མེད་རྣམ་བཞིས་རིས་མེད་གཟིགས་ཏེ།། འཕྲིན་ལས་རྣམ་བཞིས་འགྲོ་དོན་འགྲུབ་རྟགས།། དབྱིངས་ན་ཉི་ཟླ་སྐར་གསུམ་འཛོམས་ཤིང་།། ས་ལ་མེ་ཏོག་སྣ་ཚོགས་བཞད་སོང་།། མི་ཡི་ཚུལ་གྱིས་མི་དོན་སྒྲུབ་དུས།། མི་མཆོག་དམ་པའི་མཚན་སྙན་གསོལ་མྱོང་།། འདས་པའི་ཚུལ་གྱིས་དབྱིངས་སུ་ཐིམ་ཚེ།། ངོ་མཚར་འབུམ་གྱིས་རྟགས་མཚན་བཞག་སོང་།། ཀྱི་ཧུད་འགྲོ་བ་རིགས་མཐུན་ཕོ་མོ།། རང་ཅག་འགྲོ་བའི་སྐྱབས་མཆོག་བླ་མའི།། སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་རེ་རེ།། མི་ལྷུང་འཕྲེང་བའི་གྲངས་ལས་འདས་སོ།། དེའི་ཕྱིར་དྲིན་ཆེན་བླ་མའི་ཡོན་ཏན།། བརྗོད་པའི་སྨྲ་ལྕེ་ང་ལ་མེད་ཀྱང་།།དྲན་གདུང་དྲག་པོའི་ན་ཟུག་ཞི་ཕྱིར།། སྨྱུག་ཁ་འདར་མ་འདར་གྱིས་བྲིས་ཡོད།། དབང་ཆེན་དཔོན་པོས་ཁྲིམས་ཀྱིས་མ་བཀྱགས།། རྒྱུ་ཆེན་ཕྱུག་པོས་ནོར་གྱིས་མ་བསླུས།། རིས་མེད་སྙིང་རྗེའི་སྒྲོན་མེ་གཏེགས་ཏེ།། ཉམ་ཐག་གདུལ་བྱའི་ལམ་སྣ་དྲངས་སོང་།། སྐྱབས་གཅིག་དྲིན་ཅན་བླ་མ་མཆོག་གིས།། ཚེ་རབས་ཀུན་ཏུ་རྗེས་སུ་ཟུངས་ཤིག། དུས་གསུམ་བསག་པའི་མ་དག་ལས་སྤྱོད།། མི་སྦས་གང་སྔར་མཐོར་ལོ་བཤགས་སོ།།སྐུ་མཆོག་གསེར་གྱི་ཉི་མ་གཞོན་ནུ།། རེ་ཞིག་ནུབ་རིའི་ཕག་ཏུ་ཡིབ་ཀྱང་།། ཐུགས་རྗེའི་ཚ་ཟེར་སྔར་ལས་རྒྱས་ཏེ།། ཞིང་འདིར་བྱོན་པའི་སྨོན་ལམ་འདེབས་སོ།།

ཞེས་༢༠༡༣-༡༢-༡༢ཉིན་འཚོགས་ཁང་ནང་ནས་སྣང་དགོན་དྲུང་ཡིག་ཆེན་མོའི་མིང་ཙམ་འཛིན་པ་ལྷ་བུ་བློ་བཟང་གིས་གུས་པས་བྲིས།

རྩ་བའི་བླ་མ་རྗེས་སུ་དྲན་པ།

གདོང་སྐལ་བཟང་བསམ་གཏན།

བསླབ་གསུམ་ངུར་སྨྲིག་གར་འཛིན་སྤྲུལ་བའི་སྐུ།།
རིགས་གསུམ་གདུལ་བྱར་བོན་སྒོ་སྟོན་པའི་གསུང་།།
ཁམས་གསུམ་འགྲོ་རྣམས་བརྩེ་བས་སྐྱོང་མཛད་ཐུགས།།
དུས་གསུམ་གཟིགས་པའི་རྒྱལ་ཚབ་རྒྱ་འོབས་མཁྱེན།།

རྒྱལ་གཤེན་རིང་ལུགས་གྱེར་བསྟན་རིན་པོ་ཆེ།།
འཛིན་སྐྱོང་སྤེལ་མཛད་རྣམ་འདྲེན་རིན་པོ་ཆེ།།
སྐལ་ལྡན་རྒྱུད་སྨིན་གདམས་ངག་རིན་པོ་ཆེ།།
དུས་ཀུན་སྩོལ་མཛད་རྒྱ་འོབས་རིན་པོ་ཆེ།།


རིས་མེད་འགྲོ་མགོན་བསྟན་འཛིན་དབང་གི་རྒྱལ།།
ངེས་དོན་འགྱུར་མེད་གོ་འཕང་བརྙེས་ཟིན་ཀྱང་།།
གདུལ་བྱ་རྟག་འཛིན་ཅན་རྣམས་སུན་བྱུང་ཕྱིར།།
མི་རྟག་མྱ་ངན་འདས་ཚུལ་དེ་རིང་དྲན།།

བཞུགས་ཚེ་བྱམས་བརྩེའི་མཛད་འཕྲིན་རིས་སུ་མེད།།
གཤེགས་ཚེ་ཆེན་པོའི་མཚན་མ་དད་པའི་གསོས།།
ཁྱེད་འདྲ་དུས་གསུམ་འདྲེན་པ་མངོན་བྱོན་ལས།།
མཚན་ལྡན་བླ་མ་ཞེས་པ་དཀོན་ཚོད་འདུག།

མོས་གུས་འབེན་དང་མ་བྲལ་བུ་སློབ་ལ།།
བྱིན་རླབས་མདའ་ལ་ཉེ་རིང་ག་ལ་ཡོད།།
མཁྱེན་ནོ་སྐྱབས་ཀུན་འདུས་ཞལ་བདག་གི་བཤེས།།
ཚེ་རབས་རྗེས་འཛིན་ཐུགས་རྗེས་ནམ་ཡང་དགོངས།།

དད་པས་གསོལ་བཏབ་དུང་བས་སྐྱབས་བཅོལ་ན།།
རྗེ་ཁྱོད་དག་པ་མཁའ་སྤྱོད་ཞིང་ནས་དགོངས།།
སླར་ཡང་ཁྱེད་སྐུ་མཚན་དཔེའི་སྣང་བ་ཅན།།
རིང་མིན་མྱུར་བྱོན་ཞལ་མཇལ་གསུང་ཐོས་ཤོག།

   ཅེས་རྗེ་བླ་མའི་ཐུགས་རྗེའི་བྱིན་རླབས་ཀྱི་དྲོད་ཁོལ་སྣུམ་པོའི་འོག་ཏུ་འཚོ་བའི་སྐལ་བ་བཟང་བོ་ཅན་གུས་འབངས་གདོང་སྐལ་བཟང་བསམ་གཏན་དུ་འབོད་པ་དེས་སྤྱི་ལོ༢༠༡༣ལོའི༡༢པའི་ཚེས༢་ཉིན་གུས་པས་བྲིས་པ་དགེའོ།།

གསལ་བཤད། འདིར་ཆེད་དུ་དམ་པ་ཁོང་གི་མཛད་རྗེས་ལ་རྗེས་དྲན་གྱི་དོད་དུ་ངེད་གཙོ་སྒྲུབ་པར་བསྐུར་ཡོང་བའི་རྩོམ་ཡིག་རྣམས་འདིའི་གཤམ་དུ་འགོད་རྒྱུ་ཡིན་པས་དེ་ལྟར་ཐུགས་འཇགས་འཚལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།