ལས་བཞིའི་མངོན་རྟོགས་ལ་དཔྱད་པ།
[ཟླ་ཚེས། 2025-11-17 09:46:00][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །མཁན་ཆེན་ཉི་མ་བསྟན་འཛིན་གྱི་ཀུན་རིག་ལས་བཞིའི་དཀྱིལ་འཁོར་ཐིག་རྩ་དང་འབྲེལ་བའི་མངོན་རྟོགས་སྐོར་ལ་ཅུང་ཟད་དཔྱད་པ།


ཀུན་རིག་ལས་བཞི་རྒྱུན་ལྔའི་མངོན་རྟོགས་མཁར་སྣའི་དགེ་སློང་གཡུང་དྲུང་ཚུལ་ཁྲིམས་ཅན།
དགེ་བཤེས་བསྟན་འཛིན་རྣམ་རྒྱལ།
[གནད་བསྡུས] རྩོམ་འདིར་དེང་དུས་བོན་གྱི་སྤྱི་ཚོགས་ཁྲོད་མཁན་ཆེན་ཉི་མ་བསྟན་འཛིན་གྱི་ཀུན་རིག་ལས་བཞིའི་དཀྱིལ་འཁོར་ཐིག་རྩ་དང་མཐུན་པའི་མངོན་རྟོགས་འདོན་སྲོལ་དེ་ཙམ་མེད་པ་ལ་དཔྱད་གཞི་དང་འབྲེལ། གཞི་རྐང་མཁན་ཆེན་རང་གིས་དེ་འདྲ་མཛད་པ་ཡོད་མེད་ལ་ཞིབ་འཇུག་དང་། གཞན་དུ་ལས་བཞི་སྤྱི་དྲིལ་གྱི་མངོན་རྟོགས་མཁར་སྣའི་དགེ་སློང་གཡུང་དྲུང་ཚུལ་ཁྲིམས་ཀྱིས་རྩོམ་སྒྲིག་མཛད་པ་ཞིག་བཞུགས་འདུག་པ་དེ་ཉིད་མཁན་ཉི་མའི་ཐིག་རྩ་དང་མཐུན་པའི་ཚུལ་དང་། དེ་ལྟར་དཀྱིལ་འཁོར་དང་མངོན་རྟོགས་གཉིས་མཐུན་པ་ལག་ཏུ་བླངས་ན་དགེ་མཚན་ཆེ་བའི་ལྟ་ཚུལ་བཅས་ལ་ལུང་རིགས་ཟུང་འབྲེལ་གྱིས་དཔྱད་བརྗོད་ཅུང་ཟད་ཞུས་ཡོད།[གནད་ཚིག] མཁན་ཉི་མའི་ཀུན་རིག་ཐིག་རྩ། ལས་བཞི་སྤྱི་དྲིལ་མངོན་རྟོགས། ཐིག་རྩ་དང་མངོན་རྟོགས་མཐུན་མིན།
གཅིག །མཁན་ཆེན་ཉི་མས་བཞེད་པའི་ལས་བཞིའི་མངོན་རྟོགས་ལ་དཔྱད་པ།
དེ་ཡང་སྨན་རིའི་མཁན་རབས་ཉེར་གསུམ་པ༼༡༨༡༣-༡༨༦༢༽ཉི་མ་བསྟན་འཛིན་གྱིས་ཀུན་རིག་ལས་བཞིའི་ཆ་ལག་སྐོར་ལ། «ཀུན་རིག་ལས་བཞི་རྒྱུན་ལྔའི་བཅའ་ཐབས་ལག་ཁྲིད་གསལ་བའི་དམིགས་བུ»ཞེས་པ་དང་། «ཀུན་རིག་ལས་བཞི་རྒྱུན་ལྔའི་སྔགས་འགྲིགས་སྣང་བ་དྭངས་གསལ»ཞེས་པ། «སྦྱིན་སྲེག་ཆེན་མོའི་ཐིག་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ»ཞེས་པ། «སྦྱིན་སྲེག་ལས་བཞི་རྒྱུན་ལྔའི་ལས་རིམ་གྱི་ཟིན་རིས་ཀུན་གསལ་མེ་ལོང»ཞེས་པ་སོགས་དུ་མ་མཛད་ཡོད་ལ། འོན་ཏེ«སྦྱིན་སྲེག་ཆེན་མོའི་ཐིག་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ»ཞེས་པའི་དགོངས་མཐུན་མངོན་རྟོགས་སྐོར་མཛད་པ་ད་བར་མཇལ་དུ་མེད་པར་མ་ཟད། དེ་འདྲ་ཞིག་ཁོང་གིས་མཛད་མེད་པ་ཡང་རྗེས་སུ་དཔག་ཐུབ་པ་སྟེ། ཁོང་གིས་མཛད་པའི«སྦྱིན་སྲེག་ལས་བཞི་རྒྱུན་ལྔའི་ལས་རིམ་གྱི་ཟིན་རིས་ཀུན་གསལ་མེ་ལོང»གི་རྒྱུན་གྱི་མངོན་རྟོགས་སྐབས། “དེ་ནས་རྒྱུན་གྱི་སྦྱིན་སྲེག་དངོས་ལ་འཇུག་སྟེ། དང་ལ་རྒྱས་པ་ལྷ་མ་སྲིན་སྡེ་བརྒྱད་རྩ་བའི་སྦྱིན་སྲེགས་ཀྱི་༼སྲེག་གི༽དབུ་ལྟར། དང་པོ་ཉིད་རྣམ་པར་མི་རྟོགས༴ ༼རྟོག༽ སོགས་མེ་ལྷ་བཞི་བཅུ་བསྐྱེད།” 1.ཅེས་དང་། རྒྱས་པའི་མངོན་རྟོགས་སྐབས། “དེ་ནས་རྒྱས་པ་ལ་འཇུག་སྟེ། ཐོག་མར་མངོན་རྟོགས་ནི། རྗེའི་ཞལ་སློབ་མེ་ཉག་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་སོགས་གང་རིགས་ཤིག་བསྒོམ།” ཞེས་དང་། ཞི་བའི་མངོན་རྟོགས་སྐབས། “དེ་ནས་ཞི་བའི་སྦྱིན་སྲེག་ལ་འཇུག་སྟེ། ཐོག་མར་ཞི་བའི་སྦྱིན་སྲེག་གི་མངོན་རྟོགས་ཚངས་པར་བསྒོམ།” ཞེས་དང་། དབང་གི་མངོན་རྟོགས་སྐབས། “དེ་ནས་དབང་གི་སྦྱིན་སྲེག་ལ་འཇུག་སྟེ། དེ་ཡང་སྤ་མདེལ་བཏག་ལུགས་ནི་གཤམ་དུ་གསལ་ལ། འདིར་ལས་བཞི་རྒྱུན་ལྔ་སྤྱི་འགྲེས་སུ་འབུལ་ལུགས་ནི། ཐོག་མར་དབང་གི་མངོན་རྟོགས་བདུད་རྩིའི་བུམ་བཟང་ལྟར་བསྒོམ།” ཞེས་དང་། དྲག་པོའི་མངོན་རྟོགས་སྐབས། “དེ་ནས་དྲག་པོའི་སྦྱིན་སྲེག་ལ་འཇུག་སྟེ། དེ་ཡང་སྤ་མདེལ་བཏང་ལུགས་ནི་གཤམ་དུ་གསལ་ལ། འདིར་ལས་བཞི་སྤྱི་འགྲེས་སུ་བཏང་བའི་ལུགས་ལ། ཐོག་མར་དྲག་པོའི་མངོན་རྟོགས་ལེའུ་ལྟར་བསྒོམ།” ཞེས་རྒྱུན་དང་། རྒྱས་པ། དབང་གསུམ་གྱི་མངོན་རྟོགས་གང་ཞིག་འདོན་པའི་མཚན་བྱང་གསལ་ལ། ཞི་དྲག་གཉིས་ལ་མངོན་རྟོགས་འདོན་དགོས་པ་ཙམ་ལས་མཚན་བྱང་མ་གསལ། དཔལ་མགོན་སྐབས། “དེ་ལྟར་ལས་བཞི་རྒྱུན་ལྔ་ཀུན་རྫོགས་ནས། རྒྱས་པའི་སྲེག་གཞུང་ལྟར། ལྷ་སྲིན་སྡེ་བརྒྱད་མགྲོན་ཐབས་སུ་མཆོད་དེ། ཐོག་མར་ལྷ་ཡི་སྡེ་ལ། ཚངས་པ་དང་ནི་བརྒྱ་བྱིན༴ སོགས་ཀྱིས་སྤྱན་དྲངས།” ཞེས་ཐོག་མར་སྤྱན་འདྲེན་ནས་དབུ་བཟུང་བ་ལས་སྤྱི་འགྲེས་ལྟར་མངོན་རྟོགས་བསྒོམ་དགོས་པར་མ་གསལ་ལ། དེའི་རྒྱུ་མཚན་ནི་མངོན་རྟོགས་གོང་དུ་ལས་བཞིའི་ཞོར་དུ་སོང་བས་ཡིན་ནམ་དཔྱད། མདོར་ན་ལས་བཞིའི་མངོན་རྟོགས་མཛད་བྱང་གསལ་མིན་ཅི་རིགས་གཞན་གྱིས་མཛད་པ་དག་ལས་གལ་ཏེ་མཁན་ཆེན་ཉིད་ཀྱིས་མཛད་པ་ཞིག་ཡོད་ན་ཁོང་གི་འདོན་ཟིན་དུ་ཡང་དེ་དག་བཀོད་པ་ལས་དམིགས་བསལ་གཞན་པ་དེ་ཚོ་བསྟན་དགོས་དོན་མེད།
གཉིས། མཁན་ཆེན་ཉི་མའི་ལས་བཞིའི་ཐིག་རྩ་དང་མཐུན་པའི་མངོན་རྟོགས་ཡོད་མེད་ལ་དཔྱད་པ།
དེང་དུས་བྲུ་ལུགས་སམ་ལས་བཞིའི་དཀྱིལ་འཁོར་ཐད་མཁན་ཉི་མའི་དཀྱིལ་འཁོར་ཐིག་རྩ་འདི་ཉིད་དར་ཁྱབ་ཆེ་ཡང་མངོན་རྟོགས་སྐབས་གོང་གསལ་མཁན་ཉི་མའི་འདོན་ཟིན་ལྟར་བྱེད་བཞིན་པ་ལས། ཐིག་རྩ་དང་མཚུངས་པའི་མངོན་རྟོགས་ཡོད་མེད་གླེང་གཞི་ཙམ་ལས་དེ་འདྲའི་དཔེ་ཆ་ཞིག་ཡོད་པ་དང་ཡོད་པ་དེ་ཡང་ལག་ཏུ་ལེན་མཁན་ཡོད་པ་མཐོང་ཐོས་དེ་ཙམ་མ་བྱུང་མོད། སྟབས་ལེགས་པ་ཞིག་ལ་ཉེ་ཆར་རིག་གྲོགས་གཟེར་བུས་མཁོ་འདོན་གནང་བ། མཁར་སྣའི་དགེ་སློང་གཡུང་དྲུང་ཚུལ་ཁྲིམས་༼དུས་རབས། ༡༩ ༽ཀྱིས་རྩོམ་སྒྲིག་མཛད་པ། «ཀུན་རིག་སྦྱིན་བསྲེག་༼སྲེག༽ལས་བཞི་རྒྱུན་ལྔ་ཡོངས་རྫོགས་གཅིག་དྲིལ་དུ་ཉམས་སུ་ལེན་ཚུལ་གྱི་དགོངས་རིམ»ཞེས་པ་ཞིག་ ་མཇལ་རྒྱུ་བྱུང་ཞིང་། དེ་ཉིད་ཀྱི་བསྟན་དོན་ཡང་ལས་བཞི་རྒྱུན་ལྔ་དཔལ་མགོན་དང་བཅས་པ་ལེའུ་གཅིག་གི་ནང་དུ་ཆ་ཚང་ལ་སོ་སོར་གསལ་བ་ཞིག་སྟེ། དེ་ཉིད་ལས། “འདིར་ཀུན་རིག་སྦྱིན་སྲེག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་གྱི་དོན་ཡོངས་རྫོགས་གཅིག་དྲིལ་དུ་ཉམས་སུ་ལེན་པའི་ལས་རིམ་ལ་གསུམ་སྟེ། དགོངས་རིམ་ཏིང་འཛིན་དང་། ལས་རིམ་ཚིག་བཤད་དང་། ལས་མཐའ་རྫོགས་པའི་རིམ་པའོ། །དང་པོ་དགོངས་རིམ་ལ་དྲུག་སྟེ། རྒྱུན་དང་རྒྱས་པ་དང་། ཞི་བ་དང་། དབང་དང་། དྲག་པོ་དང་། དཔལ་མགོན་མགྲོན་ཐབས་སུ་མཆོད་པའི་དགོངས་རིམ་མོ།” 2.ཞེས་སྤྱི་ཁོག་ས་བཅད་གསུམ་གྱིས་བསྟན་ལ་དེ་དག་རྒྱས་བཤད་གཞུང་དེར་རིམ་པར་གསལ་བས་འདིར་སྤྱི་ཁོག་ཙམ་ལས་རྒྱས་བཤད་ཞུས་མེད།
འོ་ན་དེ་ཉིད་མཁན་ཉི་མའི་དཀྱིལ་འཁོར་ཐིག་རྩ་དང་མཐུན་ནམ་ཞེ་ན། དེ་ཉིད་ཀྱི་མཇུག་བྱང་ལས། “དེ་ལྟར་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་ལས་ཀྱི་མཐའ་བསྒྱུར་འཕྱང་ཆེན་སྡེ་དགུའི་ནང་ཚན་སྦྱིན་སྲེགས་༼སྲེག༽ལས་བཞི་རྒྱུན་ལྔའི་དགོངས་རིམ་སྔར་ཡོད་རྣམས་ཟབ་རྒྱས་ཁུངས་ཐོབ་༼ཐུབ༽བཞུགས་ཀྱང་ལས་བཞི་རྐྱང་དེད་ཀྱི་མངོན་རྟོག་༼རྟོགས༽སུ་སོང་བས། གཅིག་དྲིལ་གྱི་དལ་དང་ཅུང་ཞལ་མཐུན་མིན་ལ་བརྟེན་སྐབས་འདིར་ཡོངས་རྫོགས་གཅིག་དྲིལ་དུ་ཉམས་སུ་ལེན་ཚུལ་གྱི་དགོངས་རིམ་འདིར་༼འདི༽བཞིན། མགྲོ་༼འགྲོ༽མགོན་བློ་གྲོས་རིན་པོ་ཆེས་མཛད་པའི་ཀུན་རིག་ཕྱག་བཞེས་དོན་འགྲུབ་འཕྲུལ་གྱི་སྒྲོན་མེ་དང་། རྗེ་རིན་པོ་ཆེ་དང་། མཁས་གྲུབ་གཡུང་དྲུང་ཚུལ་ཁྲིམས་ལ་སོགས་ཀྱིས་མཛད་པའི་སྤྱི་སྤུངས་སྐོར་གྱི་མངོན་རྟོགས་རྣམས་དང་། འགྲོ་མགོན་གྱིས་༼གྱི༽དགོངས་བཞེད། མཁན་ཆེན་རིན་པོ་ཆེ་ཉི་མ་བསྟན་འཛིན་གྱིས་བསྒྲིགས་པའི་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་གྱིས་༼གྱི༽ཐིག་ཚོན་རྣམས་ཀྱིས་༼ཀྱི༽དགོངས་དོན་མཐུན་པར་བགྱིས་ཁུལ་གྱིས། རང་གི་ཉམས་ལེན་ཚོགས་བསགས་ཀྱི་ཆ་རྐྱེན་དུ་དད་པའི་བློ་ཡིས་བསྐུལ་ཏེ། རྨངས་༼རྨོངས༽པ་གཡུང་ཚུལ་བདག་གིས་བོན་གྱིས་༼གྱི༽འདུ་གནས་གཡས་རུ་〔མཁར〕སྣའི་རི་ཁྲོད་དུ་བསྒྲིགས་པས།” ཞེས་གཞི་རྩའི་མངོན་རྟོགས་འདི་ཉིད་བརྩམས་པའི་དགོས་པ་ཡང་དེ་སྔོན་རང་ལུགས་སུ་འདོན་པའི་མངོན་རྟོགས་མཁན་ཉི་མའི་དཀྱིལ་འཁོར་ཐིག་རྩ་དང་མཐུན་པ་ཞིག་༼ཀུན་རིག་ལས་བཞི་རྒྱུན་ལྔ་གཅིག་དྲིལ་གྱི་མངོན་རྟོགས་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་ཅན་ཞིག་ཡོད་ཀྱང་མཁན་ཉི་མའི་ཐིག་རྩ་དང་མི་མཐུན༽མེད་སྟབས་དེའི་ཆེད་གཙོ་བོར་དམིགས་ཏེ། ཞི་ཁྲོ་སོགས་གཞུང་གཞན་གྱི་མངོན་རྟོགས་རྣམས་ཀྱི་དགོངས་པས་ཟུར་བརྒྱན་ཏེ་བསྒྲིགས་པར་གསུངས་ཤིང་དེ་དག་ཞིབ་ཕྲའི་སྐོར་འདི་དང་མཁན་ཉི་མའི་ཐིག་རྩ་གཉིས་ཕན་ཚུན་ཞིབ་ཏུ་བསྡུར་ན་མཁྱེན་པར་འགྱུར་བས་འདིར་བཤད་པའི་ངལ་བ་མ་བྱས་སོ། །
གསུམ། མཁན་ཆེན་ཉི་མའི་ལས་བཞིའི་ཐིག་རྩ་དང་མཐུན་པའི་མངོན་རྟོགས་དགོས་མིན་ལ་དཔྱད་པ།
སྤྱིར་མཁན་ཉི་མའི་གོང་དུ་ལས་བཞི་སྤྱི་དྲིལ་གྱི་མངོན་རྟོགས་སྐྱང་སྤྲུལ་ཅན་དང་། ལས་བཞི་རྐྱང་དེད་ཅན་སྣ་ཚོགས་ཤིག་ཡོད་པར་མ་ཟད། མཁན་ཉི་མས་ཀྱང་མངོན་རྟོགས་སྤྱི་དྲིལ་ཅན་དེ་འདྲ་མ་བརྩམས་ཤིང་། འདོན་ཟིན་ནང་དུའང་མངོན་རྟོགས་གཞན་གྱིས་འཐུས་པར་མཛད་འདུག་པ་དང་། དེང་དུས་ཀྱང་སྤྱི་དྲིལ་མངོན་རྟོགས་དེ་འདྲ་འདོན་སྲོལ་མེད་པས་སྤྱི་དྲིལ་ཅན་དེ་འདྲ་གསར་དུ་གླེང་བའི་དགོས་པ་ཡོད་དམ་སྙམ་ན། གནད་དོན་འདི་ནི་དཔྱད་བྱ་གལ་ཆེན་ཞིག་སྟེ། གཡུང་དྲུང་ཚུལ་ཁྲིམས་ཀྱིས་སྤྱི་དྲིལ་མངོན་རྟོགས་རྩོམ་སྒྲིག་མཛད་པའི་དགོས་པ་མཐར་གཏུགས་ན་དེ་སྔོན་མཁན་ཉི་མའི་ཐིག་རྩ་དང་མཐུན་པ་ཞིག་མེད་སྟབས་དེ་ཉིད་ཁ་བསྐང་བའི་དོན་དུ་མཛད་པར་མ་ཟད། སྤྱིར་ན་དཀྱིལ་འཁོར་ཐིག་རྩ་དང་མངོན་རྟོགས་གཉིས་མཐུན་དགོས་པ་ཡང་ཐིག་རྩ་ནི་མངོན་རྟོགས་ཇི་ལྟར་སྒོམ་པ་བློ་ངོར་འཆར་བདེ་བའི་ཆེད་དུ་ཡིན་པ་ནི། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི«དཀྱིལ་འཁོར་ཐིག་རྩ»ལས། “དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་མ་ཤེས་ན། ཏིང་འཛིན་གྱི་དཀྱིལ་འཁོར་དེ་བློ་ཡུལ་དུ་མི་འཆར། དེ་མ་ཤར་བས་དབྱིངས་ཀྱི་དཀྱིལ་འཁོར་རྟོགས་པའི་ཐབས་མེད་དོ། །དེས་ན་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་དགོས་པ་ཤིན་ཏུ་ཆེ།” 3. ཞེས་གསུངས་པས་ཀྱང་ཤེས་ཐུབ། འོ་ན་མཁན་ཉི་མས་གནད་དེ་འདྲ་མ་དགོངས་སམ་ཞེ་ན། ཁོང་གིས་གཙོ་བོ་རྡུལ་ཚོན་དཀྱིལ་འཁོར་དེ་ཉིད་གལ་ཆེན་དུ་བསྟན་པའི་ཤུགས་ལ་དཀྱིལ་འཁོར་དང་མངོན་རྟོགས་དངོས་སུ་མཐུན་དགོས་པ་དེ་ཅུང་ཟད་བཏང་སྙོམས་སུ་མཛདཔ་མིན་ནམ་སྙམ་སྟེ། «སྦྱིན་སྲེག་ཆེན་པོའི་༼མོའི༽ཐིག་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ»ལས། “དེས་ན་པུར་སྦྱང་སོགས་ལ། དེང་དུས་ཀྱི་པུར་སྦྱང་༼སྦྱོང༽མཁན་འགའ་ཞིག་གིས་ཤོག་གུ་ལ་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་བྲིས་ནས་བཀོད་པ་ནི། ཤོག་བྲིས་ཀྱི་དཀྱིལ་འཁོར་ཞེས་ལུང་ལས་མ་བཤད་པས། ཐོ་ཅོ་ཁོ་ནར་སོངས་ཤིང་བྱིན་རླབས་ཀྱི་རྟེན་འབྲེལ་བསྐྱེད་མི་ནུས་པས། ཕན་གནོད་མེད་ལ། དེ་བས་སྡེ་བརྒྱད་རྒྱུན་དགུའི་དཀྱིལ་འཁོར་མ་ལྕོགས་ཀྱང་རྒྱུན་རྐྱང་དེད་ཀྱི་དཀྱིལ་འཁོར་ཞིག་གདབ་ན། ལུང་དང་མཐུན་ཞིང་བྱས་སླ་བ་འདུས་དོན་ཆེ་བར་མངོན་ཏེ།” 4. ཞེས་པ་ཡང་དགོས་པ་གཞན་དབང་དུ་གསུངས་པ་དང་། གཞན་སྐྱང་སྤྲུལ་གྱི་ཐིག་རྩ་ལས། “དེ་ལྟར་རྡུལ་ཚོན་ཚད་ལྡན་མ་གྲུབ་ན། དཀྱིལ་འཁོར་ཕྱི་ཁོག་གྲུ་བཞི་ལ། བརྐྱང་ཤིང་བཅིང་ལ་འདག་ཞལ་བྱ། དེ་ལ་ལོགས་རིས་མཛེས་པར་བྲི། ཐ་མ་དེ་ལྟར་མ་གྲུབ་ན། ཁོལ་མ་འདེབ(ཐིག་ཤིང་བརྐོས་པ)བམ་རས་ཤོག་ལ། རི་མོ་ཚད་ལྡན་ཚོན་གྱིས་བསྐུ། དེའང་དམིགས་ཡུལ་རུ་༼རུང༽བར་བཤད།”5. ཅེས་གསུངས་པ་ཡང་དཔྱད་ན་དོན་ལ་གནས་པར་སེམས་སོ། །
དཔྱད་གཞིའི་ཡིག་ཆ།
མཆན་འགྲེལ།
1. སྨྲ་དབང་མཁན་ཆེན་ཉི་མ་བསྟན་འཛིན་གྱི་གསུང་འབུམ། པོད་བདུན་པ། «སྦྱིན་སྲེག་ལས་བཞི་རྒྱུན་ལྔའི་ལས་རིམ་གྱི་ཟིན་རིས་ཀུན་གསལ་མེ་ལོང» ཤོག་ངོས། ༡༠༡ པར་གསལ།
2. ཁྱུང་པོ་སྟེང་ཆེན་ཁུལ་གྱི་བོན་ཆོག་དཔེ་རྙིང་བྲིས་མ་ཕྱོགས་སྡེབས། ༼བསྡེབས༽དཔེ་གཟུགས། «ཀུན་རིག་སྦྱིན་བསྲེག་༼སྲེག༽ལས་བཞི་རྒྱུན་ལྔ་ཡོངས་རྫོགས་གཅིག་དྲིལ་དུ་ཉམས་སུ་ལེན་ཚུལ་གྱི་དགོངས་རིམ» ཤོག་ལྡེབ། ༡ བ། པར་གསལ།
3. དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས། པོད་དགུ་པ། «ལས་བཞི་རྒྱུན་ལྔའི་ལག་ལེན་ཉེར་མཁོ་སྣང་གསལ་མེ་ལོང་ལས་ལེའུ་གསུམ་པ་མེ་ཐབ་རྡུལ་ཚོན་གྱི་རིམ་པ།» ཤོག་ངོས། ༡༨༡པར་གསལ།
4. སྨྲ་དབང་མཁན་ཆེན་ཉི་མ་བསྟན་འཛིན་གྱི་གསུང་འབུམ། པོད་བདུན་པ། « སྦྱིན་སྲེག་ཆེན་པོའི་ཐིག་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ » ཤོག་ངོས། ༨༡ པར་གསལ།
5. དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས། པོད་དགུ་པ། «ལས་བཞི་རྒྱུན་ལྔའི་ལག་ལེན་ཉེར་མཁོ་སྣང་གསལ་མེ་ལོང་ལས་ལེའུ་གསུམ་པ་མེ་ཐབ་རྡུལ་ཚོན་གྱི་རིམ་པ།» ཤོག་ངོས། ༡༨༣པར་གསལ།
༡༽ མཁན་ཆེན་ཉི་མ་བསྟན་འཛིན། «སྦྱིན་སྲེག་ལས་བཞི་རྒྱུན་ལྔའི་ལས་རིམ་གྱི་ཟིན་རིས་ཀུན་གསལ་མེ་ལོང» སྨྲ་དབང་ཉི་མ་བསྟན་འཛིན་གྱི་གསུང་འབུམ་བཞུགས་སོ། །པོད་བདུན་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡
༢༽མཁན་ཆེན་ཉི་མ་བསྟན་འཛིན། «སྦྱིན་སྲེག་ཆེན་པོའི་ཐིག་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ» སྨྲ་དབང་ཉི་མ་བསྟན་འཛིན་གྱི་གསུང་འབུམ་བཞུགས་སོ། །པོད་བདུན་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡
༣༽གཡུང་དྲུང་ཚུལ་ཁྲིམས། «ཀུན་རིག་སྦྱིན་བསྲེག་༼སྲེག༽ལས་བཞི་རྒྱུན་ལྔ་ཡོངས་རྫོགས་གཅིག་དྲིལ་དུ་ཉམས་སུ་ལེན་ཚུལ་གྱི་དགོངས་རིམ» ཁྱུང་པོ་སྟེང་ཆེན་ཁུལ་གྱི་བོན་ཆོག་དཔེ་རྙིང་བྲིས་མ་ཕྱོགས་སྡེབས།༼བསྡེབས༽ ལག་བྲིས་དཔེ་གཟུགས།
༤༽སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས། པོད་དགུ་པ། «ལས་བཞི་རྒྱུན་ལྔའི་ལག་ལེན་ཉེར་མཁོ་སྣང་གསལ་མེ་ལོང་ལས་ལེའུ་གསུམ་པ་མེ་ཐབ་རྡུལ་ཚོན་གྱི་རིམ་པ།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༢༽མཁན་ཆེན་ཉི་མ་བསྟན་འཛིན། «སྦྱིན་སྲེག་ཆེན་པོའི་ཐིག་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ» སྨྲ་དབང་ཉི་མ་བསྟན་འཛིན་གྱི་གསུང་འབུམ་བཞུགས་སོ། །པོད་བདུན་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡
༣༽གཡུང་དྲུང་ཚུལ་ཁྲིམས། «ཀུན་རིག་སྦྱིན་བསྲེག་༼སྲེག༽ལས་བཞི་རྒྱུན་ལྔ་ཡོངས་རྫོགས་གཅིག་དྲིལ་དུ་ཉམས་སུ་ལེན་ཚུལ་གྱི་དགོངས་རིམ» ཁྱུང་པོ་སྟེང་ཆེན་ཁུལ་གྱི་བོན་ཆོག་དཔེ་རྙིང་བྲིས་མ་ཕྱོགས་སྡེབས།༼བསྡེབས༽ ལག་བྲིས་དཔེ་གཟུགས།
༤༽སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས། པོད་དགུ་པ། «ལས་བཞི་རྒྱུན་ལྔའི་ལག་ལེན་ཉེར་མཁོ་སྣང་གསལ་མེ་ལོང་ལས་ལེའུ་གསུམ་པ་མེ་ཐབ་རྡུལ་ཚོན་གྱི་རིམ་པ།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
