བོན་ལུགས་དཀྱིལ་འཁོར་གྱི་སྒོ་དང་སྒོ་རྒྱན་སྐོར་གྱི་ཁུངས་ལ་དཔྱད་ཙམ་བྱས་པ།

[ཟླ་ཚེས། 2018-07-30 13:15:09][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

[གནད་བསྡུས] དཔྱད་རྩོམ་འདིར་རྗེ་མཉམ་མེད་ཆེན་པོ་དང་། ཁྱུང་སྤྲུལ་རིན་པོ་ཆེ་སོགས་ཀྱི་དཀྱིལ་འཁོར་འབྲི་ཐབས་སུ་དཀྱིལ་འཁོར་གྱི་སྒོ་ལ་ཕག་སྒོ་དང་གྲོག་སྐེད་སྒོ་ཞེས་ལུགས་མི་འདྲ་བ་གཉིས་དང་། དེ་བཞིན་སྒོ་རྒྱན་ཀྱི་རྟ་བབས།  ཟླ་གམ་བཞི་རུ་རླུང་རི་རྡོ་རྗེ་རྒྱ་གྲམ་བཅས་འབྲི་དགོས་པར་གསལ་བ་ལྟར། དེ་དག་གི་ཁུངས་སྟོན་པ་སངས་རྒྱས་ཀྱི་བཀའ་གང་ཞིག་ནས་བསྟན་ཡོད་པའི་སྐོར་བཙལ་འཚོལ་དང་ཞིབ་དཔྱད་བྱས་ཏེ་སྐབས་བསྟུན་གསལ་བཤད་གང་ཐོན་རེ་བྱས་ཡོད།

[གནད་ཚིག]  དཀྱིལ་འཁོར།  ཕག་སྒོ།  གྲོག་སྐེད་སྒོ།  རྟ་བབས།  གཞི་རླུང་རྡོ་རྗེ་རྒྱ་གྲམ།

འདིར་གཡུང་དྲུང་བོན་གྱི་གཞུང་ཆེན་མདོ་སྔགས་སེམས་གསུམ་གྱི་བར་མ་སྔགས་ལུགས་སུ་དཀྱིལ་འཁོར་རྣམ་པ་གསུམ་བསྟན་པ་ནི།  བཀའ་འགྱུར་པོད། ༼༢༦༽«མདོ་གཟེར་མིག»ངོས༼༢༦༽ལས།  “ཐམས་ཅད་མ་ལུས་དཀྱིལ་འཁོར་གསུམ་དུ་བསྒོམ། རང་བཞིན་དཀྱིལ་འཁོར་དབྱིངས་ནས་ལྷུན་གྱིས་གྲུབ་པར།  ཕྱོགས་བཅུ་འཇིག་རྟེན་མཐའ་ཡས་ཐམས་ཅད་ཀུན། དག་པ་རྣམ་པ་དྲུག་གི་ཏིང་ངེ་འཛིན་དུ་བྱིན་གྱིས་བརླབས། ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་མཁའ་ལ་ཡིད་ཀྱིས་བསྒོམ་པར།  གཤེན་རབ་ཀྱིས་འདུལ་བའི་མི་མཇེད་ཀྱི་ཞིང་ཁམས། སྟོང་གསུམ་གྱི་འཇིག་རྟེན་སེམས་ཅན་གྱི་ལས་ཀྱིས་མཉམ་དུ་ཆགས་ཀྱིན་མཉམ་དུ་འཇིག་པ་འདི་ཉིད། དག་པ་རྣམ་པ་དྲུག་གིས་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས།  རྡུལ་མཚོན་གྱི་དཀྱིལ་འཁོར་ས་ལ་ལག་གིས་བྲིས་པ་ནི།  གང་ཟག་བློ་དམན་པ་རྣམས་ལ་དངོས་པོས་དངོས་མེད་བཙལ་བ་དང་། མཚན་མས་དོན་ལ་མཚོན་པའི་ཕྱིར། རྡུལ་ཚོན་གྱི་ས་གཞི་ལ་ལག་གིས་དཀྱིལ་འཁོར་དུ་བྲིས་ལ་བསྟན་པའོ། །”ཞེས་གསུངས། དེ་འདྲའི་མཚན་མ་རྡུལ་ཚོན་དཀྱིལ་འཁོར་ལའང་གྲངས་དང་དབྱིབས་བཀོད་སྣ་ཚོགས་མཆིས་པ་ལས།  ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་གཞི་རྩའི་སྒོ་ལ་ཕག་སྒོ་དང་གྲོག་སྒོ་ཞེས་འབྲི་ལུགས་མི་འདྲ་བ་གཉིས་ཙམ་བྱུང་ཡོད་པ་ལྟར་འདིར་དགོས་པའི་དབང་གིས་ཁུངས་དང་འབྲེལ་བར་ཅུང་ཟད་གླེང་བ་ལ། 

གཅིག  ཕག་སྒོ་དང་གྲོག་སྐེད་སྒོའི་སྐོར།

1532928131988612.jpg
ཕག་སྒོའི་དཔེ་རིས།

                  དང་པོ་ཕག་སྒོའི་ཁུངས་ནི། བཀའ་འགྱུར་པོད། ༼༢༦༽«མདོ་གཟེར་མིག»ངོས༼༥༠༤༽ལས།  “སྒོ་དང་སྒོ་འགབ་སྒོ་ལྡད་གསུམ། །སྒོ་ཁྱུད་གཡས་གཡོན་གཉིས་ཏེ་ལྔ། །ཁ་བད་ཞབས་རྨེང་གཉིས་ཏེ་བདུན། །གཞི་མ་དངུལ་ལ་སྒོ་ཉིད་གསེར། །རིན་ཆེན་རེ་བཞི་རིན་ཆེན་གཡག་ཤིང་ངོ་། །སྒོ་ཁྱུད་གཡས་ན་ལྷ་བུ་གར་མཁན་ནོ། །གཡོན་ན་ལྷ་མོ་མཆོད་འབུལ་ལོ། །སྒོ་ལྡན་བླ་རྒྱན་གནམ་རིས་སོ། །སྒོ་འགབ་ས་རྒྱན་ཆུ་རིས་སོ། །ཁ་བད་ཞབས་རྨེང་རྩིག་པའི་རྒྱན་དང་མཚུངས། །”ཞེས་གསལ་བ་ལྟར་ལུགས་འདི་བཞིན་ཕྱི་རྒྱུད་ཀྱི་དཀྱིལ་འཁོར་ཕལ་ཆེ་བ་ལ་འབྲི་སྲོལ་ཡོད་འདུག་ཅིང་།  གཞི་རྩའི་མདོ་ལུང་ཁ་གསལ་སྟབས་གོ་བ་ལེན་ཐབས་ཀྱང་སླ་བར་འདུག་པས་རྒྱས་བཤད་ཀྱི་ངལ་བ་བསྐྱུངས་སོ།  །

གཉིས་པ་གྲོག་སྐེད་སྒོ།
1532928131112523.png
གྲོག་སྒོའི་དཔེ་རིས།

གཉིས་པ་གྲོག་སྐེད་སྒོའི་ཁུངས་ནི་ཁྱུང་སྤྲུལ་རིན་པོ་ཆེས་མཛད་པའི«དཀྱིལ་འཁོར་འབྲི་ཐབས»ལས།  “དེ་ནས་སྒོ་ཐིག་རྣམ་དག་ལས།  །ལྷག་པའི་ཐིག་ནི་བཅུ་དྲུག་ཅེས། །སྔར་བཤད་སྒོ་ཐིག་གཉིས་ཀྱི་བར།  །”ཞེས་སོགས་ཀྱིས་བསྟན་ལ། འདིའི་ཁུངས་རྣམ་དག་ཅེས་པའི་དཔེ་ཆ་དེ་གང་ཡིན་སྙམ་ན།  བཀའ་འགྱུར་པོད།  ༼༤༣༽  སྤ་གཏེར། «གཡུང་དྲུང་ལས་དག་གི་རྒྱུད»ངོས༼༡༥༢༽ལས།   “ལྷག་པའི་ཐིག་ཆ་བཅུ་དྲུག་འཕྲ་མོར་གདབ།   །”ཅེས་རྩ་ཚིག་གིས་མདོར་བསྟན་ཅིང་། དེའི་རྒྱས་བཤད་ཡང་ངོས༼༡༥༥༽ལས།  “སྒོ་བཞི་ཕྱོགས་དང་བསྟུན་པ་ལ་སྒོ་དང་སྒོ་ཁྱུད་ཆས་པར་བྲི།  དེའི་ཕྱི་རིམ་རིན་པོ་ཆེ་སྣ་ལྔའི་རྩིགས་པས་བསྐོར།  དེའི་སྟེང་དུ་ནམ་མཁའི་ཁོང་སེང་།  དེའི་སྟེང་སྟ་བབས་རིམ་པ་ནི།”  ཞེས་དང་།  “སྒོ་སྣམ་གྱི་གཡས་གཡོན་དུ་ནམ་མཁའ་སྟོང་པའི་རང་བཞིན་མཐིང་ནག་ལ། ཉི་ཟླའི་སྐར་ཁུང་དང་ལྡན་པར་བྱ།  དེའི་ཕྱི་རིམ་རིན་པོ་ཆེའི་གསེར་གྱི་ཀ་བ།”  ཞེས་པ་འདི་ཉིད་ཡིན་འདུག་ཅིང་།   ལུང་འདིའི་དོན་ཁྱུང་སྤྲུལ་གྱིས་གསར་དུ་བཀྲལ་མིན་གང་ལྟར་ཡང་དོན་གྱི་ཕྱག་ལེན་ནི་རྗེ་ཡི་སྐབས་སུ་ཡོད་ངེས་པ་ནི།  རྗེ་རིན་པོ་ཆེའི«རྡུལ་ཚོན་ཐིག་ཚོན»གྱི་རྣམ་དག་གི་སྒོ་བསྟན་སྐབས།  “དེ་རྒྱབ་སྒོ་བཞི་ཕྱོགས་འོད་ནི། །དང་པོ་རིན་ཆེན་རྩིག་པའི་ཆ། །གཉིས་དང་གསུམ་ནི་སྒོ་ལོགས་དང་། །བཞི་ལྔ་སྒོ་དང་འགྲམ་ཁྱུད་ཕྱོགས་འོད་དོད། །དྲུག་པ་རྩིག་པས་བསྐོར་བར་བྱ། །བདུན་པ་ནམ་མཁའ་སྟོང་པ་སྔོ། །ཉི་ཟླའི་སྐར་ཁུང་ལྡན་པར་བྱ།  །”ཞེས་དང་།  ཡང་ལུང་དེའི་བྱམས་མའི་ཕྱི་སྒོ་བསྟན་སྐབས། “དེ་ནས་ཕྱི་སྒོ་འབྲི་ཚུལ་ནི། །དང་པོ་རིན་ཆེན་རྩིག་པའི་ཆ། །གཉིས་དང་གསུམ་ནི་སྒོ་ལོགས་དང་། །བཞི་ལྔ་འགྲམ་ཁྱུད་ཕྱོགས་ཀྱི་འོད། །དྲུག་པ་རྩིག་པས་བསྐོར་བར་བྱ། །བདུན་པ་ནམ་མཁའ་སྟོང་པ་སྔོ། །”ཞེས་པ་དང་།  ཁྱུང་སྤྲུལ་རིན་པོ་ཆེའི«དཀྱིལ་འཁོར་འབྲི་ཐབས»ཀྱི་རྣམ་དག་སྒོ་ཡི་སྐབས།  “བཅོ་ལྔ་བཅད་པའི་ནང་ནས་རིམ། །༡རིགས་སྣམ་༢རྩིག་པ་༣སྒོ་ལོགས་དང་། །༤འགྲམ་༥ཁྱུད་༦རྩིག་པ་༧ནམ་མཁའ་སྟོང་། །”ཞེས་གསུངས་པ་གཉིས་མཐུན་ཞིང་།  ཡང་རྗེ་རིན་པོ་ཆེའི«རྡུལ་ཚོན་ཐིག་ཚོན»གྱི་བྱམས་པའི་ནང་སྒོ་བསྟན་སྐབས།  “ནང་སྒོ་བཅུ་གཉིས་ཐིག་གདབ་ནི། །ནང་ཐིག་ཚངས་ཐིག་གཡས་གཡོན་ནས། །ཆ་ཕྲན་རེ་ལ་དྲུག་དྲུག་གདབ། །”ཅེས་དང་། “ནང་སྒོ་བཅུ་གཉིས་འབྲི་ཚུལ་ནི། །གཡས་གཡོན་དང་པོ་སྒོ་ཞེང་ཚད། །གཉིས་དང་གསུམ་ནི་འགྲམ་དང་ཁྱུད།  །བཞི་ལྔ་རྩིག་པ་ནམ་མཁའ་སྟོང་། །དྲུག་པ་ཀ་བ་མཛེས་པར་བྲིས། །”ཞེས་པ་དང་།  ཁྱུང་སྤྲུལ་རིན་པོ་ཆེའི«དཀྱིལ་འཁོར་འབྲི་ཐབས»ཀྱི་རྣམ་དག་གི་སྒོ་ཡི་སྐབས།  “འཕྲད་ཞེང་གཡས་གཡོན་༡དང་པོ་ནི། །སྒོ་ཞེང་དེ་ནས་༢འགྲམ་༣ཁྱུད་དང་། །༤རྩིག་པ་༥ནམ་མཁའ་༦ཀ་༧ཀ་ཞུ། །ལ་སོགས་གོང་གི་སྤྱི་ཐིག་ལྟར། །”ཞེས་གསུངས་པ་གཉིས་དགོངས་པ་གཅིག་ཏུ་བབ་འདུག་པ་འདིས་རྗེས་སུ་དཔོག་ནུས།  འབྲི་ཚུལ་འདི་བཞིན་ཕྱི་རྒྱུད་རྣམ་དག་དང་།  བྱམས་མ་སོགས་དང་།  དེ་བཞིན་ནང་རྒྱུད་ཕལ་རྣམས་འདི་བཞིན་འབྲི་བའི་ཕྱག་སྲོལ་སྔ་མོ་ནས་ཡོད་པ་འདྲ། མ་གཞི་སྒོ་འདི་བཞིན་བོན་བསྟན་ཕྱི་དར་སྐབས་ཀྱི་གཏེར་དཔེ་འགའ་ཡི་གླེགས་ཤིང་ངོས་སུ་དཀྱིལ་འཁོར་གྱི་དཔེ་རིས་ཡོད་སྐད་འདུག་པའང་འདི་འདྲ་ཡིན་པར་སྙམ་སྟེ།  དཔེར་ན་ཉེ་ཆར་གཏམ་ཤུལ་དགའ་ཐང་འབུམ་པ་ནས་རྙེད་པའི་བོན་དཔེ་ཞིག་ཏུ་དཀྱིལ་འཁོར་དཔེ་རིས་ཆུང་ངུ་ཞིག་འདུག་པ་དེའི་སྒོ་ཡང་འདི་བཞིན་བྲིས་འདུག་པའང་དངོས་ཡོད་ཀྱི་བདེན་དཔང་ཞིག་ཏུ་མཐོང་ངོ་།

1532928130718802.jpg
གཏམ་ཤུལ་འབུམ་པ་ནས་ཐོན་པའི་དཀྱིལ་འཁོར་དཔེ་རིས།

གལ་ཏེ་སྒོ་འདི་བཞིན་བྱས་ན་སྒོ་གླེགས་དང་སྒོ་ཡོལ་སོགས་མེད་པས་དེ་བཞིན་བཤད་པའི་རྒྱུད་ལུང་རྣམས་དང་མི་འགལ་ལམ་སྙམ་ན།  འབྲི་ཆ་ལ་སྒོ་གླེགས་སོགས་མེད་ཀྱང་བསླང་ཆ་ལ་ཡོད་པ་དང་།  འབྲི་ཆའི་སྐབས་སྒོ་ཁང་གཙོ་བོར་སྟོན་པའི་འབྲི་ཐབས་ཡིན་པས་སྐྱོན་མེད་དོ།  །འོ་ན་འགྲོ་མགོན་བདུད་རྩི་སོགས་ཀྱིས་ཀློང་རྒྱས་འགྲེལ་དུ་གྲོག་སྐེད་སྒོ་ལ་དམིགས་བཀར་གྱིས་དགག་འདུག་པ་ཅི་ཡིན་སྙམ་ན་དེ་ནི་སྤྱིར་བཤད་མིན་པར་སྐབས་བབ་ཀློང་རྒྱས་གཞུང་གི་བསྟན་དོན་ལ་དཔྱད་པ་ཡིན་པས་འདིར་ཅིའི་ཕྱིར་གནོད། དེ་ལྟར་མིན་ན་བོན་ལུགས་དཀྱིལ་འཁོར་གྱི་སྒོ་ཐམས་ཅད་ཀློང་རྒྱས་ཇི་བཞིན་ཁྱབ་དགོས་པའི་སྒྲུབ་བྱེད་ཅི་ཡང་མ་དམིགས་སོ། །གཞན་ཡང་འདི་ལྟར་མི་འདོད་ན་གོང་གསལ་རྣམ་དག་གི་རྒྱུད་ཚིག  “ལྷག་པའི་ཐིག་ཆ་བཅུ་དྲུག་འཕྲ་མོར་གདབ། །”ཅེས་པའི་དོན་ཡང་ཇི་ལྟར་འཆད་ཅེས་འདྲི་བ་སོགས་ཀྱིས་དཔྱད་པར་འོས་སོ། །འོན་ཀྱང་ཕག་སྒོ་དང་།  གྲོག་སྐེད་སྒོ་ཞེས་པའི་ཐ་སྙད་ནི་འབྲི་ཚུལ་གྱི་དབྱིབས་ལ་ལྟོས་ཏེ་ཕྱིས་སུ་བཏགས་པ་ཡིན་འདུག་མོད།  ཐ་སྙད་འདི་ལོ་དུས་ནམ་ཞིག་ནས་བཀོལ་བ་ཡིན་མིན་སོགས་ནི་བརྟག་ཀྱང་རུང་ངོ་། །

གཉིས།  སྒོ་རྒྱན་རྟ་བབས་ཀྱི་སྐོར།

1532928130612041.jpg
སྒོ་རྒྱན་རྟ་བབས་ཀྱི་དཔེ་རིས།

དེ་ལ་ཁྱུང་སྤྲུལ་རིན་པོ་ཆེའི«དཀྱིལ་འཁོར་འབྲི་ཐབས»ལས། “ཕྱི་བལྟོས་སྣང་སྲིད་ཁྱུང་གུར་དང་། །ནང་ལྟར་འདུས་བྱས་མངོན་གྱུར་ལ། །དྲྭ་གུར་དང་ནི་གསང་བ་ལ། །ལུས་དཀྱིལ་བུམ་གདན་མཆོད་རྟེན་དབྱིབས། །”ཞེས་སྒོ་རྒྱན་འབྲི་ཚུལ་ལུགས་གསུམ་ཙམ་བཤད་པ་ལས། འདིར་དང་པོ་དང་འབྲེལ་ཏེ་གླེང་བ་ལ། གྲུབ་དབང་ཤར་རྫ་པའི«སྡེ་སྣོད་མཛོད»ལས།  “ལྟ་བ་ཁྱུང་ཆེན་ལས།  རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཞེས་པས།  དེའང་རྒྱུ་འབྲས་ཀྱི་རྟ་བབས་བརྒྱད་གཉིས་བཅུ་དྲུག་ཏུ་བཤད་པ་ལ། རྒྱུ་ཡི་རྟ་བབས་སྒོ་ཕུགས་ཕྱི་ནང་དུ་བབས་གཞོན་གྱི་རྟ་བབས་ཐེམ་སྐས་ཀྱི་རྣམ་པ་བཞི་བཞི་བརྒྱད་དོ། །འབྲས་བུའི་རྟ་བབས་སྒོ་ཁང་གི་སྟེང་དུ་རྒྱན་གྱི་རྟ་བབས་བརྒྱད་བརྩེགས་མར་གནས་པ་སྟེ། དེ་ཡང་རྟ་རྐང་ཞེས་པ་རིན་པོ་ཆེའི་གཡུང་དྲུང་ཡུ་བ་ཅན་མགུལ་དར་དཔྱང་གིས་འཕུར་བ་རིན་པོ་ཆེའི་ཕྲེང་བས་སྦྲེལ་བ། དེའི་སྟེང་དུ་ཆུ་སྐྱེས་ནི་པདྨ་རཱ་གའི་པད་འདབ་བསྒྲིགས་པ། སྒྲོམ་བུ་ནི་ཀ་ཐུང་གི་བར་བར་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་ལེབ་བཙུད་པ། ཟར་ཚགས་ནི་རིན་པོ་ཆེའི་དྲྭ་མིག་སྤྲས་པ།  སྣ་མཆོང་ནི་གསེར་གྱི་ཕ་གུའི་རྣམ་པ་ཅན་ནོ། །སྒྲིལ་འཕྱང་ངམ་ཆུན་འཕྱང་ནི་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་པ། ༼འདིར་ཤར་བུ་མི་འདུག་མོད་ལྷ་གཉེན་ཤེལ་སྒོང་དུ་གསལ་བས་ཆད་སྐྱོན་ཡིན་པ་འདྲ། དེ་ལྟར་མིན་ན་རྟ་བབས་བརྒྱད་ཚང་མི་འདུག  མཆན༽  ཁྱུང་མགོ་དང་བརྒྱད་ཀྱིས་མཛེས་པའོ། །”ཞེས་གསལ་བའི་ལུང་ཁུངས་ནི། བཀའ་འགྱུར་པོད། ༼༡༢༠༽ སྤ་གཏེར། «ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད»ངོས༼༤༽ལས། “རྣམ་པར་ཐར་པ་བརྒྱད་ཀྱི་ལྟ་བབ་དང་ལྡན་པ།”ཞེས་པ་འདི་ཉིད་ཡིན་འདུག་པ་དང་།  དེ་མཚུངས་ཁྱུང་སྤྲུལ་རིན་པོ་ཆེའི«དཀྱིལ་འཁོར་འབྲི་ཐབས»ལས།  “གཞན་ཡང་མེ་རི་ལ་སོགས་པ།  །ཐར་ལམ་བརྒྱད་ཀྱི་རྟ་བབས་མཛེས། །ཞེས་པ་དེ་ཡང་རྒྱུ་འབྲས་ཀྱི། །རྟ་བབས་བརྒྱད་གཉིས་བཅུ་དྲུག་ཀྱང་། །”ཞེས་སོགས་གོང་གསལ«སྡེ་སྣོད་མཛོད»དང་མཚུངས་ཤིང་། དེའི་ཁུངས་མེ་རིའི་རྒྱུད་ནི།  བཀའ་འགྱུར་པོད། ༼༡༣༡༽  སྤ་གཏེར«མེ་རི་འབར་བ་རྩ་བའི་རྒྱུད»ངོས།  ༼༣༧༽   “རིན༼ཕ་དགུ༽པོ་ཆེ་སྣ་ཚོགས་ཀྱི་འོད་འཕྲོས་བ༼སྟོང་གཉིས་མ་ལུས༽ཆུན༼དྲ་བ༽འཕྱང་དང་ཤར་བུ་དང་།   དྲ་བ་དང་།  འཕྲེང་བས་མཛེས་པ། འདོད༼འདོད་ཡོན༽པ་ལྔ་ཡི་ཡོན་ཏན་གྱིས་རྒྱན་པ། རྣམ་པར༼སྟོང་པ་ཉིད་མཚན་མ་སྨོས་པ་འོད་གསལ༽ཐར་པའི་སྒོ་དང་། སྒོ་ཁྱུད༼ཤར་ཤེལ༽བཅས། སྟ་བབས་བརྒྱད་ཀྱིས་ཡང་དག་མཛེས་པ།”  ཞེས་གསལ་བ་འདི་ཡིན་འདུག་ལ།  འོན་ཏེ་གོང་གསལ་འབྲས་བུའི་རྟ་བབས་བརྒྱད་པོ་རེ་རེ་བཞིན་གསལ་མིན་ལས་འཕྲོས་པའི་དོགས་དཔྱོད་སོགས་དགོས་མིན་བློ་ལྡན་དག་གིས་མཁྱེན་པར་འཚལ་ལོ། །

གསུམ།  ཟླ་གམ་གྱི་རླུང་རི་རྡོ་རྗེ་རྒྱ་གྲམ་གྱི་སྐོར།

ཡང་ཁྱུང་སྤྲུལ་རིན་པོ་ཆེའི«དཀྱིལ་འཁོར་འབྲི་ཐབས»ལས།  “ཟླ་གམ་ནང་མཐོང་ཆུ་སྲིན་ཟུང་། །ཁ་ནས་གཞི་རླུང་རྒྱ་གྲམ་ནི། །བ་དན་དང་བཅས་ཟངས་ལྕགས་འོག  །སྒྲིབ་ཚུལ་དང་ནི་དེ་ཡི་སྟེང་། །རྒྱས་འདོད་མེ་སོགས་འབྱུང་རིམ་བཀོད།  །བསྡུ་ན་རྩིག་དང་ཆ་མཚུངས་བཞག  །”ཞེས་དཀྱིལ་འཁོར་ཕྱོགས་བཞིའི་ཟླ་གམ་བཞིའི་ནང་དང་།  སྒོ་རྒྱན་ནམ་ཁྱུང་གུར་སོགས་ཀྱིས་སྒྲིབ་པའི་ཚུལ་དུ་རླུང་རི་རྡོ་རྗེ་རྒྱ་གྲམ་གྱི་རྡོ་རྗེའི་རྩེ་ཡི་རྣམ་པ་ཇི་ལྟར་འབྲི་བའི་ཚུལ་གསལ

1532928130594268.jpg           
  གཞི་རླུང་རྡོ་རྗེའི་དཔེ་རིས།

དེ་ལྟར་གྱི་ཁུངས་རྒྱུད་གཞན་པའང་ཡོད་སྲིད་ལ།  བཀའ་འགྱུར་པོད། ༼༡༡༨༽  རྨ་གཏེར། «གསས་མཁར་ཞི་བ་གཡུང་དྲུང་ཡོངས་སུ་རྫོགས་པའི་གཞུང»ངོས ༼༡༥༥༽ལས། “ཟླ་གམ་ནམ་མཁའི་སྟེང་དུ་རླུང་རྡོ་རྗེ་རྒྱ་གྲམ་བརྒྱད་ལ། དར་བརྒྱད་འོད་ཟེར་འཕྲོ་བའོ། །”ཞེས་དང་། བཀའ་འགྱུར་པོད། ༼༡༢༣༽  དབྱིལ་གཏེར། «རྒྱུད་ཏིང་མུར་གཡུ་རྩེ»ངོས ༼༡༤༽ལས། “ཟླ་གམ་བཞི་ནི་ནམ་མཁའི་ངོགས་ལ།  སྟེང་དུ་རླུང་རྡོ་རྗེ་རྒྱ་གྲམ་ར་བའི་དབལ་དང་དབྱིབས་སུ་བྲི།  དར་གྱི་འོད་ཟེར་སྐུའི་ཡོན་ཏན་ལྟར་བྲི།  དེའི་ཕྱི་རིམ་ཟངས་རི་ལྕགས་རི་ལ་དབལ་གྱི་མེ་རི་བྲི།”ཞེས་དང་།   གྱེར་མི་ཉི་འོད་གྱི་གཏེར་མ«རྒྱས་པ་ཀུན་སྣང་ཁྱབ་པ་རྩ་བའི་དཀྱིལ་འཁོར»ལས། “ཕྱོགས་བཞིའི་ཟླ་གམ་ལ། རླུང་རྡོ་རྗེ་རྒྱ་གྲམ་གྱི་རྩེ་མོ་ལ། རླུང་གིས་བ་དན་བཞིས་འདེགས་པར་བྲིས།” ཞེས་དང་། དེའི་ཕྱག་ལེན་བསྟན་པ་ཕྱི་དར་དུས་སུ་བྱུང་ཡོད་པ་ཡང་།  མཁས་པ་གཉོས་རྒྱལ་གྱིས་མཛད་པའི«ལས་བཞི་རྒྱུན་ལྔ་སྦྱིན་སྲེག་གི་མཆོང་གི་གསལ་བྱེད»ཤོག་ངོས༼༥༦༽ལས། “ཕྱོགས་བཞིའི་ཟླ་གམ་ལ་རླུང་རྡོ་རྗེ་རྒྱ་གྲམ་གྱི་རྩེ་མོ་ལ་རླུང་གི་བ་དན་བཞིས་འདེགས་པར་བྲི།” ཞེས་གསུངས་པ་འདིས་ཀྱང་ཤེས་སོ། །འདི་ལྟར་དཀྱིལ་འཁོར་དང་འབྲེལ་བའི་གནད་དོན་ཐོར་བུ་འགའ་ཞིག་གླེང་བ་འདི་དག་ཀྱང་ངོས་ནས་ད་སྔོན་མཇལ་བའི་བཀའ་ལུང་གནད་ཡོད་འགའ་ལས་རེ་ཟུང་ཞིག་ཟུར་དུ་དྲངས་པ་ཙམ་ལས། ད་དུང་རྒྱལ་བའི་བཀའ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་བཞུགས་པ་རྣམས་ལ་ཞིབ་ཏུ་མཇལ་རྒྱུ་བྱུང་ན་ཁུངས་གཞན་པའང་ཡོད་སྲིད་པས་དེ་ལུགས་མཁྱེན་ལྡན་དག་གིས་དཔྱད་པར་འཚལ་ལོ། །འདིར་དྲངས་པའི་བཀའ་རྣམས་ཀྱི་དཔེ་ཁུངས་ནི«གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ»ལྟར་ཡིན་ལ་དཔེ་ཚོགས་དེའི་པོད་གྲངས་དང་ཤོག་ངོས་བཅས་བཀོད་ཡོད།  བརྡ་སྦྱོར་འགའ་ལ་དོགས་གནས་མཆིས་རུང་དཔྱད་གཞི་ལེགས་ཕྱིར་མ་དཔེ་ལྟར་སོར་བཞག་བྱས་པ་ལས་བཅོས་བསླད་གང་ཡང་བྱས་མེད།   བཀའ་བརྟེན་རྣམས་ནི་ཡོངས་སུ་གྲགས་པས་དཔེ་ཁུངས་དྲངས་མེད་པ་བཅས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།