གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་གསས་མཁར་མཚན་རྫོགས་སྐོར་ཅུང་ཟད་གླེང་བ།

[ཟླ་ཚེས། 2025-11-19 15:49:29][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་གསས་མཁར་མཚན་རྫོགས་སྐོར་ཅུང་ཟད་གླེང་བ།
 
དགེ་བཤེས་བསྟན་འཛིན་རྣམ་རྒྱལ།
[གནད་བསྡུས]      རྩོམ་འདིར་ཁྲོ་བོའི་དཀྱིལ་འཁོར་ལ་གཙོ་ཆེ་བ་ལྷོ་གཏེར«ཁྲོ་བོ་རྒྱུད་དྲུག»ནས་བསྟན་པ་ཞིག་དང་། «དབལ་གསས་རྔམ་པ་དྲག་ཟློག་གི་རྒྱུད་སྟོང་རི་ཐོ་ཆེན»དང་།མཁས་བཞིའི་ཕྱག་བཞེས་སམ«ལས་ཐིག་གསང་བའི་འགྲེལ་བ»དང་། «སྐབས་འཕྲིན»སོགས་ནས་བསྟན་པ་དང་རིགས་གཉིས་ཡོད་པ་ལས། དང་པོ་དེ་ལ་རྒྱུད་སྡེའི་ལུགས་དང་།    ཕྱི་མ་དེ་ལ་སྒྲུབ་སྡེའི་ལུགས་སུ་བཞག་ན་ཤར་རྫ་པའི་སྡེ་སྣོད་མཛོད་ལྟར་འཐད་ཕྱོགས་དང་། ལུགས་དང་པོ་དེའི་རིག་པ་ཡབ་ཡུམ་བཅུ་དྲུག་གི་ལྷ་གདན་ཁ་དོག་ལ་རྒྱུད་ཚིག་ཁ་གསལ་ཞིང་ཚོན་སྣ་གཅིག་ལས་མེད་སྟབས་དོགས་གཞི་མེད་ཀྱང་། ཕྱི་མ་དེ་དེ་དང་མི་འདྲ་བར“གསས་མཁར་མཚན་རྫོགས”ཞེས་དམིགས་བསལ་དུ་མུ་མེད་དཀར་རྔ་གཤང་སེར་ཞེས་སོགས་དཀའ་རྙོག་ཅུང་ཡོད་པ་ལ། དེ་དག་དང་འབྲེལ་ཡོད་ཕྱིས་ཡིག་ཆ་རྣམས་ཕྱོགས་གཅིག་ཏུ་བཀོད་དེ་དེ་དག་ཕན་ཚུན་ཁྱད་པར་གང་ཡོད་དང་། སོ་སོའི་ཁུངས་གང་ཡིན་སྐོར་ལ་དཔྱད་པ་ཅུང་ཟད་ཞུས་ཡོད།
[གནད་ཚིག]  ཁྲོ་བོའི་དཀྱིལ་འཁོར། རྒྱུད་སྡེའི་ལུགས། སྒྲུབ་སྡེའི་ལུགས། གསས་མཁར་མཚན་རྫོགས། རིག་པ་ཡབ་ཡུམ་བཅུ་དྲུག །ལྷ་གདན་ཁ་དོག །
གླེང་གཞི།
   དེ་ཡང་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་དཀྱིལ་འཁོར་སྐོར་ལ་གཞི་རྩའི་ཆ་ནས«ལྷོ་གཏེར་ཁྲོ་བོ་རྒྱུད་དྲུག»ནས་བསྟན་པ་ཞིག་དང་། «དྲག་ཟློག་གི་རྒྱུད་སྟོང་རི་ཐོ་ཆེན»དང་། མཁས་བཞིའི་ཕྱག་བཞེས་སམ«ལས་ཐིག་གསང་བའི་འགྲེལ་བ»སོགས་ནས་བསྟན་པ་ཞིག་སྟེ་རིགས་གཉིས་ཡོད་པ་ལ། ཤར་རྫ་རིན་པོའི་སྡེ་སྣོད་མཛོད་དུ་སྤྱི་སྤུངས་ཀྱི་ལྷ་སྒོམ་པའི་སྐབས་རྒྱུད་སྡེའི་ལུགས་དང་སྒྲུབ་སྡེའི་ལུགས་ཞེས་རིགས་གཉིས་སུ་དབྱེ་བ་མཛད་པ་ལྟར། རྒྱུད་དྲུག་ནས་བསྟན་པ་དེ་རྒྱུད་སྡེའི་ལུགས་དང་། གཅིག་ཤོས་དེ་སྒྲུབ་སྡེའི་ལུགས་ལ་བཞག་ན་འགྲིག་སྙམ་པ་ཡང་ཞོར་དུ་བྱུང་། དེ་ལྟར་གྱི་ལུགས་དང་པོ་དེའི་རིག་པ་ཡབ་ཡུམ་བཅུ་དྲུག་གི་ལྷ་གདན་ཁ་དོག་ལ་རྒྱུད་ཚིག་ཁ་གསལ་ཞིང་ཚོན་སྣ་གཅིག་ལས་མེད་སྟབས་དཔྱད་དགོས་པ་མེད་རུང་། ཕྱི་མ་དེ་དེ་དང་མི་འདྲ་བར“གསས་མཁར་མཚན་རྫོགས”ཞེས་དམིགས་བསལ་གྱི་འགྲོ་སྟངས་ཤིག་ཡོད་ལ། དེ་ཡང་མུ་མེད་དཀར་རྔ་གཤང་སེར་ཞེས་སོགས་རྩ་ཚིག་བློ་ལ་ངེས་ན་སྟབས་བདེ་བས་དཀྱིལ་འཁོར་འབྲི་མཁན་ཕལ་མོ་ཆེས་མཁྱེན་བཞིན་པ་ལ་དམིགས་བསལ་དཔྱད་དགོས་དོན་མེད་པ་ལྟར་སྣང་མོད།  འོན་ཏེ་དེ་དང་འབྲེལ་ཡོད་ཀྱི་ཡིག་ཆ་མང་ཞིང་དེ་དག་གོ་བསྡུར་ཞིག་བྱས་ན་ཁྱད་པར་འགའ་ཡོད་འདུག་པ་དེ་དག་ཕྱོགས་གཅིག་ཏུ་བཀོད་དེ་དཔྱད་ན་བསམ་དགོས་པ་འགའ་འབྱུང་སྲིད་སྙམ་པས་གཤམ་དུ་དེ་དག་སོ་སོར་བཀོད་དེ་ཅུང་ཟད་གླེང་བར་འདོད་དོ། །
༡༽རྒྱུད་སྟོང་རི་ཐོ་ཆེན་ནས་བསྟན་ཚུལ།
   སྤྱིར་ན་གོང་བཤད་ལྟར་ཁྲོ་བོ་དབང་ཆེན་གྱི་དཀྱིལ་འཁོར་ལ་རྒྱུད་སྡེའི་དགོངས་པ་དང་སྒྲུབ་སྡེའི་དགོངས་པ་གཉིས་སུ་ཕྱེས་པ་ལྟར་འདིར་དཔྱད་བྱ་རིག་པ་ཡབ་ཡུམ་བཅུ་དྲུག་གི་ལྷ་གདན་སྐོར་ལ«དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད»ལས། དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས། །བརྒྱད་ནི་སེར་པོ་དག་ཏུ་བྱ། །1.ཞེས་རྒྱུད་དྲུག་ལྟར་ན་ལྷ་གདན་དེ་དག་ཁ་དོག་སེར་པོ་གཅིག་པུ་ཡིན་སྟབས་ངོས་འཛིན་སླ། ཡང་སྒྲུབ་སྡེའི་ལུགས་ལྟར་བྱས་ན་གོང་དང་མི་འདྲ་སྟེ། དེ་ཡང་སྒྲུབ་སྡེའི་ལུགས་ཀྱི་རྒྱུད«དབལ་གསས་རྔམ་པ་དྲག་ཟློག་གི་རྒྱུད་སྟོང་རི་ཐོ་ཆེན»ལས།  “ནང་རྟགས་ཕྱི་ཤར་གསས་མཁར་བརྒྱད་ནི། །2.མུ་མེད་ས་ལེ་སྒྲོན་མ་ནི། །བང་རིམ་ལྔ་པ་རི་རབ་ཅན། །དེ་སྟེང་དཀར་གསལ་གྲུ་གསུམ་འབར། །བྲེ་སྲོག་ཆར་ཁེབས་སྟོབས་འཁོར་དང་། །བྱ་རུ་ཏོག་དབལ་དར་བརྒྱད་འོད་ཟེར་འཕྲོ། །ཕྱི་ནི་དཀར་འཇམ་ཆུ་ཤེལ་ཕྱེས་པ་འདྲ། །ནང་ནི་དཀར་འཇམ་ཤེལ་གྱིས་ཚ་ཚ་འཁྲུག །མེ་རི་དཀར་པོ་ཟུར་གསུམ་འབར་བའོ། །རྔ་གཤང་སྒྲ་ཡི་གསས་མཁར་ནི། །བང་རིམ་ལྔ་པ་རི་རབ་ཅན། །དེ་སྟེང་གསེར་འོད་གྲུ་གསུམ་འབར། །བྲེ་སྲོག་སྟོབས་འཁོར་ཆར་ཁེབ་དང་། །བྱ་རུ་ཏོག་དབལ་དར་བརྒྱད་རློབས། །ཕྱི་ནི་སེར་ལྗང་འོད་ཀྱི་འོད་ཟེར་འབར། །ནང་ན་གསེར་འོད་གཡུའི་ཚ་ཚ་འཕྲོ། །མེ་རི་གསེར་འོད་གྲུ་གསུམ་འབར་བའོ། །གཡུ་བུན་རླུང་གི་གསས་མཁར་ནི། །བང་རིམ་ལྔ་པ་རི་རབ་ཅན། །དེ་སྟེང་སྔོ་མཐིང་གྲུ་གསུམ་འབར། །བྲེ་སྲོག་ཆར་ཁེབ་སྟོབས་འཁོར་དང་། །བྱ་རུ་ཏོག་དབལ་དར་བརྒྱད་རློབ། །ཕྱི་ནི་སེར་གདང་འོད་ཟེར་འབར། །ནང་ནི་དམར་འཚེར་བྱི་རུའི་མདངས། །མེ་རི་སྔོ་གདང་གྲུ་གསུམ་འབར་བའོ། །བདུད་བརྩི་ཆུ་ཡི་གསས་མཁར་ནི། །བང་རིམ་ལྔ་པ་རི་རབ་ཅན། །དེ་སྟེང་སྔོ་ལྗོང་ཟུར་གསུམ་འབར། །བྲེ་སྲོག་ཆར་ཁེབས་སྟོབས་འཁོར་དང་། །བྱ་རུ་ཏོག་དབལ་དར་བརྒྱད་རློབས། །ཕྱི་ལ་བདུད་རྩི་ཁ་སྒྲོམ་དཀར་པོ་ལ། །བདུད་རྩི་ཟིལ་ཆགས་མདངས་དང་ལྡན། །ནང་ནི་སྔོ་གདང་རྒྱ་མཚོ་འཁྱིལ་པ་འདྲ། །བདུད་རྩི་ཆུ་རྒྱུན་ཟུར་ལ་འབབས་པ་སྟེ། །མེ་རི་སྔོ་ལྗང་གྲུ་གསུམ་འབར་བའོ། །བྱིན་ཆེན་རི་རྒྱལ་ལྷུན་པོའི་གསས་མཁར་ནི། །ས་ཆུ་འཁྲུག་པའི་འོད་ཟེར་ཡིན། །བང་རིམ་ལྔ་པ་རི་རབ་ཅན། །དེ་སྟེང་གསེར་འོད་གྲུ་གསུམ་འབར། །བྲེ་སྲོག་ཆར་ཁེབས་སྟོབས་འཁོར་དང་། །བྱ་རུ་ཏོག་དབལ་དར་བརྒྱད་རློབས། །ཕྱི་ནི་གསེར་འོད་འབར་བ་ལ། །ནང་ནི་དཀར་ལྗང་འོད་ཟེར་འཕྲོ། །མེ་རི་གསེར་འོད་གྲུ་གསུམ་འབར་བ་ལ། །གསེར་གྱི་ཚ་ཚ་དབལ་དུ་འཕྲོ། །ཁ་སྒྲོམ་ངར་གྱི་གསས་མཁར་ནི། །ནམ་མཁའ་དང་པའི་འོད་ཟེར་འཕྲོ། །བང་རིམ་ལྔ་པ་རི་རབ་ཅན། །དེ་སྟེང་སྔོ་སྐྱ་གྲུ་གསུམ་འབར། །བྲེ་སྲོག་ཆར་ཁེབས་སྟོབས་འཁོར་དང་། །བྱ་རུ་ཏོག་དབལ་དར་བརྒྱད་རློབས། །ཕྱི་ནི་སྔོ་ལྗང་འབར་བ་ལ། །ནང་ནི་སྔོ་མཐིང་འོད་ཟེར་འཕྲོ། །དབལ་གྱི་མེ་རི་གྲུ་གསུམ་འབར་བའོ། །ཐོག་མེད་སྤྲུལ་པའི་གསས་མཁར་ནི། །བང་རིམ་ལྔ་པ་རི་རབ་ཅན། །དེ་སྟེང་སྨུག་ནག་གྲུ་གསུམ་འབར། །བྲེ་སྲོག་ཆར་ཁེབ་སྟོབས་འཁོར་དང་། །བྱ་རུ་ཏོག་དབལ་དར་བརྒྱད་རློབ། །ཕྱི་ནི་མཆོང་གུར་སྨུག་པོ་ལ། །ནང་ནི་བྱི་རུའི་འོད་ཟེར་འཕྲོ། །སྨུག་ནག་མེ་རི་གྲུ་གསུམ་འབར། །གཡུང་དྲུང་ཐིག་ལེ་འོད་ཀྱི་གསས་མཁར་ནི། །བང་རིམ་ལྔ་པ་རི་རབ་ཅན། །དེ་སྟེང་ཤེལ་འོད་གྲུ་གསུམ་འབར། །འོད་ཟེར་གུར་ཁང་ཕུབ་པ་འདྲ། །བྲེ་སྲོག་ཆར་ཁེབས་སྟོབས་འཁོར་དང་། །བྱ་རུ་ཏོག་དབལ་དར་བརྒྱད་རློབས། །གཡུང་དྲུང་གསལ་བའི་ཁ་ཕྲོམ་ཅན། །འཁྱིལ་བའམ་ནི་འཁྲིག་པའི་ཚུལ། །ཤེལ་དཀར་མེ་འོད་གྲུ་གསུམ་འབར། །དབལ་གྱི་ཚ་ཚ་ཐོག་ལྟར་འདྲིལ། །ཚོགས་བརྒྱད་སྤྲུལ་པའི་གསས་མཁར་བརྒྱད། །”3. ཅེས་གསས་མཁར་མཚན་རྫོགས་ཞེས་པའི་ཐ་སྙད་མ་གསལ་རུང་དོན་འོག་ནས་འབྱུང་བའི«ལས་ཐིག་གསང་བའི་འགྲེལ་པ»ནས་བསྟན་པ་ལྟར་ཕལ་ཆེར་མཐུན་པར་མ་ཟད། དེའི་ཁུངས་ཀྱང་རྒྱུད་འདིའམ་འདི་དང་འདྲ་བ་ཞིག་ཡིན་འདུག་སྙམ་པའང་དཔྱད་ན་ཤེས། ཡང་སྤྱི་སྤུངས་འཕྱོང་ཆེན་སྡེ་དགུའི་རྒྱུད་ལས«འགུ་ཡ་གཏིང་རྫོགས་དབང་གི་འཕྱོང»ལས། “ཕྱིའི་ཟླ་གམ་བཅུ་གཉིས་ཀྱི་ཁ་དོག་སྤྱི་དང་མཐུན་ཏེ། མཚན་རྫོགས་སུ་བྲིས།” 4. ཞེས་གསུངས་པའི་ཟླ་གམ་བཅུ་གཉིས་ནི་རིག་པ་དང་སྒོ་བ་སྤྱི་སྡོམ་ཡིན་ལ། དེའི་ཁ་དོག་སྤྱི་དང་མཐུན་པ་ནི་སྒོ་བའི་གདན་དང་། མཚན་རྫོགས་ནི་འདིར་བསྟན་རིག་པའི་གསས་མཁར་བརྒྱད་མཚན་རྫོགས་དགོས་པ་དང་དེའི་ཐ་སྙད་དངོས་སུ་གསལ་འདུག་པས་འདིར་ཁུངས་སུ་དྲངས་པ་ཡིན།
༢༽ལས་ཐིག་གསང་བའི་འགྲེལ་པ་ནས་བསྟན་ཚུལ།
   དེ་ལ་ཞང་བོད་མཁས་པ་མི་བཞིས་མཛད་པའི«དབང་ཆེན་གཞུང་སྐབས་གསལ་བྱེད་ལས་ཐིག་གསང་བའི་འགྲེལ་བ»ལས། “དེའི་ཕྱི་རིམ་ཟླ་གམ་བརྒྱད་གསས་མཁར་མཚན་རྫོགས་སུ་བྲི་བ་ནི། ས་ལེ་སྒྲོན་མ་དཀར། འཕྲུལ་གྱི་རྔ་གཤང་སེར། གཡུ་བུན་སྔོ། བདུད་རྩི་མཐིང་། རི་རྒྱལ་སེར། ཁ་སྒྲོམ་སྔོ་སྐྱ། སྤྲུལ་པ་ཐོག་མེད་དམར། གཡུང་དྲུང་དཀར་པོ།” 5. ཞེས་ཟླ་གམ་བརྒྱད་ནི་རིག་པ་ཡབ་ཡུམ་བཅུ་དྲུག་གི་གདན་ཡིན་ལ་དེ་ཡང་ཚོན་བཀྱེ་ཚུལ་གསས་མཁར་མཚན་རྫོགས་ཞེས་ཕྱོགས་མཚོན་དང་མཛེས་མཚོན་ལྟ་བུ་མ་ཡིན་པར་དམིགས་བསལ་ལྷ་སོ་སོའི་གསས་མཁར་གྱི་མཚོན་དོན་དང་མཚུངས་པའི་ཚོན་མདོག་དང་། དེ་ཡང་ཤར་ནུབ་སོགས་དངོས་སུ་མ་གསལ་རུང་གཞུང་དང་བསྐྱེད་ཆོག་སྐབས་ལྟར་དཔྱད་ན་ཤེས་སླ།
   ཡང་འགྲེལ་པ་དེ་ཉིད་ཀྱི་མངོན་རྟོགས་སྐབས་གོང་མ་དེ་ལས་རྒྱས་པར་བསྟན་པ་ནི།  དེ་ཉིད་ལས།  “ཤར་གསས་མཁར་དེའི་ནང་དུ་རྟགས་ཕྱི་རུ་ཤར་བ་ནི། ཤར་སྲ་བརྟན་ས་ཡི་གསས་མཁར་ལ་འོད་ཟེར་འཕྲོས་པས། མུན་མེད་ས་ལེ་སྒྲོན་མའི་གསས་མཁར་ནི། ཕྱི་དཀར་ལ་འཇམ་ཞིང་ནང་གསལ་ལ་དང་པ་ལ། ཤེལ་གྱིས་༼གྱི༽ཚ་ཚ་སྐར་ལྟར་འཁྲུག་པར་བསྐྱེད། བྱང་ཕྱོགས་གཡོ་བ་རླུང་གིས་༼གི༽གསས་མཁར་ལ་འོད་ཟེར་འཕྲོས་པས། འཕྲུལ་གྱིས་༼གྱི༽རྔ་གཤང་སྒྲའི་གསས་མཁར་ནི། ཕྱི་སེར་ལྗང་ལ་དབལ་གྱི་འོད་ཟེར་འཕྲོས་པས། ནང་གསེར་མདང་༼འདིར་ཚིག་འགའ་ཤས་ཆད་པ་འདྲ༽   ནུབ་གསལ་བྱེད་འབར་བ་མེ་ཡི་གསས་མཁར་ལས་༼ལ༽འོད་ཟེར་འཕྲོས་པས། ནུབ་གཡུ་བུན་རླུང་གིས་༼གི༽གསས་མཁར་ནི།  ཕྱི་སྔོ་ལ་དང་པ། ནང་དམར་ལ་འཚེར་བས།༼བ༽ གཡུའི་ན་བུན་སྤྲིན་ལྟར་གཏིབ་པར་བསྐྱེད། ལྷོ་ཀུན་གསོ་རླན་བྱེད་ཆུའི་གསས་མཁར་ལ་འོད་ཟེར་འཕྲོས་པ། ལྷོ་ཀུན་གྲག་བདུད་རྩི་གྲོལ་བའི་གསས་མཁར་ནི།  ཕྱི་བདུད་རྩི་ཁ་སྒྲོམ་དཀར་པོ་ལ། བདུད་རྩི་ཟིལ་པ་ཆགས་པ། བདུད་རྩི་ཆུ་རྒྱུན་ཟུར་ལ་འབབ་པ། ནང་སྔོ་ལ་དང་པ་རྒྱ་མཚོ་འཁྱིལ་པར་བསྐྱེད། ལྷོ་ཤར་ས་ཆུ་སྤྲུལ་པའི་འོད་ཟེར་འཕྲོས་པ། བྱིན་ཆེན་རི་རྒྱལ་ལྷུན་པོའི་གསས་མཁར་ནི། ཕྱི་གསེར་ལ་ནང་དཀར་ལྗང་གྱིས་༼གྱི༽ཚ་ཚ་འཕྲོ་བར་བསྐྱེད། བྱང་ཤར་ས་རླུང་ལ་སྤྲུལ་པའི་འོད་ཟེར་འཕྲོས་པ། ནམ་མཁའ་ཁ་སྒྲོམ་ངར་གྱི་གསས་མཁར་ནི། ཕྱི་སྔོ་ལྗང་ནང་མཐིང་སྔོན་ལ། ཁྲོ་ཆུའི་ཚ་ཚ་འཕྲོ་བས། བྱང་ནུབ་མེ་རླུང་སྤྲུལ་པའི་འོད་ཟེར་འཕྲོས་པ། སྤྲུལ་པ་ཐོག་མེད་ལས་ཀྱི་གསས་མཁར་ནི། ཕྱི་མཆོང་གུར་སྨུག་པོ་ལ། ནང་བྱི་རུའི་མདང་ཆགས་ཤིང་འོད་ཟེར་འཕྲོས་༼འཕྲོ༽བར་བསྐྱེད། ལྷོ་ནུབ་མེ་ཆུ་སྤྲུལ་པའི་འོད་ཟེར་འཕྲོས་པ། གཡུང་དྲུང་ཐིག་ལེ་འོད་ཀྱི་གསས་མཁར་ནི། ཕྱི་ཤེལ་དཀར་གྱིས་༼གྱི༽མཁར་ཕུབ་པ་འདྲ་བ་ལ། གཡུང་དྲུང་གསལ་བའི་ཁ་བད་ཅན། ནང་དཀར་ལྗང་ཆུ་རིས་བཀྲ་བར་བསྐྱེད། ”6. ཅེས་གསས་མཁར་བརྒྱད་པོ་ལ་ཕྱི་དང་ནང་གཉིས་ཀྱི་དབྱེ་བ་དང་དེ་དག་གི་མདོག་དབྱིབས་སོགས་རྒྱས་པར་བསྟན་པ་གོང་མ་དེའི་རྒྱས་འགྲེལ་ལྟ་བུ་ལས་གཞི་རྩའི་དགོངས་དོན་གཅིག་ཏུ་བབ་པར་སྣང་།
༣༽གསང་བ་དོན་འགྲེལ་ནས་བསྟན་ཚུལ།
   ཡང་«དབལ་གསས་སྐུ་རྫོགས་རྩ་རྒྱུད་གསང་བ་དོན་འགྲེལ་གྱི་སྟོད་འགྲེལ»ལས། “ཟླ་གམ་གསས་མཁར་མཚན་ལྡན་ནི། །ས་ལེ་སྒྲོན་མ་དཀར་པོ་ཡིན། །སྒྲ་ནི་སྣང་ལྡན་གསེར་འོད་འབར། །དྲི་ནི་གཡོ་བྱེད་སྔོ་ལ་གདང་། །བདུད་རྩི་སྔོ་གདང་ཆུ་འདྲ་ལ། །ཤེལ་འོད་དཀར་པོའི་ཁ་བྲོམ་ཅན། །རང་བཞིན་འགྱུར་མེད་སེར་པོ་ཡིན། །ནམ་མཁའ་གཡུ་མདངས་སྔོན་པོ་ཡིན། །ཐོགས་མེད་ཡིད་ལ་ཁ་དོག་མེད། །དྲང་བའི་དོན་དུ་དམར་པོ་གྱིས། །གསལ་དཀར་རྩ་ལ་གནས་པའི་ཕྱིར། །འོད་ལ་ངེས་པ་མེད་པ་ཡིན། །འོན་ཀྱང་དཀར་པོ་བྱས་པའི་༼པས༽ཆོག །གཡོན་དམར་རྩ་ལ་གནས་པའི་༼པས༽ཀྱང་། །འོན་ཀྱང་དམར་པོར་བྱས་པའི་༼པས༽ཆོག །”7. ཅེས་གསུངས་ཤིང་ལུང་དེའི་དགོངས་དོན་ཡང་འགའ་ཞིག་དྲང་ངེས་ཀྱི་ཞིབ་ཆ་མཛད་པ་ལས་གཞི་རྩའི་དགོངས་པ་ལས་ཐིག་གསང་བའི་འགྲེལ་དང་མཐུན་ཞིང་ཐ་སྙད་ལ“གསས་མཁར་མཚན་ལྡན”ཞེས་པ་བཀོད་འདུག །
༤༽དཔལ་གྱི་དགོངས་པ་ལྟར་བསྟན་ཚུལ།
   དེ་ཡང་ཞུ་གཡས་ཡེ་ཤེས་རིན་ཆེན་གྱིས་མཛད་པའི«སྤྱི་སྤུངས་གསལ་བའི་སྒྲོན་མ»ལས།  “ཟླ་གམ་བརྒྱད་དམར་པོ་བྲིས་༼ཡབ་ཡུམ་གང་རུང་གི་ཁ་དོག་སྦྱར་གཉོས་གསུངས། ཡུམ་དང་བསྟུན་པ་ཞུ་ཡིས་གསུངས་སྐད༽ལ་ལྷ་སྒོ་དགུའི་དབལ༼མུ་མེན་དཀར། རྔ་གཤང་སེར། གཡུ་བུན་སྔོ། བདུད་རྩི་ལྗང་། རི་རྒྱལ་སེར། ཁ་སྒྲོམ་སྔོ་སྐྱ། ཐོག་མེད་ལྗང་ནག །ཐིག་ལེ་དཀར་དཔལ་གསུངས༽ཆགས་པར་བྲི།” 8. ཞེས་སྤྱིར་ན་ཟླ་གམ་བརྒྱད་ལ་ཚོན་མདོག་བཞེད་སྲོལ་མི་འདྲ་བ་འགའ་ཞིག་བསྟན་པ་ལས། མཆན་ཕྱི་མ་དེར“དཔལ་གསུངས”ཞེས་པའི་དཔལ་དེ་རྨེའུ་མཁས་པ་དཔལ་ཆེན་ཡིན་ནམ་སྙམ་ཞིང་གང་ལྟར་མཁས་པ་དེའི་བཞེད་སྲོལ་ཁ་གསལ་དུ་འཁོད་པས་འདིར་ཁ་བྱང་དུ་དཔལ་གྱི་དགོངས་པ་ཞེས་སྦྱར་ཏེ་དཔྱད་གཞིར་བཀོད་པ་ཡིན།
༥༽སྤྱི་སྤུངས་གསལ་བའི་སྒྲོན་མ་ནས་བསྟན་ཚུལ།
   དེ་ཡང་ཞུ་གཡས་ཡེ་ཤེས་རིན་ཆེན་གྱིས་མཛད་པའི«སྤྱི་སྤུངས་གསལ་བའི་སྒྲོན་མ»ལས། “བརྒྱད་གསས་མཁར་མཚན་རྫོགས་ནི་ལྷ་ཡི་སྐུ་མདོག་དང་སྦྱར་ཏེ་ཤར་དཀར་བྱང་སེར་ནུབ་དམར་༼ཁྲོ་གཞུང་དུ་དམར་ལྗང་ཡིན་པར་གསལ༽ལྷོ་སྔོ་ལྗང་ལྷོ་ཤར་སེར་སྐྱ་བྱང་ཤར་སྔོ་སྐྱ་བྱང་ནུབ་དཀར་ལྗང་ལྷོ་ནུབ་དཀར་པོ་བྲི།” 9. ཞེས་གསལ་བ་ནི་ལྷ་ཡི་སྐུ་མདོག་དང་སྦྱར་ཞེས་རིག་པ་ཡབ་བརྒྱད་ཀྱི་སྐུ་མདོག་ལྟར་མཛད་པ་དང་། གོང་དུ“ཟླ་གམ་བརྒྱད་དམར་པོ་བྲིས”ཞེས་གསུངས་པ་ནི་འདི་ལས་གཞུང་གཞན་གྱི་དགོངས་དོན་ཡིན་ནམ་སྙམ་སྟེ། དེ་མིན་མཁས་པ་གཅིག་གི་བཞེད་པ་དང་ཡིག་ཆ་གཅིག་གི་དགོངས་དོན་ལ་ལུགས་མི་འདྲ་བ་གཉིས་ཡོང་ཐབས་མེད་པ་ལྟ་བུ་ཡིན།
༦༽གཡོར་མེ་ལྟར་འགྲོ་མགོན་ཁྲོ་འགྲེལ་ནས་བསྟན་ཚུལ།
   དེ་ཡང་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི«གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་འགྲེལ་བ་གསལ་བྱེད་ཉི་མའི་འཁོར་ལོ»ལས། “ཟླ་གམ་བརྒྱད་གསས་མཁར་མཚན་རྫོགས་ལ་ཞུ་ཡིས་ཡུམ་དང་སྦྱོར་བ་དང་གཉོས་ཀྱིས་ཡབ་ཀྱི་སྐུ་མདོག་དང་སྦྱོར་མོད་ཀྱིས་འོན་ཀྱང་མེ་ཡིས་གསས་མཁར་གྱི་མཚན་དོན་མཐུན་དུ་འབྲི་སྟེ་འདི་ལྟར་མུན་མེད་དཀར། རྔ་གཤང་སེར། གཡུ་བུན་སྔོན། ཀུན་གྲགས་ལྗང་། རི་རྒྱལ་སེར། མཁའ་སྒྲོམ་སྔོ་སྐྱ། ཐོག་མེད་ལྗང་ནག །ཐིག་ལེ་དཀར་པོ་བྱ་གསུང་ངོ་། །”10. ཞེས་འདི་ལ་སྤྱིར་མཁས་པ་སོ་སོའི་བཞེད་ཕྱོགས་མི་འདྲ་བ་འགའ་ཡོད་པ་ལས་རང་ལུགས་མེ་ཞེས་མཚན་ལྡན་གཡོར་པོ་མེ་དཔལ་གྱི་དགོངས་བཞེད་ལྟར་ལྷ་ཡབ་ཡུམ་གྱི་སྐུ་མདོག་ལྟར་མ་ཡིན་པར“གསས་མཁར་མཚན་རྫོགས”ཏེ་གསས་མཁར་སོ་སོའི་མདོག་ལྟར་བཞེད་འདུག །
༧༽རྗེ་མཉམ་མེད་པའི་དཀྱིལ་འཁོར་ཐིག་རྩ་ནས་བསྟན་ཚུལ།
   དེ་ཡང་རྗེ་མཉམ་མེད་ཆེན་པོས་མཛད་པའི«མཚན་མ་རྡུལ་ཚོན་ཐིག་ཚོན་གསལ་བྱེད་མེ་ལོང»གི་ཁྲོ་བོ་ངོ་མཚར་རྒྱས་པའི་དཀྱིལ་འཁོར་སྐབས། “གཞི་མ་སེར་ལ་ཟླ་གམ་བརྒྱད་ལ་བཞེད་པ་མང་ཡོད་ཀྱང་། མུ་མེན་དཀར་ལ་རྔ་གཤང་སེར་པོ་སྟེ། གཡུ་བུན་སྔོ་ལ་ཀུན་གྲགས་ལྗང་ཁུའོ། །བྱིན་ཆེན་སེར་སྐྱ་ནམ་མཁའ་སྔོ་སྐྱའོ། །ཐོགས་མེད་ལྗང་ནག་ཐིག་ལེ་དཀར་པོའོ། །”11. ཞེས་པ་སྤྱིར་མཁས་པའི་བཞེད་སྲོལ་འདྲ་མིན་ཡོད་པ་ལས་རང་བཞེད་གསས་མཁར་མཚན་རྫོགས་ལྟར་བཞག་མཛད་འདུག །
༨༽སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་ཐིག་རྩ་ནས་བསྟན་ཚུལ།
   དེ་ལ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི«ལས་བཞི་རྒྱུན་ལྔའི་ལག་ལེན་ཉེར་མཁོ་སྣང་གསལ་མེ་ལོང་ལས་ལེའུ་གསུམ་པ་མེ་ཐབ་རྡུལ་ཚོན་གྱི་རིམ་པ»ཞེས་པ་ལས་ཁྲོ་བོ་དབང་ཆེན་གྱི་དཀྱིལ་འཁོར་རྐྱང་དེད་སྐབས་སུ། “མུན་༼ཤར༽དེ་དཀར། རྔ་༼བྱང༽གཤང་སེར། གཡུ་༼ནུབ༽བུན་སྔོ། ཀུན་༼ལྷོ༽གྲགས་ལྗང་། བྱིན་༼ལྷོ་ཤར༽ཆེན་སེར་སྐྱ། ནམ་༼བྱང་ཤར༽མཁའ་སྔོ་སྐྱ། སྤྲུལ་༼བྱང་ནུབ༽པ་ལྗང་ནག །ཐིག་ལེ་༼ལྷོ་ནུབ༽དཀར་པོའོ། །ལ་ལས་ཡུམ་གྱི་མཚན་ཏེ། ལི་ཤག་དམར། སོགས་བྱེད་པར་འདོད། ” 12. ཅེས་རང་ལུགས་རིག་པ་ཡབ་ལྟར་དང་གཞན་དུ་ཡུམ་གྱི་མདོག་ལྟར་བྱེད་སྲོལ་ཡོད་པའང་ཞོར་དུ་བསྟན་གནང་འདུག །
༩༽མཁན་ཆེན་ཉི་མ་བསྟན་འཛིན་གྱི་ཐིག་རྩ་ནས་བསྟན་ཚུལ།
   མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི«སྦྱིན་སྲེག་ཆེན་པོའི་༼མོའི༽ཐིག་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ»ལས།  “དེ་རྒྱབ་ཟླ་གམ་བཅུ་གཉིས་ཀྱི་བརྒྱད་ནི་གསས་མཁར་ཚོན་རྫོགས་བྱ་སྟེ། མུ་མེད་དཀར། རྔ་གཤང་སེར། གཡུ་བུན་སྔོ། ཀུན་གྲགས་ལྗང་། བྱིན་ཆེན་སེར་སྐྱ། ནམ་མཁའ་སྔོ་སྐྱ། སྤྲུལ་པ་ལྗང་ནག །ཐིག་ལེ་དཀར་པོའོ། །”13. ཞེས་གསས་མཁར་མཚན་རྫོགས་ལ་ཚོན་རྫོགས་ཞེས་པ་ཙམ་ལས་གཞན་ཕལ་ཆེར་ལས་ཐིག་འགྲེལ་སོགས་དང་འདྲ།
༡༠༽ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའི་ཐིག་རྩ་ནས་བསྟན་ཚུལ།
   ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེས་མཛད་པའི«ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད»ཅེས་པ་ལས། ཁྲོ་བོ་དབང་ཆེན་གྱི་དཀྱིལ་འཁོར་མཁས་བཞིའི་ཕྱག་བཞེས་དགོངས་དོན་ལྟར་བསྟན་སྐབས། “དེ་རྒྱབ་ཟླ་གམ་བརྒྱད་པོ་ལ། །གསས་མཁར་མཚན་རྫོགས་འབྲི་བ་སྟེ། །ཤར་ཕྱོགས་ས་ལེ་སྒྲོན་མ་དཀར། །བྱང་ཕྱོགས་འཕྲུལ་གྱི་རྔ་གཤང་སེར། །ནུབ་ཕྱོགས་གཡུ་བུན་འཐིབ་པ་སྔོ། །ལྷོ་ཕྱོགས་བདུད་རྩི་གྲོལ་བ་ལྗང་། །ལྷོ་ཤར་རི་རྒྱལ་ལྷུན་པོ་སེར། །བྱང་ཤར་ཁ་སྒྲོམ་སྔོ་སྐྱ་ལ། །བྱང་ནུབ་སྤྲུལ་པ་ཐོགས་མེད་དམར། །ལྷོ་ནུབ་གཡུང་དྲུང་ཐིག་ལེ་དཀར། །”14. ཞེས་དང་། ཡང་ཀུན་རིག་ལས་བཞིའི་དཀྱིལ་འཁོར་སྐབས་སུ། “མུ་མེད་དཀར་ལ་རྔ་གཤང་སེར། །གཡུ་བུན་སྔོ་ལ་ཀུན་གྲགས་ལྗང་། །བྱིན་ཆེན་སེར་ལ་ནམ་མཁའ་སྔོ། །སྤྲུལ་པ་ལྗང་ནག་ཐིག་ལེ་དཀར། །”15. ཞེས་གོང་དུ“སྤྲུལ་པ་ཐོགས་མེད་དམར”ཞེས་དང་། འདིར“སྤྲུལ་པ་ལྗང་ནག”ཅེས་མི་འདྲ་བར་བསྟན་འདུག་པ་རྒྱུ་མཚན་དམིགས་བསལ་ཡོད་མེད་སོགས་དཔྱད་བྱར་སྣང་།

༡༡༽དེ་དག་ལ་མཐའ་ཅུང་ཟད་དཔྱད་པ།
   དེ་ལྟར་གོང་དུ་ལུང་དྲངས་པའི་ཡིག་ཆ་སོ་སོའི་བསྟན་དོན་དང་ཕན་ཚུན་འདྲ་བའམ་མི་འདྲ་བའི་ཁྱད་པར་རྣམས་གསལ་པོར་ཤེས་རྟོགས་ཐུབ་ལ། ད་དུང་དེ་མཚུངས་ཀྱི་ཡིག་ཆ་གཞན་པ་ཡང་ཡོད་སྲིད་མོད་གཙོ་ཆེ་བ་འདི་དག་ངེས་པ་ཡིན་པས་ད་ལན་འདིར་ཡང་དཔྱད་གཞི་དེ་ཙམ་དུ་བཀོད་པ་ཡིན། གཞི་རྩའི་ཁུངས་ནི་ཤར་མུ་མེད་ས་ལེ་སྒྲོན་མེའི་གསས་མཁར་སོགས་ཕྱོགས་མཚམས་གསས་མཁར་བརྒྱད་ཀྱི་ཁ་དོག་ལྟར་དང་། ཡང་ན་ཤར་མཐོང་གསས་སྒྲོན་མ་སོགས་ལྷ་ཡི་སྐུ་མདོག་དང་སྦྱར་བའི་རིགས་གཉིས་ལ་མ་འདུས་པ་མེད་པ་ལྟ་བུར་འདུག་ཅིང་། དེ་དག་ལས་སེར་པོ་དང་། སེར་སྐྱ། གསེར་མདོག་དང་། ཡང་སྔོན་པོ་དང་། སྔོ་སྐྱ། ནམ་མཁའི་མདོག་ལྟ་བུ་ལ་ཁྱད་པར་དེ་ཙམ་མི་ཆེ་རུང་། ཁྱད་པར་མངོན་གསལ་ཡོད་པ་བྱང་ནུབ་སྐབས་དམར་པོ་བྱས་པ་ལས་ཐིག་འགྲེལ་སོགས་ལུགས་གསུམ་དང་། ལྗང་ནག་བྱས་པ་དཔལ་གྱི་དགོངས་པ་སོགས་དྲུག་ཏུ་བྱུང་ཞིང་། དེ་ཉིད་སྤྱི་སྤུངས་གསལ་བའི་སྒྲོན་མར་དཀར་ལྗང་དུ་བཞེད་ལ། དེའི་ནུབ་ལའང་དམར་པོར་བཞེད་པ་ནི་གཞན་དང་མི་འདྲ་བ་མངོན་གསལ་ཅན་དུ་འདུག །འོ་ན་དེ་དག་ལས་གང་ཞིག་ནོར་བའམ་གང་ཞིག་འཐད་དམ་སྙམ་ན།  སྤྱིར་ན་གོང་བཤད་ལྟར་དཀྱིལ་འཁོར་ཐིག་ཚོན་ལུགས་འདིའི་ཁུངས་ནི་མཁས་བཞིའི་ཕྱག་བཞེས་སམ«ལས་ཐིག་གསང་བའི་འགྲེལ་བ»ཞེས་པའི་ལུགས་ཡིན་པ་ལྟར་བྱས་ན་གཞུང་དེ་དང་མཐུན་དགོས་པ་ནི་བསྙོན་དུ་མེད་ཅིང་།  གཞུང་དེའི་དགོངས་པ་ནི་གསས་མཁར་གྱི་ཁ་དོག་ལ་སྦྱར་ནི་གོང་དུ་ལུང་ཚིག་དངོས་དྲངས་པས་ཀྱང་ཤེས་ལ། དེའི་མིང་ལའང“གསས་མཁར་མཚན་རྫོགས”ཞེས་པས་ཀྱང་ཤེས་ཐུབ།  འོན་ཏེ«སྤྱི་སྤུངས་གསལ་བའི་སྒྲོན་མ»ལྟ་བུ་འགའ་ཤས་ལྷ་ཡབ་ཀྱི་སྐུ་མདོག་ལ་སྦྱར་བར་གསུངས་པ་དང་། ཡང་འགའ་ཤས་ཡུམ་གྱི་སྐུ་མདོག་ལའང་བྱེད་པར་གསུངས་པ་ལྟར་ན། ལྷ་ཡབ་ཡུམ་གྱི་མཚན་དང་བཞུགས་སའི་ཕྱོགས་སྐུ་མདོག་བཅས་གང་ཡིན་པ་ནི་གཤེན་གཏེར་ཁྲོ་གཞུང་ལྟར།  ཡབ་བརྒྱད་ནི་ཤར་མཐོང་གསས་སྒྲོན་མ་དཀར། བྱང་སྙན་ལྷ་ཧོ་སངས་གསེར་མདོག །ནུབ་ཤངས་ལྷ་རོམ་པོ་དམར་ལྗང་།  ལྷོ་མགུལ་ལྷ་བྱང་ཡུག་སྔོ་ལྗང་། ལྷོ་ཤར་ཚིག་ལྷ་གྱུར་བུ་སེར་སྐྱ། བྱང་ཤར་གནམ་གྲགས་ངར་ཆེན་སྔོ་སྐྱ། བྱང་ནུབ་མ་པང་ལྷ་ཆེན་དཀར་ལྗང་། ལྷོ་ནུབ་དཀར་པོ་གནས་འཛིན་དཀར་པོའོ། །ཡུམ་བརྒྱད་ནི། ཤར་ལི་ཤག་དམར། བྱང་ཁ་ཤག་སྨུག །ནུབ་ལྒྱུམ་ཤག་སྔོ། ལྷོ་རེ་ཤག་མཐིང་ནག །ལྷོ་ཤར་ཚུ་ཤག་དཀར། བྱང་ཤར་རྒྱ་ཤག་གསེར་མདོག །བྱང་ནུབ་ལྐྱེལ་ཤག་ལྗང་ནག །ལྷོ་ནུབ་ཤེ་ཤག་དཀར་ལྗང་ངོ་། །དེ་ལྟར་དཔྱད་གཞི་གསས་མཁར་དང་ལྷ་ལ་སྦྱར་བ་གཉིས་སུ་བྱུང་བ་ལས་གཞི་རྐང་གསས་མཁར་གྱི་མདོག་ལྟར་སྦྱར་བ་ལ་ཕྱིས་སུ་རྒྱུ་མཚན་འདྲ་མིན་ལས་འཕྲོས་ཏེ་ལྷ་ཡབ་ཡུམ་གྱི་སྐུ་མདོག་ལ་སྦྱར་བའི་ལུགས་འདི་བྱུང་བ་ཡིན་ནམ་སྙམ་སྟེ། རྒྱུ་མཚན་ནི་ལས་ཐིག་གསང་བའི་འགྲེལ་དང་གསང་བ་དོན་འགྲེལ་གཉིས་ཆར་གསས་མཁར་ལ་སྦྱར་བ་ལས་ལྷ་ཡི་སྐུ་མདོག་ལ་སྦྱར་མི་འདུག་པས་སོ། །ཡང་ན་རྨ་གཏེར«སྐབས་འཕྲིན»ལས། “ཟླ་གམ་བརྒྱད་གསས་མཁར་མཚན་རྫོགས་སུ་བྲི།” ཞེས་པ་ཙམ་ལས་ཁ་དོག་སོ་སོར་མ་གསལ་སྟབས་དེའི་དགོངས་དོན་ལྷ་ཡབ་ཡུམ་གྱི་སྐུ་མདོག་དང་མཐུན་པར་བཀྲལ་བ་མིན་ནམ་སྙམ་པ་བྱུང་ཡང་དཔྱད་གཞི་ཙམ་ལས་ཁ་ཚོན་མ་ཆོད་པས་ཕྱིས་ཀྱི་མཁྱེན་ལྡན་དག་གིས་ཞིབ་ཏུ་དཔྱད་པར་འོས་སོ། །མདོར་ན་འདི་ཙམ་ཡང་དོན་ཆུང་དུ་མི་བསམ་པར་འབྲེལ་ཡོད་ཡིག་ཆ་ཁག་ལ་ཞིབ་དཔྱད་གནང་ན་དེ་མཚུངས་ཤེས་རྒྱུ་ཡང་མང་ལ།  གཞན་དུ་ཁྲོ་བོ་དབང་ཆེན་གྱི་དཀྱིལ་འཁོར་གསས་ཆེན་རུ་བཞིའི་ལྷ་གདན་སྐབས་གསས་མཁར་ཕྱོགས་མདོག་ཅེས་ཤར་ས་སེར། བྱང་རླུང་ལྗང་། ནུབ་མེ་དམར། ལྷོ་ཆུ་སྔོན་པོ་ཡིན་པ་ལས་ཐིག་གསང་བའི་འགྲེལ་བ་སོགས་ཡིག་ཆ་དུ་མར་གསལ་ཡང་། དེང་དུས་མང་པོ་ཞིག་གིས་ཕྱོགས་མདོག །ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སྔོན་པོར་བྱེད་པ་ཡང་མཁས་པ་རྣམས་ཀྱིས་མཉམ་པར་མ་བཞག་ཅིང་། བླུན་པོ་རྣམས་ནི་དེ་བས་གྲགས་པའི་རྗེས་སུ་འབྲང་རྒྱུ་ལས་མ་འདས་པས་མཐར་ངན་པ་རྒྱུན་འབྱམས་སུ་འགྲོ་བའི་ཉེན་ཁ་མེད་པ་ཡང་མི་འདུག་སྙམ་པ་ཡང་ཞོར་འཕྲོས་སོ། །
མཆན་འགྲེལ།
1. «དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད» ཤོག་ངོས། ༣༤༢པར་གསལ།
2. འདིའི་བསྡུར་དཔེ་གཞན་དུ་ཚིག་དོན་མི་འདྲ་བ་འགའ་ཡོད་འདུག་རུང་ཡིག་ཚོགས་དབང་གིས་མ་དཔེ་ལྟར་སོར་བཞག་བྱས་ཡོད།
3. «དབལ་གསས་རྔམ་པ་དྲག་ཟློག་གི་རྒྱུད་སྟོང་རི་ཐོ་ཆེན»   ཤོག་ངོས། ༣༦༧པར་གསལ།
4. «འགུ་ཡ་གཏིང་རྫོགས་དབང་གི་འཕྱོང»   ཤོག་ངོས། ༡༤༧པར་གསལ།
5. «དབང་ཆེན་གཞུང་སྐབས་གསལ་བྱེད་ལས་ཐིག་གསང་བའི་འགྲེལ་བ»ཤོག་ངོས། ༢༧༢པར་གསལ།
6. གོང་མཚུངས་ཤོག་ངོས། ༣༤༨པར་གསལ།
7. «དབལ་གསས་སྐུ་རྫོགས་རྩ་རྒྱུད་གསང་བ་དོན་འགྲེལ་གྱི་སྟོད་འགྲེལ»ཤོག་ངོས། ༥༥པར་གསལ།
8. «སྤྱི་སྤུངས་གསལ་བའི་སྒྲོན་མ»ཤོག་ངོས། ༢༧༩ པར་གསལ།
9. གོང་གསལ་ལྟར་ཤོག་ངོས། ༣༢༢པར་གསལ།
10. «གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་འགྲེལ་བ་གསལ་བྱེད་ཉི་མའི་འཁོར་ལོ» ཤོག་ངོས། ༨༥
11. «མཚན་མ་རྡུལ་ཚོན་ཐིག་ཚོན་གསལ་བྱེད་མེ་ལོང» ཤོག་ངོས། ༢༢༠པར་གསལ།
12. «ལས་བཞི་རྒྱུན་ལྔའི་ལག་ལེན་ཉེར་མཁོ་སྣང་གསལ་མེ་ལོང་ལས་ལེའུ་གསུམ་པ་མེ་ཐབ་རྡུལ་ཚོན་གྱི་རིམ་པ»ཤོག་ངོས། ༡༧༠པར་གསལ།
13. «སྦྱིན་སྲེག་ཆེན་པོའི་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ»ཤོག་ངོས། ༨༣ པར་གསལ།
14. «ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད།» ཤོག་ངོས།  ༡༠༩པར་གསལ།
15 གོང་མཚུངས་ཤོག་ངོས། ༡༦༣པར་གསལ།
དཔྱད་གཞིའི་ཡིག་ཆ།
༡༽སྟོན་པ་འཆི་མེད་གཙུག་ཕུད། «དབལ་གསས་རྔམ་པ་དྲག་ཟློག་གི་རྒྱུད་སྟོང་རི་ཐོ་ཆེན» སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། པོད་གོ་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོ།
༢༽སྟོན་པ་འཆི་མེད་གཙུག་ཕུད། «འགུ་ཡ་གཏིང་རྫོགས་དབང་གི་འཕྱོང»  སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། པོད་གོ་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོ།
༣༽སྟོན་པ་འཆི་མེད་གཙུག་ཕུད།  «དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད» སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། དེབ་ཕྲེང་དང་པོ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོ།
༤༽མཁས་པ་མི་བཞི། «དབང་ཆེན་གཞུང་སྐབས་གསལ་བྱེད་ལས་ཐིག་གསང་བའི་འགྲེལ་བ» གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ། དཔེ་གཟུགས། པོད་གྲངས། ༡༤༡
༥༽གསང་བ་འདུས་པ་སོགས།  «དབལ་གསས་སྐུ་རྫོགས་རྩ་རྒྱུད་གསང་བ་དོན་འགྲེལ་གྱི་སྟོད་འགྲེལ» གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ། དཔེ་གཟུགས། པོད་གྲངས། ༡༨༢
༦༽ཞུ་གཡས་ཡེ་ཤེས་རིན་ཆེན།  «སྤྱི་སྤུངས་གསལ་བའི་སྒྲོན་མ» དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས། དེབ་ཕྲེང་ལྔ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༧༽འགྲོ་མགོན་བློ་གྲོས་རྒྱལ་མཚན། «གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་འགྲེལ་བ་གསལ་བྱེད་ཉི་མའི་འཁོར་ལོ» གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་འགྲེལ་བ་གསལ་བྱེད་ཉི་མའི་འཁོར་ལོ་དང་ཀློང་རྒྱས་རྩོད་སྤང་། དེབ་གཟུགས།  སྦྲང་དཀར་པར་འདེབས་ཁང་།
༨༽མཉམ་མེད་ཤེས་རབ་རྒྱལ་མཚན། «མཚན་མ་རྡུལ་ཚོན་ཐིག་ཚོན་གསལ་བྱེད་མེ་ལོང» རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ། དེབ་ཕྲེང་བཅུ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོ།
༩༽སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། «ལས་བཞི་རྒྱུན་ལྔའི་ལག་ལེན་ཉེར་མཁོ་སྣང་གསལ་མེ་ལོང་ལས་ལེའུ་གསུམ་པ་མེ་ཐབ་རྡུལ་ཚོན་གྱི་རིམ་པ» དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས། དེབ་ཕྲེང་དགུ་པ།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༡༠༽མཁན་ཆེན་ཉི་མ་བསྟན་འཛིན། «སྦྱིན་སྲེག་ཆེན་པོའི་ཐིག་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ»  སྨྲ་དབང་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་གསུང་འབུམ། དེབ་ཕྲེང་བདུན་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོ།
༡༡༽ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ། «ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད» དཔེ་གཟུགས། ལག་བྲིས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།