རིག་འཛིན་འོག་མའི་རྣམ་དབྱེ།

[ཟླ་ཚེས། 2021-11-14 11:29:36][རྩོམ་པ་པོ།  བཀྲ་ཤིས་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གསང་གསུམ་བོན་གྱི་མཛོད་འཛིན་ལྷག་བའི་ལྷ། །
ལྷ་མཆོག་ཉིད་དང་དབྱེར་མེད་འགྲོ་བའི་མགོན། །
མགོན་མཆོག་རྩ་བའི་བླ་མའི་གསེར་ཞུན་སྐུ། །
མི་འགྱུར་གསེར་གྱི་ཁྲི་ལ་རྟག་བརྟན་མཛོད། །
   ཞེས་མདོ་སྨད་བོན་གྱི་བསྟན་བདག་སྨྲ་སེང་མི་ཡི་རྣམ་རོལ་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱལ་མཚོ་དཔལ་བཟང་པོ་མཆོག་ལ་མཆོད་པར་བརྗོད་པའི་མདུན་བསུས་ཏེ་ད་ཐེངས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྒྲིག་གཞི་ལྟར་རིག་འཛིན་འོག་མའི་རྣམ་དབྱེ་ཞེས་པའི་དཔྱད་རྩོམ་ཞིག་གི་དོད་དུ་འདི་ལྟར་ཉུང་ཉུང་ཞིག་འབྲི་ཁུལ་བྱས་པ་ནི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྒྲིག་གཞི་ལ་མཐོང་ཆེན་བྱས་པ་ལས་རང་ཉིད་ལ་དཔྱད་རྩོམ་ཞིག་འབྲི་བའི་རྣམ་དཔྱོད་དང་རྩལ་རྫོགས་ཀྱི་ཡོན་ཏན་ལ་སོགས་མེད་པར་སྨོས་མ་དགོས་སོ།  །རང་རློམ་ང་རྒྱལ་གྱི་ངང་ནས་བྲིས་པ་ག་ལ་ཡིན།
སྤྱིར་རྣམ་སྨིན་རིག་འཛིན་གྱི་རྒྱུད་ལ་ཉོན་མོངས་ཡོད་པ་འདོད་པ་དང་མེད་པ་འདོད་པའི་ལུགས་སུ་མི་མཐུན་པ་མང་པོ་ཡོད་ཀྱང་འདིར་རང་བློས་དཔག་ཚད་ཀྱི་ངང་ནས་རྒྱལ་བའི་བཀའ་དང་འཕགས་པའི་ལུང་ལ་སོགས་དུ་མ་གྲིལ་ཏེ་ཉོན་མོངས་ཡོད་པར་འདོད་པ་དང་མེད་པར་འདོད་པ་དང་རང་གི་འདོད་ཚུལ་བཀོད་པའི་ས་བཅད་རྣམ་པ་གསུམ་གྱི་ལམ་ནས་སྦྱར་བའོ། །
   དང་པོ། མ་རྒྱུད་ལས། རྟོག་པས་བཟུང་བའི་བག་ཆགས་བཀྲུས་བྱས་ཏེ་ཞེས་དང་།  ཡང་གསང་བ་ཐབས་ཞག་གཡུང་དྲུང་གསང་བའི་རྒྱུད་ལས། ལྷག་མའི་ལུས་མེད་འབྱུང་བའི་ལུས།  ཡོད་པ་མ་ཡིན་ལས་ཀྱི་ལུས། མེད་པ་ཞེས་བྱ་ཟག་པ་ནི།  མེད་པ་མ་ཡིན་མྱ་ངན་འདས། རྣམ་པར་སྨིན་ཞེས་བརྗོད་པའོ་ཞེས་དང་།  ཡང་མཆན་བཀའ་འགྲེལ་གསལ་བྱེད་ལས།  རང་གི་ལམ་རྟེན་སྔ་མ་མ་དོར་བ་དང་། རང་གི་ངོ་སྐལ་གྱི་སྤང་བྱའི་དངོས་གཉེན་དུ་སོང་པའི་རྟོགས་པ་རྒྱུད་ལྡན་གྱི་སྐྱེས་བུ་དེའོ་ཞེས་པའི་ངོ་སྐལ་གྱི་སྒྲིབ་པ་ལ་དངོས་གཉེན་དུ་འགྲོ་བ་བསྟན་པ་དང་།
   ཡང་གཉིས་པ། གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་ལས།  ལོག་པའི་འཇིགས་པ་ཀུན་བྲལ་ཏེ། ཉོན་མོངས་ལྔ་དང་ལྟུང་སྒོ་དགུ་མེད་ཅིང་ཞེས་དང་། ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ལས། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཟད་ནས་མཐོང་ལམ་དུ་ཞེས་པ་དང་། ཡང་འགྲེལ་ཉི་ཟེར་དྲ་བ་ལས།  དེ་ལ་རིག་འཛིན་གྱི་ངོ་བོ་ནི་སངས་རྒྱས་དང་སེམས་ཅན་གང་ཡང་མིན་པའི་ས་བཅུའི་གཡུང་དྲུང་སེམས་དཔའོ།  དེ་ནི་སངས་རྒྱས་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཡོད།  སེམས་ཅན་མ་ཡིན་ཏེ།  ཉོན་མོངས་པའི་སྒྲིབ་པ་བྱང་བའི་སྔགས་ཕྱི་བའི་སྐད་དུ་གཡུང་དྲུང་སེམས་དཔའ། ནང་གི་སྐད་དུ་རིག་འཛིན་ཡིན་ནོ་ཞེས་པའི་རིག་འཛིན་གྱི་ངོ་བོ་བསྟན་པ་དང་།  ཡང་གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་ལས། རང་གི་ཡིད་ཀྱིས་ཡི་དམ་ལྷའི། སྐུ་ཉིད་བཟུང་ཞིང་རང་ལུས་ཀྱི།  མདུད་པ་གྲོལ་ནས་ལྷ་སྐུ་ཉིད། རང་གི་རིག་པའི་མངོན་སུམ་དུ། གསལ་བ་གྱུར་བ་ལྷ་ཡི་སྐུ། ཕྱག་རྒྱ་སྨིན་ཞེས་བརྗོད་པའོ་ཞེས་དང་།
   གསུམ་པ། མདོར་ན་གཞུང་ཚིག་གོང་མ་དག་གིས་གྲུབ་པ་ལྟར་རྣམ་སྨིན་རིག་འཛིན་གྱི་རྒྱུད་ལ་ཉོན་མོངས་ཡོད་པ་བསྟན་པ་དང་མེད་པར་བསྟན་པའི་གཞུང་ཚིག་མི་འདྲ་བ་དུ་མ་ཡོད་ཀྱང་རང་བློས་ལྕོགས་ཚད་ཀྱི་ངང་ནས་སུན་འབྱིན་གྱི་ཚད་མ་གསུམ་གྱིས་སེལ་བ་བྱའོ། །རྟོག་པས་བཟུང་བའི་བག་ཆགས་བསྐྲུས་བྱས་ཏེ་ཞེས་པའི་ལུང་ཚིག་དེའི་རླུང་སེམས་གཉིས་ལས་མ་འདས་པའི་བསྐྱེད་རིམ་ཕྲ་མོས་སླད་པའི་སྒྱུ་ལུས་དེ་མ་དག་པའི་སྒྱུ་ལུས་བསྟན་པ་དང་། ཡང་གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་ལས། ལྷག་མའི་ལུས་མེད་འབྱུང་བའི་ལུས།  ཡོད་པ་མ་ཡིན་ལས་ཀྱི་ལུས། མེད་པ་ཞེས་བྱ་ཟག་པ་ནི།  མེད་པ་མ་ཡིན་མྱ་ངན་འདས། རྣམ་པར་སྨིན་ཞེས་བརྗོད་པའོ་ཞེས་པའི་ལུང་ཚིག་འདིའི་སྡུག་ལྡན་གྱི་ཕུང་པོའི་བཅས་པའི་རྣམ་སྨིན་རིག་འཛིན་དང་སྡུག་ལྡན་གྱི་ཕུང་པོ་དང་བྲལ་བའི་རྣམ་སྨིན་རིག་འཛིན་གཉིས་ཀར་བསྟན་པ་ཡིན། ཡང་མཆན་བཀའ་འགྲེལ་གསལ་བྱེད་ལས།  རང་གི་ལམ་རྟེན་སྔ་མ་མ་དོར་བ་དང་། རང་གི་ངོ་སྐལ་གྱི་སྤང་བྱའི་དངོས་གཉེན་དུ་སོང་པའི་རྟོགས་པ་རྒྱུད་ལྡན་གྱི་སྐྱེས་བུ་དེའོ་ཞེས་པའི་རྣམ་སྨིན་རིག་འཛིན་གྱི་ལུས་རྟེན་ཡིན་ན་ལུས་རྟེན་སྔ་མ་ཞིག་མ་དོར་བའི་སྟེང་དུ་རིག་འཛིན་གྱི་རྟོགས་པ་རྙེད་པ་དང་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བ་ལ་འཕེན་བྱེད་ཀྱི་ཉོན་མོངས་ལ་དངོས་གཉེན་དུ་བྱེད་པ་བསྟན་པ་ཡིན་ཚད་མ་འདིས་རྣམ་སྨིན་རིག་འཛིན་གྱི་རྒྱུད་ལ་འཁོར་བའི་ཉོན་མོངས་ཡོད་པ་འདོད་པ་ཁེགས་སོ། །
   ཡང་གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་ལས།  ལོག་པའི་འཇིགས་པ་ཀུན་བྲལ་ཏེ། ཉོན་མོངས་ལྔ་དང་ལྟུང་སྒོ་དགུ་མེད་ཅིང་ཞེས་པའི་དངོས་བསྐྱེད་མཐོང་ལམ་པའི་རྒྱུད་ལ་རྩ་བའི་ཉོན་མོངས་ལྔ་དང་། ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ལས། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཟད་ནས་མཐོང་ལམ་དུ་ཞེས་པའི་ཐེག་དམན་དགྲ་བཅོམ་རྟོགས་པ་སྔོན་དུ་སོང་ནས་དངོས་བསྐྱེད་མཐོང་ལམ་གསར་དུ་རྙེད་པའི་མཐོང་ལམ་པའི་རྒྱུད་ལ་ལས་ཉོན་གྱི་དབང་གིས་འཁོར་བ་འཕེན་བྱེད་ཀྱི་ཟག་པ་མེད་པར་བསྟན་པ་དང་དང་། ཡང་འགྲེལ་ཉི་ཟེར་དྲ་བ་ལས།  དེ་ལ་རིག་འཛིན་གྱི་ངོ་བོ་ནི་སངས་རྒྱས་དང་སེམས་ཅན་གང་ཡང་མིན་པའི་ས་བཅུའི་གཡུང་དྲུང་སེམས་དཔའོ།  དེ་ནི་སངས་རྒྱས་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཡོད།  སེམས་ཅན་མ་ཡིན་ཏེ།  ཉོན་མོངས་པའི་སྒྲིབ་པ་བྱང་བའི་སྔགས་ཕྱི་བའི་སྐད་དུ་གཡུང་དྲུང་སེམས་དཔའ། ནང་གི་སྐད་དུ་རིག་འཛིན་ཡིན་ནོ་ཞེས་པའི་རྣམ་སྨིན་རིག་འཛིན་དང་ཚེ་དབང་རིག་འཛིན་ཞེས་པའི་རིག་འཛིན་གང་གི་ཁྱད་པར་དུ་མ་ཕྱེས་པ་སྤྱིར་རིག་འཛིན་དེ་གསང་བ་སྔགས་ཀྱི་ལུགས་ལ་སེམས་ཅན་དང་སངས་རྒྱས་གང་ཡང་མ་ངེས་པ་བསྟན་པ་དང་སེམས་ཅན་ཡིན་ན་རང་རྒྱུད་ལ་ལས་ཉོན་ཡོད་དགོས་པ་དང་སངས་རྒྱས་མ་ཡིན་པའི་རྒྱུ་མཚན་རང་རྒྱུད་ལ་ཤེས་སྒྲིབ་ཡོད་པའི་རྒྱུ་མཚན་གྱིས་དེ་ལྟར་གསུངས་སོ། །ཡང་གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་ལས། རང་གི་ཡིད་ཀྱིས་ཡི་དམ་ལྷའི། སྐུ་ཉིད་བཟུང་ཞིང་རང་ལུས་ཀྱི།  མདུད་པ་གྲོལ་ནས་ལྷ་སྐུ་ཉིད། རང་གི་རིག་པའི་མངོན་སུམ་དུ། གསལ་བ་གྱུར་བ་ལྷ་ཡི་སྐུ། ཕྱག་རྒྱ་སྨིན་ཞེས་བརྗོད་པའོ་ཞེས་པའི་ཚིག་རྐང་དང་པོ་གཉིས་ཀས་རྣམ་སྨིན་རིག་འཛིན་རྒྱུད་ཀྱི་རྩ་དབུ་མའི་ནང་དུ་རིག་འཛིན་གྱི་སྐུ་ཚོན་གང་གྲུབ་པ་བསྟན་པ་དང་།  ཚིག་རྐང་བར་བ་གཉིས་ཀས་སྡུག་ལྡན་གྱི་ཕུང་པོ་དོར་བའི་རྣམ་སྨིན་རིག་འཛིན་བསྟན་པ་དང་། ཚིག་རྐང་གསུམ་པ་གཉིས་ཀས་རྣམ་སྨིན་རིག་འཛིན་གྱིས་མཐོང་ལམ་གསར་དུ་ཐོབ་པ་བསྟན་པ་དང་། ཚང་མ་སྡོམ་པའི་སྡུག་ལྡན་གྱི་ཕུང་པོ་དོར་བའི་རྣམ་སྨིན་རིག་འཛིན་དང་སྡུག་ལྡན་གྱི་ཕུང་པོ་མ་དོར་བའི་རྣམ་སྨིན་རིག་འཛིན་གཉིས་ཀ་བསྟན་པ་ཡིན་ནོ། །ཁ་ཅིག་གིས།  རྣམ་སྨིན་རིག་འཛིན་བོན་ཅན།  ཁྱོད་རིག་འཛིན་མ་ཡིན་པར་ཐལ།  ཁྱོད་ཀྱི་རྒྱུད་ལ་ཉོན་མོངས་པའི་སྒྲིབ་པ་ཡོད་པའི་ཕྱིར། ཁྱབ་པ་འགྲེལ་ཉི་ཟེར་དྲ་བ་ལས་གྲུབ་བོ། །མ་གྲུབ་ན།  དེ་བོན་ཅན། དེ་ཐལ། ཁྱོའི་རྒྱུད་ཀྱི་མཐོང་ལམ་གསར་དུ་གྲུབ་པའི་ཤེས་རབ་དེ་རང་དབང་མེད་པའི་འཁོར་བ་ལ་འཕེན་བྱེད་ཀྱི་ཉོན་མོངས་ལ་འཕྲད་དགོས་པའི་ཕྱིར། མ་གྲུབ་ན། དེ་བོན་ཅན། དེ་ཐལ། ཁྱོའི་རྒྱུད་ཀྱི་མཐོང་ལམ་གསར་དུ་གྲུབ་པའི་ཤེས་རབ་དེས་ཉོན་མོངས་པའི་སྒྲིབ་པ་ལ་དངོས་གཉེན་བྱེད་པའི་ཕྱིར། མ་གྲུབ་ན། དེ་བོན་ཅན།  དེ་ཐལ། ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་རྣམ་སྨིན་རིག་འཛིན་གྱི་མཚན་ཉིད་དམ་ངོ་བོ་བསྟན་པའི་སྐབས་སུ་རང་གི་ངོ་སྐལ་གྱི་སྤང་བྱའི་དངོས་གཉེན་དུ་སོང་པའི་རྟོགས་པ་རྒྱུ་ལྡན་གྱི་སྐྱེས་བུ་ཞེས་པའི་དངོས་གཉེན་འགྲོ་དགོས་པའི་ཕྱིར་ཞེས་པའི་ལུང་རིག་དེ་དག་གིས་གྲུབ་ཟེར་ན་དངོས་གཉེན་བྱེད་པ་ལ་འཕྲད་དགོས་པ་ཡིན་མོད་ཀྱང་འགྲེལ་ཉི་ཟེར་དྲ་བ་ལས་སེམས་ཅན་མ་ཡིན་ཏེ་ཉོན་མོངས་པའི་སྒྲིབ་པ་སྦྱངས་པའི་ཕྱིར་ཞེས་པའི་དགོངས་པ་ནི་རིག་འཛིན་ཡིན་ན་ཉོན་མོངས་པའི་དབང་གིས་སོང་བ་མེད་པའི་དོན་ཡིན་ནམ་སྙམ།
རྒྱལ་བའི་དགོངས་པ་མཚོ་ལྟར་ཟབ་པའི་རིག་གཞུང་ལ། །
ཤེས་མེད་བློ་ཆུང་བདག་གིས་གཞལ་བ་མི་ནུས་ཀྱང་། །
སྒྲིག་ལྟར་རྟོག་ཚོགས་ངང་ནས་བྲིས་པའི་ནོར་འཁྲུལ་དག །
བཀའ་སྐྱོང་སྲོང་མའི་ཚོགས་སུ་བཤག་ཞིང་བཤགས་པར་བགྱི། །
   བཀྲ་ཤིས་གཡུང་དྲུང་ནི་སྤྱི་ལོ་༡༩༩༢ལོ་ཟིང་ཆུ་རྫོང་གསེར་རྐང་སྡེ་བའི་གྲོང་དུ་ཕ་སྐུ་མཆོག་དང་མ་མཁས་ཀོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་རང་ལོ་བརྒྱད་ཀྱི་སྟེང་ནས་འཁོར་བ་ལས་རབ་ཏུ་བྱུང་ནས་མཁར་ཡག་དགོན་དུ་འཚོགས་གྲལ་དུ་ཞུགས་པ་ལེགས་སོ།  །དེ་ནས་རང་ལོ་བཅོ་ལྔའི་སྟེང་རྔ་བ་སྣང་ཞིག་དགོན་དུ་སླེབས་ནས་དགེན་དམ་པ་གཙུག་ཕུད་འོད་ཟེར་མཆོག་གི་མདུན་ནས་འདོན་པ་དང་འཕྲིན་ལས་སོགས་ལེགས་པར་སྦྱངས་ནས་རང་ལོ་བཅུ་བདུན་སྟེང་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་གསར་དུ་ཞུགས་ནས་ད་ལོ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་སྣང་ཞིག་དགོན་གྱི་ལས་ཐོག་བཀའ་རབ་འབྱམས་པའི་མཚན་རྟགས་བཞེས་བཞིན་ཡོད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།