གསང་སྔགས་མ་རྒྱུད་ནས་བསྟན་པའི་བསྲུང་བྱའི་དམ་ཚིག་བརྒྱ་རྩ་བརྒྱད་ཀྱི་འགྲེལ་ཀེ་ཏ་ཀའི་གཏེར་ཁྱིམ།

[ཟླ་ཚེས། 2020-10-18 10:58:27][རྩོམ་པ་པོ། མེས་པོའི་རྒྱུད་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གསང་སྔགས་མ་རྒྱུད་ནས་བསྟན་པའི་བསྲུང་བྱའི་དམ་ཚིག་བརྒྱ་རྩ་བརྒྱད་ཀྱི་འགྲེལ་ཀེ་ཏ་ཀའི་གཏེར་ཁྱིམ་ཞེས་བྱ་བ་བཞུགས།
མེས་པོའི་རྒྱུད་འཛིན།
སྤྱི་བསྡོམ་དང་། བྱེ་བྲག་སོ་སོར་རྩིས་པ་གཉིས་ལས
       དང་པོ་ནི། རྩ་བ་ལྔ་དང་། ཡན་ལག་ཉི་ཤུ། སྤྱི་དམ་སུམ་ཅུ། སྦོམ་པོ་བཅུ་དྲུག  ཉེས་བྱས་དགུ། ཆེ་བ་བཞི། རྣམ་འབྱོར་དྲུག  གཞི་ལམ་འབྲས་བུའི་སྐྱོན་དགུ། ལྟུང་བའི་ཡན་ལག་བདུན། དབང་མ་ཞུས་པ་དང་། གདར་ཤ་མ་ཆོད་པ་གཉིས་བཅས་བརྒྱ་དང་རྩ་བརྒྱད་དོ། །
        གཉིས་པ་ལ། རྩ་བ་ལྔ་ནི། ༡༽ལྷ་མཆོག་དཔོན་གསས་བླ་མ་ལུས་ངག་ཡིད་ཀྱིས་སྨད་པ་དང་། ༢༽ དབྱིངས་དགུའི་སྐུ་བསྐྱེད་ཀློང་དུ་ལྷ་མ་འདུས་པས་ཡི་དམ་སྤང་བ་དང་། ༣༽ དམ་ཉམས་དབང་གིས་བདེར་གཤེགས་བཀའ་ལས་འདས་པ་དང་། ༤༽ གྲོགས་མཆོག་གཡུང་དྲུང་སྤུན་ལ་འཁྲུགས་རྩོད་ཁྲོས་འཐབ་སྨོད་པ་དང་། ༥༽  རང་སེམས་མ་དག་དམ་ཚིག་གསང་སྒོར་ཤོར་བས་བྱང་ཆུབ་སེམས་སྤངས་བ་དང་ལྔའོ། །
ཡན་ལག་ཉི་ཤུ་ནི། རྩ་བ་ལྔ་པོ་རེ་རེ་ལ་བཞི་རེ་ཡོད་པས།

དང་པོ་དཔོན་གསས་ལ་བསྲུང་བའི་ཡན་ལག་བཞི་ནི།
    ༡༽  གསང་དོན་རྙེད་པ་ཇི་བཞིན་དམ་མི་བསྟན། ཞེས་པ། རང་གི་ཡི་དམ་གསང་སྔགས་ཀྱི་རྒྱུད་སྡེ་ནས་བསྟན་པའི་གདམས་པ་རང་གི་རྙེད་པའམ་ཤེས་པ་ཇི་བཞིན་མི་བསྟན་པ་དང་།
༢༽  གསང་(བའི་ཡན་ལག་) ༼བ་རྩ་འགག་༽ ཤེས་རབ་ངན་པས་བྱས། ཞེས་པ། གསང་སྔགས་ཀྱི་རྒྱུད་སྡེའི་དོན་རྩ་འགག་གྱུར་ནའང་རང་གི་རྟོགས་པ་རྣམས་ཤེས་རབ་ངན་པས་གཞན་ལ་མི་སྟོན་པ་དང་།
༣༽ སྣོད་ལྡན་བློ་ལ་ལུང་ལོག་འགལ་བར་སྟོན། ཞེས་པ། གསང་རྒྱུད་ཀྱི་ཡན་ལག་སྟེ་དམ་ཚིག་དང་དབང་དང་རིམ་གཉིས་ཀྱི་གདམས་པ་རྣམས་གདུལ་བྱ་གཞན་ལ་སྟོན་ན་ཡང་གསང་སྔགས་ཀྱི་སྣོད་ལྡན་གྱི་སློབ་མ་རྣམས་ལ་ལུང་ལོག་པར་སྟོན་པ་དང་།
༤༽ཡེ་ཤེས་གསང་རྨོངས་ཨ་དཀར་ཁས་ལེན་བྱེད། ཅེས་པ། ཡེ་ཤེས་ཀྱི་གསང་བ་ཞེས་གནས་ལུགས་རང་འབྱུང་གི་ཡེ་ཤེས་ཀྱི་དོན་ཇི་བཞིན་མི་ཤེས་རྨོངས་ན་ཡང་ཨ་དཀར་བ་ཆེན་པོ་སྟེ། གསང་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་ཡིན་ཞེས་ཁས་ལེན་བྱས་པ་རྣམས་སོ། བླ་མའི་ཡན་ལག་ཉམས་པ་མཐོལ་ལོ་བཤགས་ཞེས་པ། དེ་རྣམས་བསྒྲུབ་ཕྱོགས་ནས་ཚུལ་བཞིན་ལག་ཏུ་ལེན་པ་ལ་དཔོན་གསས་དང་སློབ་དཔོན་དུ་བཀུར་བ་ཡིན་པས་དེའི་ཡན་ལག་ཏུ་བཞག་པས་འདི་དག་ལ་ཉམས་འགལ་ཤོར་བ་རྣམས་ལ་སྟོབས་བཞིའི་སྒོ་ནས་མཐོལ་བཤགས་ཕུལ་བའོ། །
གཉིས་པ་ཡི་དམ་ལ་བསྲུང་བའི་ཡན་ལག་ལ་བཞི་སྟེ།
༡༽ ༼ཕུང་པོ་སངས་རྒྱས་རང་བཞིན་ཡབ་ལ་སྨོད་༽ཅེས་པ། ཕུང་པོ་བཞི་འམ་ལྔ་པོ་རྣམས་སངས་རྒྱས་ཡབ་ཀྱི་རང་བཞིན་དུ་བསྒྱུར་བའི་གཞི་ཡིན་པས་དེ་དང་ལྡན་པའི་འགྲོ་བ་ལ། རང་གི་ལུས་ངག་ཡིད་གསུམ་གང་རུང་གིས་སྨད་པ་སྟེ། ལུས་ཀྱིས་བརྡུང་བརྡེག་བྱ། ངག་གིས་ཚིག་རྩུབ་དང་ངག་འཁྱལ་གྱིས་སྒྲོ་སྐུར་དང་། ཡིད་ཀྱིས་མངན་སེམས་དང་གདུག་སེམས་སོགས་བྱ་བའོ། །
༢༽  ༼བུད་མེད་ཤེས་རབ་རང་བཞིན་ཡུམ་ལ་སྨོད༽ ་ཅེས་པ། བུད་མེད་མོ་རིགས་རྣམས་བདེ་སྟོང་ཡེ་ཤེས་བསྐྱེད་པའི་རིགས་དང་། ཡུམ་ཆེན་ལྷ་མོ་བསྒྱུར་བའི་གཞི་ཡིན་པས། དེ་རྣམས་ལ་རང་གི་ལུས་ངག་ཡིད་གསུམ་གང་རུང་གིས་སྔར་བཤད་པ་བཞིན་སྨད་པ་བྱ་བའོ། །
༣༽ ༼དགྲ་བགེགས་བསྟན་པའི་བདུད་ལ་བྱམས་སེམས་བསྐྱེད༽ཅེས་པ། རང་རྒྱུད་ཐེག་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླང་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པའི་གདུག་སེམས་ཅན་གྱི་འགྲོ་བ་དེ་ཡི་རྒྱུད་ཀྱི་ཉེས་ཚོགས་ཀྱི་རྒྱུན་གཅོད་པའི་ཐབས་ལ་མི་བརྩོན་པར། འགྲོ་བ་གཞན་བཞིན་བྱམས་པའི་སེམས་ཀྱིས་བསྐྱབས་པ་དང་།
༤༽ ༼ ཏིང་འཛིན་མ་གསལ་སྔགས་དང་ཕྱག་རྒྱ་ཆག༽ ཅེས་པ། ཏིང་འཛིན་རྣམ་གསུམ་གསལ་མ་ཐེབ་པས་རིམ་གཉིས་ཀྱི་རྣམ་བཞག་མེད་པ་དང་། ཡི་དམ་གྱི་འཛབ་སྔགས་བགྲང་བར་དམ་བཅས་པ་ཆག་པ་དང་། ཡི་དམ་གྱི་ཕྱག་རྒྱ་བསྒོམ་པ་དང་བསྒྱུར་བར་དམ་བཅས་པ་ཆག་པ་སོགས་སོ། ༼ཡི་དམ་ཡན་ལག་ཉམས་པ་མཐོལ་ལོ་བཤགས༽ ཅེས་པ། དེ་རྣམས་ཡི་དམ་གྱི་དམ་ཚིག་བསྲུང་བའི་ཐབས་ཀྱི་ཆ་ཡིན་པས་སྤང་བར་བྱ་བ་ཡི་དམ་གྱི་ཡན་ལག་ཏུ་བཞག་པ་ལ་ཉམས་ཆག་འགལ་འཁྲུལ་ཤོར་བ་རྣམས་སྟོབས་བཞིའི་སྒོ་ནས་མཐོལ་བཤགས་ཕུལ་བའོ། །
གསུམ་པ་བདེར་གཤེགས་བཀའ་ལ་བསྲུང་བའི་ཡན་ལག་ལ་བཞི་སྟེ།
༡༽ ༼རང་བཞིན་དག་པའི་བོན་ལ་སེམས་གཉིས་ཟ༽་ཞེས་པ། རང་བཞིན་གྱི་རྣམ་པར་དག་པ་སྟེ་དཔྱད་པ་གསུམ་གྱིས་དག་པའི་གསུང་རབ་ཟབ་མོ་རྣམས་ལ། བདེན་ནམ་མི་བདེན་དང་། བསླུ་འམ་མི་བསླུ་སོགས་སུ་ཐེ་ཚོམ་ཟ་བ་དང་།
༢༽༼ རང་གཞན་གྲུབ་པའི་མཐའ་ལ་སྨོད་པ་གཏོང་༽ཞེས་པ། རང་གི་གྲུབ་པའི་མཐའ་ནང་པ་གཤེན་རབ་དང་། གཞན་ཕྱི་པ་མུ་སྟེགས་པའི་གྲུབ་མཐའ་སོགས་ཇི་ལྟར་ཡིན་ནའང་། དེ་ལ་རང་གི་སྒོ་གསུམ་གང་རུང་གིས་སྒོ་ནས་སྨོད་པ་གཏོང་བ་དང་།                
༣༽ ༼བདེར་གཤེགས་རྒྱལ་བའི་བཀའ་ལ་ར་ཆོད་བྱེད༽ ཅེས་པ། བདེ་བར་གཤེགས་པའི་གསུང་རབ་ཟབ་མོ་རྣམས་ལ། ཚད་མ་དང་དེས་དྲངས་པའི་ངེས་ཤེས་སྐྱེས་པ་མེད་ནའང་། དེ་ཡི་དགོངས་དོན་འདི་དང་འདིའོ་ཞེས་ཡིད་ཆེས་དང་རྒྱབ་རྟེན་མེད་བཞིན་ར་ཆོད་བྱེད་པ་སྟེ་ཐག་གཅོད་པ་དང་།
༤༽༼ཟབ་མོ་འདོད་པ་དགུ་འགྱུར་ནོར་ལ་བརྐུ༽་ཞེས་པ། གསང་སྔགས་ཀྱི་དཔེ་ལུང་ཟབ་མོ་རྣམས་མ་དང་མཁའ་འགྲོའི་བཀའ་རྒྱ་ཤིན་ཏུ་དམ་པར་གྱུར་པ་རྣམས་ཀྱི་དཔེ་བརྐུ་བ་དང་། དབང་དང་ལུང་གི་རྒྱུད་པ་ཁུངས་ལྡན་རང་ལ་མེད་བཞིན་དུ་འབུལ་ཚོགས་དང་རྙེད་བཀུར་སོགས་ལ་དམིགས་ཏེ་གཞན་ལ་སྦྱིན་པར་བྱེད་པ་རྣམས་སོ། ༼བཀའ་ཡི་ཡན་ལག་ཉམས་པ་མཐོལ་ལོ་བཤགས༽་ཞེས་པ། དེ་རྣམས་ཚུལ་བཞིན་དུ་སྤངས་ཤིང་བསྲུང་བ་ནི། བཀའ་ཡི་རྩ་དམ་བསྲུང་བའི་ཡན་ལག་ཡིན་པས། ཉམས་ཆག་འགལ་འཁྲུལ་ཤོར་བ་རྣམས་སྟོབས་བཞིའི་སྒོ་ནས་མཐོལ་བཤགས་ཕུལ་བའོ། །
བཞི་པ་གཡུང་དྲུང་སྤུན་ལ་བསྲུང་བའི་ཡན་ལག་བཞི་ནི།
༡༽༼མ་གནང་ཚོགས་ཀྱི་འཁོར་ལོ་རྩོད་པ་བྱེད༽་ཅེས་པ། གསང་སྔགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། ཕྱི་ནང་གསང་བའི་མཆོད་པ་ཕུལ་བ་དང་། ཚོགས་ཀྱི་འཁོར་ལོ་བསྐོར་བའི་རྒྱུ་རྐྱེན་ལ་བརྟེན་ནས། ཚོགས་ལས་པ་དེས་མ་གནང་པར་གྲོགས་ཕོ་མོ་སོགས་སྐྱེ་བོ་རྒྱུད་ཐ་དད་པ་ལ་རྩོད་པ་བྱེད་པ་དང་།
༢༽༼ཐེག་པ་དམན་པའི་ནང་དུ་ཞག་བདུན་འདས་༽ཞེས་པ། རང་གི་ཡི་དམ་གྱི་དབང་ཞུ་དུས་ཇི་ལྟར་དམ་ཚིག་བསྲུང་བར་ཁས་བླངས་པ་རྣམས་ལ་མི་བརྩོན་པ་དང་། བྱང་ཆུབ་སེམས་མི་བསྐྱེད་པར་རང་གཅེས་འཛིན་གྱི་བློ་ཤུགས་དྲག་གི་དབང་དུ་བཏང་བ་སྟེ། ཐེག་པ་དམན་པ་ཉན་རང་གི་སེམས་བསྐྱེད་ལས་མེད་པར་ཞག་བདུན་ལས་འདས་པ་དང་།
༣༽༼རྒོད་ལྕམ་དོན་འབར་ལུང་གིས་མ་ཟིན་བསྟེན༽་ཞེས་པ། རྒྱུད་ནས་བཤད་པའི་བུད་མེད་མཚན་ཉིད་དང་ལྡན་པ་བསྟེན་པ་ལས། དེ་མ་ཡིན་པ་སྲིན་མོ་དང་འདྲ་བ་མཚན་ཉིད་དང་མི་ལྡན་པའི་རིགས་བསྟེན་མི་རུང་ནའང་བསྟེན་པ་དང་། ལུང་ལས། བདུད་མོ་འདྲེ་མོ་ཐམས་ཅད་ནི། ལྷ་མོ་ཀླུ་མོར་སྤྲུལ་ནས་འོང་། གསུངས་པས་ཞིབ་ཏུ་བརྟག་དགོས་སོ། །
༤༽༼ཁམས་གསུམ་སེམས་ཅན་སྤྱི་ལ་འཚེ་བ་གཏོང་༽ཞེས་པ། འདོད་ཁམས་དང་། གཟུགས་ཁམས། གཟུགས་མེད་ཁམས་ཏེ། ཁམས་གསུམ་གྱི་སེམས་ཅན་དེ་དག་ལ་རང་གིས་བསམ་པ་དང་སྦྱོར་བ་ངན་པའི་སྒོ་ནས་ངན་གཡོ་དང་གནོད་འཚེ་གཏོང་བ་དང་བཅས་སོ།༼གྲོགས་ཀྱི་ཡན་ལག་ཉམས་པ་མཐོལ་ལོ་བཤགས༽་ཅེས་པ། འདི་དག་ལྡོག་ཕྱོགས་ནས་གྲོགས་ཀྱི་རྩ་དམ་བསྲུང་བའི་ཡན་ལག་ཡིན་པས། ཉམས་ཆག་འགལ་འཁྲུལ་ཤོར་བ་རྣམས་སྟོབས་བཞིའི་སྒོ་ནས་མཐོལ་བཤགས་ཕུལ་བའོ། །
སྤྱི་དམ་སུམ་ཅུ་ནི་ལྔ་ཚོ་དྲུག་ལས། དང་པོ་དུག་སྐྱོན་ལྔ་ནི།
༡༽ ༼ཞེ་སྡང་དབང་གིས་གཞན་གྱི་སྲོག་ཀྱང་བཅད༽ ཅེས་པ། རང་བཞིན་གཤིས་ལུགས་ཀྱི་དབང་དུ་བྱས་ན། ལུགས་འདིའི་དུག་ལྔ་སྤང་བྱར་མི་འདོད་ཀྱང་། དུག་ལྔའི་དབང་གིས་བྱས་པའི་སྡིག་པ་རྣམས་མཐར་ཐུག་སངས་རྒྱས་མ་ཐོབ་ཀྱི་བར་ཤིན་ཏུ་འཛེམ་དགོས་པས། དེ་ཡང་ཞེ་སྡང་ཞེས་བྱ་བ་ཡུལ་ཡིད་དུ་མི་འོང་པ་ལ་དམིགས་ནས་རྒྱུད་འཁྲུགས་པའི་རྣམ་པ་ཅན་གྱི་སེམས་འབྱུང་ཞིག་ཡིན། དེ་འདྲའི་ཞེ་སྡང་དབང་ཆེ་བས་འགྲོ་བ་གཞན་གྱི་སྲོག་བཅད་པ་མང་བས་དངོས་བསྟན་དང་། ཞེ་སྡང་དབང་གིས་རང་སྲོག་བཅད་པ་ནི་ཤུགས་ལས་གོ་དགོས།
༢༽༼གཏི་མུག་དབང་གིས་བདེན་རྫུན་ངོ་མ་ཤེས༽་ཞེས་པ། གཏི་མུག་ནི་གནས་ལུགས་དང་ལས་འབྲས་དང་དགེ་སྡིག་་བླངས་དོར་གྱི་་གནས་སོགས་མི་གསལ་ཞིང་འཐོམ་པའི་སེམས་འབྱུང་ཞིག་ཡིན། བློ་དེ་ཡི་དབང་གིས་གནས་ལུགས་ཀྱི་དོན་དང་། ལས་འབྲས་སོགས་བླངས་དོར་གྱི་དབྱེ་འབྱེད་མི་ཤེས་པར་འོལ་ཚོད་དང་གཟུ་ལུམ་གྱིས་འཇུག་པ་དང་།
༣༽༼ང་རྒྱལ་དབང་གིས་བདེན་པའི་ཚིག་ལས་འདས༽ཞེས་པ། ང་རྒྱལ་ནི་ཡུལ་གང་ཞིག་ལ་དམིགས་པའི་སེམས་ཀྱི་འཛིན་སྟངས་མཐོ་ལིང་ངེ་བས་བསྡུས་པའི་ཡུལ་གྱི་གནས་ལུགས་ལས་འདས་པར་འཛིན་པའི་སེམས་འབྱུང་ཞིག་ཡིན། དེ་ཡི་དབང་གིས་བདེན་པའི་ཚིག་སྟེ། རྒྱལ་བའི་གསུང་རབ་ཟབ་མོ་སོགས་གནས་ལུགས་དང་ལས་འབྲས་ཀྱི་ཡིན་ལུགས་སྟོན་པའི་གདམས་པ་ཟབ་མོ་རྣམས་རང་གི་ང་བོས་ཁྱད་དུ་བསད་པའོ། །
  ༤༽༼འདོད་ཆགས་དབང་གིས་མི་དབང་ནོར་ལ་བརློམ༽  ཞེས་པ། འདོད་ཆགས་ནི་ཡུལ་ཡིད་དུ་འོང་བ་ལ་དམིགས་ནས་དེ་ལ་ཞེན་དྲགས་ཏེ་ཕྱིར་ལྡོག་དཀའ་བའི་སེམས་འབྱུང་ཞིག་ཡིན། བློ་དེ་ཡི་དབང་གིས་རང་ལ་མི་དབང་པ་གཞན་གྱི་ནོར་རྫས་སོགས་ལ་རློམ་སེམས་ཀྱིས་འཕྲོག་པ་དང་། རྐུ་བ་དང་། ཧམ་སེམས་ཀྱིས་བདག་བཟུང་བྱེད་པ་སོགས་སོ། །
  ༥༽༼ཕྲག་དོག་དབང་གིས་ཕ་རོལ་ཡོན་ཏན་སྨད༽་ཅེས་པ། ཕྲག་དོག་ནི། གཞན་གྱི་ཡོན་ཏན་དང་བྱ་སྤྱོད་སོགས་བཟང་པོའི་ཆ་གང་རུང་ཞིག་ལ་དམིགས་ཏེ་རང་རྒྱུད་འཁྲུགས་པའི་སེམས་འབྱུང་ཞིག་ཡིན། བློ་དེ་ཡི་དབང་གིས་ཕ་རོལ་གྱི་ཡོན་ཏན་དང་བྱ་སྤྱོད་སོགས་ལ་སྨད་པ་དང་སྐུར་པ་འདེབས་པ་སོགས་སོ། །
༼ དུག་ལྔའི་དབང་གྱུར་ཉམས་འགལ་མཐོལ་ལོ་བཤགས༽  ཞེས་པ། གོང་དུ་བསྟན་པའི་ཉོན་མོངས་དུག་ལྔ་དེ་ཡི་དབང་གིས་ཉམས་འགལ་ཤོར་བ་རྣམས་གཉེན་པོ་སྟོབས་བཞི་ཚང་པའི་སྒོ་ནས་མཐོལ་བཤགས་ཕུལ་བའོ། །  
གཉིས་པ་དུག་སྤྱོད་ལྔ་ནི།
 ༡༽ ༼འཐབ་རྩོད་ངན་སྨོད་འཁྲུགས་པའི་གཞི་མ་འཆའ༽་ཞེས་པ། གོང་དུ་བཤད་པའི་དུག་ལྔའི་ཀུན་སློང་ལ་བརྟེན་ནས། ཡུལ་སྡེ་དང་། ནང་གི་བཟའ་མི། གྲོགས་མཆེད། བླ་མ་དང་སློབ་དཔོན། འཁོར་དང་བུ་སློབ་སོགས་ཕན་ཚུན་འཁྲུགས་པའི་རྩ་བའམ་གཞི་བཏིང་བ་དང་།
༢༽  ༼བསམ་ངན་རྩ་བ་སྦྱོར་བའི་དུག་རིགས་འཆང་༽ཞེས་པ། བསམ་པ་སྟེ་ཀུན་སློང་ངན་པ་དང་། བློ་ལས་སུ་མ་རུང་པས་གཞན་ལ་གནོད་པའི་སེམས་བཟུང་བ་དང་། སྦྱོར་བས་གཞན་ལ་གནོད་པའི་དུག་སྦྱར་བ་སོགས་སོ། །
༣༽༼འཕགས་པའི་གང་ཟག་ཁྱད་གསོད་སྐུར་པ་འདེབས༽  ཞེས་པ། འཕགས་པའི་གང་ཟག་ནི་ཐེག་པ་ཆེ་འབྲིང་ཆུང་གསུམ་གང་རུང་གི་འཕགས་པ་དང་། གསང་སྔགས་ཀྱི་རིག་འཛིན་རྣམ་པ་བཞི་པོ་སོགས་གང་རུང་ལ་ཉོན་མོངས་ཀྱི་དབང་གིས་ཁྱད་གསོད་བརྙས་ཆོས་དང་དེ་དག་རྣམས་ལ་སྐུར་པ་འདེབས་པ་སོགས་སོ། །
༤༽ ༼ཐབས་བསླུས་ལག་རྐུས་ཞེ་འདོད་ནོར་ལ་འཕྲོག༽  ཅེས་པ། རང་རྒྱུད་འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ། གཞན་གྱི་ནོར་རྫས་ཅ་དངོས་རྣམས་ལོག་འཚོ་ལྔ་ཡི་སྒོ་ནས་ཐབས་ཤེས་ཀྱིས་བསླུ་བ་དང་། ལོག་འཚོ་ལྔ་ནི། ཚུལ་འཆོས། ཁ་གསག  གཞོགས་སློང་། ཐོབ་འཇལ། རྙེད་ཚོལ་བཅས་སོ། གཞན་ཡང་གཞན་གྱི་ནོ་རྫས་རྣམས་ལག་ངན་པས་བརྐུ་བ་དང་། དཔུང་གིས་འཕྲོགས་པ་ལ་སོགས་སོ། །
༥༽༼དཔོན་སློབ་གྲོགས་ལ་ཕྲ་མས་དབྱེན་བཅུག་དང་༽ཅེས་པ། བླ་མ་དང་སློབ་མའི་བར་དང་། མཆེད་གྲོགས་ནང་ཕན་ཚུན་གྱི་བར། མདོར་ན་མཐུན་གཉིས་བར་དུ་དབྱེན་བཅུག་བཙུད་དེ་ཁ་དབྲལ་བར་བྱེད་པའོ། །
    ༼དུག་སྤྱོད་ལྔ་ཡི་ཉམས་འགལ་མཐོལ་ལོ་བཤགས་༽ཞེས་པ། དུག་ལྔས་ཀུན་ནས་བསླངས་ཏེ་གོང་དུ་བསྟན་པའི་བྱ་སྤྱོད་ངན་པ་དེ་དག་གི་ཉམས་འགལ་ཤོར་བ་རྣམས་སྟོབས་བཞི་ཚང་བའི་སྒོ་ནས་མཐོལ་བཤགས་ཕུལ་བའོ། །
གསུམ་པ་སྤང་པའི་དམ་ཚིག་ལྔ་ནི།
༡༽༼ཁྲོ་ཆུ་ཁོལ་མ་སྐོམ་དུ་འཐུང་བ་དང་༽ཞེས་པ། བླ་མ་དང་གཤེན་རབ་ཀྱིས་མ་གནང་བའི་དཀོར་ལ་འབགས་པ་ནི། དཀོར་ཞེས་དཔེར་ན། སྦྱིན་བདག་གིས་མཆོད་མེ་བརྒྱ་ཕུལ་ཞེས་མར་ཞིག་དཀོར་གཉེར་ལ་ཕུལ་བ་དེ་ལས། མར་ཉུང་ཤས་ཤིག་མཆོད་མེ་ཕུལ་ནས་འཕྲོས་ཀྱི་མར་དེ་མཆོད་མེ་མ་ཕུལ་བ་དཀོར་གཉེར་གྱིས་རང་མཁོའི་བེད་སྤྱོད་བྱས་པའི་དངོས་རྫས་རྣམས་དཀོར་ཡིན་ནོ། དེ་བཞིན་དུ་དགེ་འདུན་དང་དགོན་སྡེ་སྤྱི་ལ་ཕུལ་བའི་དངོས་རྫས། སྒེར་དུ་མི་རེ་རེས་ལོངས་སྤྱོད་བྱེད་པ་དེ་ཡང་དཀོར་དང་། སྐྱབས་འགྲོ་དུང་གཅིག་འདོན་ཡོན་བླངས་ནས་གྲངས་ཚང་པ་ཞིག་མ་བཏོན་ན་ཡོན་དེ་དཀོར་རྫས་དང་། སྦྱིན་བདག་གིས་བསླབ་པ་གསུམ་དང་ལྡན་པའི་དྲང་སྲོང་ལ་དམིགས་ཏེ་ཕུལ་བའི་རྫས་དེ། ཡུལ་དེ་ཉིད་བསླབ་པ་སུམ་ལྡན་མ་ཡིན་ན་རྫས་དེ་ཉིད་དཀོར་རྫས་དང་། དེས་འགྲེས་ཏེ་ཞིབ་ཏུ་བརྩི་བའོ། བླ་མ་དང་གཤེན་རབ་ཀྱིས་མ་གནང་བ་ཁོང་རྣམས་ཀྱི་ནོར་རྫས་རྣམས་ལ་སྤྱད་ན་དཀོར་དུ་འགྱུར་བ་ཡིན་ནོ། དཀོར་དུ་གྱུར་པའི་དངོས་རྫས་དེ་ཁྲོ་ཆུ་ཁོལ་མ་དང་འདྲ་བས། དེ་སྐོམ་དུ་འཐུང་ན་ཅི་འདྲ་ཡོང་ས་འདུག་ཤེས་གསལ་རེད། དེས་ན་དཀོར་ལ་མི་འབག་པར་འཛེམ་པར་བྱའོ། །  
༢༽༼རྒྱལ་མཚན་གཉེན་པོའི་རྩེ་ནས་སྨོད་པ་དང་༽ཞེས་པ། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་གཏོར་བཤིག་བྱེད་པ་ལ་ཟེར། གཡུང་དྲུང་བོན་གྱི་བསྟན་པ་ནི། སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་ཅན་གྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཏེ། དེ་དང་སངས་རྒྱས་ཀྱི་བསྟན་པ་དོན་གཅིག་ཏུ་གསུངས་པས། སངས་རྒྱས་ཀྱི་བསྟན་པ་སྐུ་གདུང་དང་སྐུ་གཟུགས་གསུང་རབ་ལ་སོགས་པ་རྣམས་ལ་སྨོད་པ་དང་། དེ་དག་བཤིག་པའི་བསམ་སྦྱོར་ངན་པ་འཆང་བ་རྣམས་སོ། །
༣༽༼མེ་རི་དམར་པོ་གདན་དུ་བཏིང་བ་དང་༽ཞེས་པ། རང་གི་རྩ་བའི་བླ་མ་དང་། སློབ་དཔོན། མཆེད་གྲོགས་གང་རུང་ཡུམ་ལ་བསྟེན་པ་ཡིན་ན། རང་གིས་དེ་དག་གི་ཡུམ་ལ་ཆགས་པ་སྤྱོད་པ་ལ་ཟེར་རོ། །
    ༤༽༼ཕྲིན་ལས་ཟབ་མོའི་དམ་ལས་ལྡོག་པ་དང་༽ཞེས་པ། དམ་ཚིག་གིས་བསྡུས་པའི་གྲོགས་པོ་རྣམས་ཕྲིན་ལས་རྣམ་བཞིའི་སྒོ་ནས་སྐྱོང་དགོས་པ་ལ། དེ་ལས་ལྡོག་པའི་གནོད་འཚེའི་བྱ་བ་བྱེད་པའོ། །
༥༽༼ཟ་མའི་ཐོག་ཏུ་དུག་ངན་སྐྱུགས་པ་དང་༽ཞེས་པ། སངས་རྒྱས་ཀྱི་བསྟན་པ་ལ་མཁོ་མཐུན་གྱི་ཡོ་བྱད་སྦྱར་བ་དང་། སྒྲུབ་གཤེན་ལ་ཟས་གོས་མེ་ཆུ་ཤིང་སོགས་ཀྱི་མཐུན་རྐྱེན་སྦྱོར་བའི་ཡོན་བདག་རྒྱུ་ཡི་སློབ་མ་ལ་ཞེ་སྡང་དབང་གིས་འཐབ་འཁྲུགས་བྱེད་པའོ། །
༼སྤང་པ་ལྔ་ཡི་ཉམས་འགལ་མཐོལ་ལོ་བཤགས༽  ཞེས་པ། སྤང་བར་བྱ་བའི་དམ་ཚིག་ལྔ་པོ་ལ་ཉམས་འགལ་ཤོར་བ་རྣམས་སྟོབས་བཞི་ཚང་པའི་སྒོ་ནས་མཐོལ་བཤགས་ཕུལ་བའོ། །
བཞི་པ་མི་འདའ་བའི་དམ་ཚིག་ལྔ་ནི།
༡༽༼ཡེ་སྲིད་རྒྱལ་པོའི་ཁྲིམས་ལས་འདས་པ་དང་༽ཞེས་པ། དགེ་ལེགས་ཐམས་ཅད་ཐོབ་པར་བྱེད་པའི་རྩ་བ་རང་སེེམས་རྣམ་པར་དག་པའི་ངོ་བོ། གནས་ལུགས་རང་འབྱུང་གི་ཡེ་ཤེས་སམ་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཉམས་སུ་མི་ལེན་པ་དང་། བྱང་ཆུབ་ཀྱི་སེམས་དང་རང་རྒྱུད་ཀྱི་བསླབ་པ་དང་དམ་ཚིག་རྣམས་ལ་དྲན་པ་དང་ཤེས་བཞིན་གྱིས་མ་ཟིན་པས་ཉམས་པར་གྱུར་པའོ། །
༢༽༼ཉི་ཟླ་སྒྲོན་མེའི་མདངས་ལས་འདས་པ་དང་༽ཞེས་པ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་པའི་སྐྱེས་བུ་ལ་མཐུ་བྱེད་པ་སྟེ། ཕྱི་མའི་དོན་དུ་མདོ་སྔགས་སེམས་གསུམ་གང་རུང་གི་སྒོ་རུ་ཞུགས་ནས་དེའི་དོན་ལ་ཐོས་བསམ་སྒོམ་པ་གང་རུང་གིས་ཉམས་སུ་ལེན་པའི་གང་ཟག་དེ་ལ་བསྟན་པ་འཛིན་པའི་སྐྱེས་བུ་འཇོག་གསུངས། དེ་འདྲའི་བསྟན་འཛིན་གྱི་སྐྱེས་མཆོག་ལ་མངན་སེམས་བཟུང་སྟེ་ལྷ་སྲུང་ལ་འཕྲིན་ལས་བཅོལ་ནས་རྦད་པ་དང་བསད་པ་སོགས་བྱེད་པའོ། །
༣༽༼ཁྱུང་མཆོག་རླབས་ཆེན་དཔུང་ལས་འདས་པ་དང་༽ཞེས་པ། ཐེག་པ་ཆེ་ཆུང་གང་རུང་ལ་ཞུགས་པའི་གང་ཟག་གམ་གཤེན་པོ་བསྒྲལ་བ་འམ་དམེ་བྱེད་པའོ།
༤༽༼ཁྲག་མཚོ་ཁོལ་མའི་ཀློང་ལས་འདས་པ་དང་༽ཞེས་པ། ཡི་དམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་མནན་བསྲེགས་འཕང་གསུམ་གྱི་ལས་སྦྱོར་ལ་ཞུགས་ཚེ་ཉེས་མེད་ཀྱི་སེམས་ཅན་ཏེ། གཡེན་སྡེ་སོགས་ཞོར་རམ་སྟབས་ལ་འགུག་པ་དང་། བསྒྲལ་བ་དང་། བསྲེག་པ་དང་། ཉེས་མེད་ཀྱི་སེམས་ཅན་སྟབས་ལ་བཅད་པ་ཡང་དེ་དང་དོན་འདྲའོ།  
 ༥༽༼སྤུ་གྲི་ནག་པོའི་སོ་ལས་འདས་པ་དང་༽ཞེས་པ། སྣང་ཞིང་སྲིད་པའི་ལྷ་འདྲེ་ཉེས་པ་མེད་པར་ཆེད་དུ་གཉེར་ནས་བརྡུང་པ་དང་། རྡེག་པ་སོགས་བྱེད་པའོ། །
   ༼མི་འདའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས་༽ཞེས་པ། མི་འདའ་བའི་དམ་ཚིག་འདི་དག་ལ་ཉམས་ཆག་ཤོར་བ་རྣམས་སྟོབས་བཞིའི་སྒོ་ནས་མཐོལ་བཤགས་ཕུལ་བའོ། །
ལྔ་པ་བསྒྱུར་བའི་དམ་ཚིག་ལྔ་ནི།
༡༽༼ སྣང་སྲིད་གཞལ་ཡས་ལྷ་རུ་མ་བསྒྱུར་དང་༽ཞེས་པ། སྣང་ཞིང་སྲིད་པའི་ཕྱི་སྣོད་འཇིག་རྟེན་གྱི་ཁམས་རྣམས་བསྐྱེད་པའི་རིམ་པས་གཞལ་ཡས་ཁང་ངམ། གསས་ཁང་མཆོད་རྟེན་དུ་བསྒྱུར་དགོས་པ་ལ་མ་བསྒྱུར་བ་དེ་དག་བཤིག་པ་དང་།
༢༽༼དུག་ལྔ་ཡེ་ཤེས་ལྔ་རུ་མ་བསྒྱུར་དང་༽ཞེས་པ། སྤྱོད་ལམ་རྣམ་བཞི་སྟེ། འགྲོ་བ་དང་། ཉལ་བ། འཆག་པ། འདུག་པ་སོགས་གང་གི་སྐབས་ཡིན་ནའང་། དུག་ལྔ་རང་ཁར་གཏོང་ཞིང་གནས་ལུགས་ཀྱི་ངང་མི་བསྐྱང་པ་དང་། སྒོས་སུ་ཞེ་སྡང་བྱམས་པ་དང་། འདོད་ཆགས་སྦྱིན་པ། གཏི་མུག་ཡེ་ཤེས། ང་རྒྱལ་ཞི་བ། ཕྲག་དོག་ཡངས་པ་རུ་མ་བསྒྱུར་བ་དང་།
༣༽༼དུག་གསུམ་སྐུ་གསུམ་ཐུགས་སུ་མ་བསྒྱུར་དང་༽ཞེས་པ། ཆགས་སྡང་རྨོངས་གསུམ་གྱི་དབང་གིས། ལུས་ཀྱི་ཕྱག་རྒྱ་བསྒྱུར་མ་ནུས། ངག་གི་ཡི་དམ་གྱི་སྙིང་པོ་བསྒྲངས་མ་ནུས། ཡིད་ཀྱིས་ཡི་དམ་གྱི་ལྷ་ལ་དམིགས་པའི་ཏིང་འཛིན་བསྒོམ་མ་ནུས་པའོ། །
༤༽༼འདོད་ཡོན་བདུད་རྩི་ལྔ་རུ་མ་བསྒྱུར་དང་༽ཞེས་པ། རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ངང་ནས། ཅི་ཟ་ཅི་འཐུང་གི་དངོས་པོ་རྣམས་འདོད་ཡོན་ཕུན་སུམ་ཚོགས་པར་ཚོགས་སུ་བྱིན་གྱིས་བརླབས་ཏེ། མཆོད་སྦྱིན་གྱི་མགྲོན་རྣམས་ལ་ཕུལ་བས་མགྲོན་རྣམས་མཉེས་པ་དང་ཚིམ་པར་བསམ་དགོས་པ་ལ་དེ་ལྟར་མ་བྱས་པ་དང་།
༥༽༼ནང་བཅུད་ལྷ་དང་ལྷ་མོར་མ་བསྒྱུར་བས་༽ཞེས་པ། ནང་བཅུད་ཀྱི་སྐྱེ་འགྲོ་གང་ཡིན་ཡང་ཡི་དམ་ལྷ་ཡི་ངོ་བོར་ཕོ་ཐམས་ཅད་གསང་མཆོག    མོ་ཐམས་ཅད་ཡུམ་ཆེན་ཀྱེ་མའི་ངོ་བོ་ཡིན་པར་མི་བསམ་སྟེ། ལུས་ངག་ཡིད་གསུམ་གང་རུང་གིས་འཐབ་པ་དང་གསོད་པའོ། ༼བསྒྱུར་བའི་དམ་ཚིག་ཉམས་འགལ་མཐོལ་ལོ་བཤགས༽ཞེས་པ། དེ་ལྟར་བསྒྱུར་བའི་དམ་ཚིག་ལྔ་པོ་ལ་ཉམས་ཆག་འགལ་འཁྲུལ་ཤོར་བ་རྣམས་གཉེན་པོ་སྟོབས་བཞིའི་སྒོ་ནས་མཐོལ་བཤགས་ཕུལ་བའོ། །
དྲུག་པ་སྤྱད་པའི་དམ་ཚིག་ལྔ་ནི།
༡༽ ༼མཚན་ལྡན་ཐབས་ཤེས་རོལ་པར་མ་སྤྱད་དང་༽ཞེས་པ། གསང་སྔགས་ཀྱི་རྒྱུད་གཞུང་ནས་གསུངས་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་མི་མོ་རྒོད་ལྕམ་མམ་མཁའ་འགྲོ་འམ་གཟུངས་མ་བཙལ་ནས། དེ་ལ་ཡབ་ཐབས་དང་ཡུམ་ལ་ཤེས་རབ་ཡུམ་དུ་བོན་བཤད་དབང་བཀུར་བྱིན་གྱིས་བརླབས་ནས། བདེ་སྟོང་ཡེ་ཤེས་བསྐྱེད་པའི་གྲོགས་སུ་ལམ་དུ་ཁྱེར་ཤེས་པའི་སྒོ་ནས་མ་སྤྱད་པར་ཆགས་སྤྱོད་རང་ཁ་མར་ཤོར་བ་དང་། འོན་ཀྱང་རྟེན་མེད་ཀྱི་དམིགས་པ་ལ་བརྟེན་པས་རུང་བས་ཆེད་དུ་བཙལ་བར་བྱ་མི་དགོས་པར་རྗེ་ཡི་དགོངས་པ་ཡིན་པས་དེ་ཡང་གསུངས་པ་ལྟར་བྱ་མ་ནུས་པའོ། །
༢༽༼དམ་རྫས་བདུད་རྩི་ལྟ་བས་མ་སྤྱད་དང་༽ཞེས་པ། དམ་རྫས་བདུད་རྩི་དྲི་ཆེན་དང་། དྲི་ཆུ། མང་ས། རཀྟ། བྱང་སེམས་ཐིག་ལེ་བཅས་ལྔའོ། དེ་དག་གནས་ལུགས་རྟོགས་པའི་ངང་ནས་ལོངས་སུ་སྤྱོད་ནུས་ན་བདུད་རྩི་རུ་འགྱུར་བ་ལ་ལྟ་བས་སྤྱད་པའི་དོན་དུ་གོ་བའོ། དེ་ལྟར་མ་ནུས་ནས་སྨྱོ་སྤྱོད་ཀྱིས་དྲི་ཆེན་སོགས་ལ་སྤྱོད་པ་དང་། གཞན་ཡང་དེང་དུས་སྨྱོ་སྤྱོད་བག་མེད་བྱེད་པ་ལ་གྲུབ་ཐོབ་དང་། ཁྱད་འཕགས་སུ་འཛིན་ཏེ་རྗེས་སུ་འཛིན་པ་འདུག་པ་ལྟར་རོ། །
༣༽༼ཐབས་ཤེས་བཟའ་བ་ཚོགས་ཆེན་མ་སྤྱད་དང་༽ཞེས་པ། བཟའ་བའི་ཟས་ཀྱི་རིགས་ལ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྫས་ཡིན་པར་མོས་ནས། ཚོགས་དེ་བདག་བསྐྱེད་ཀྱི་ལྷ་དང་། མདུན་བསྐྱེད་ཀྱི་ལྷ་གཙོ་འཁོར་རྣམས་ལ་ཕུལ་བས་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས་པར་བསམ་མ་ནུས་པར་སྤྱད་པའོ། །
༤༽༼བསྟན་པའི་དགྲ་བགེགས་སྦྱོར་སྒྲོལ་མ་སྤྱད་དང་༽ཞེས་པ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འབྱུང་བའི་རྩ་བ་ཡིན་པ་ལ། དེ་ཉིད་བཤིག་གཏོར་དང་རྩ་མེད་གཏོང་བའམ་གནོད་པ་བྱེད་མཁན་དེ་དག་མ་བསྒྲལ་བ་དང་། བསྒྲལ་ནས་སངས་རྒྱས་ཀྱི་ཞིང་དུ་སྦྱོར་བའི་འབད་པ་དང་ཐབས་ཤེས་མ་བྱས་པའོ། །
༥༽༼དབྱིངས་ཤེས་བསྒོམ་པ་དུས་མིན་མ་སྤྱད་དང་༽ཞེས་པ། གནས་ལུགས་ཐིག་ལེ་ཉག་གཅིག་གི་སྟོང་ཆ་དབྱིངས་དང་། གསལ་ཆ་ཡེ་ཤེས་ཏེ་དེ་ཡི་ཉམས་ལེན་ལ་རྩལ་འདོན་ཏེ། སྔར་དབང་གི་དུས་སུ་ཇི་ལྟར་དམ་བཅས་པའི་དུས་རིམ་དེ་ལས་མ་འཛོལ་བར་བྱེད་དགོས་པའོ། སྤྱད་པའི་དམ་ཚིག་ལྔ་པོ་འདི་ནི། ལྟ་སྒོམ་ཉམས་ལེན་ལ་དབང་འབྱོར་བའི་སྐྱེས་བུ་ཁྱད་འཕགས་ཀྱིས་སྤྱོད་བྱ་ལས། རང་རེ་ཕལ་པ་རྣམས་ཀྱིས་སྤྱད་ན།  ཉོན་མོངས་རང་ཁ་མའི་དབང་དུ་འགྱུར་བས་མི་རུང་སྟེ། འགུ་ཡ་ལས། ལོག་པར་ཉོན་མོངས་རང་ཁ་མ། ཆགས་པའི་ཡིད་གཡོ་སྤང་པ་ཡི། ཞེས་གསུངས་པས། གཞུང་འགྲེལ་ལ་བརྟག་ནས་ཉམས་སུ་ལེན་པ་གལ་ཆེ་བའོ། །
༼. སྤྱད་པའི་དམ་ཚིག་ཉམས་འགལ་མཐོལ་ལོ་བཤགས༽ཞེས་པ། སྤྱད་པའི་དམ་ཚིག་འདི་དག་ལ་ཉམས་འགལ་ཉེས་ལྟུང་ཤོར་བ་རྣམས་སྟོབས་བཞིའི་སྒོ་ནས་མཐོལ་བཤགས་ཕུལ་བའོ། །
༼ སྤྱི་དམ་སུམ་ཅུའི་ཆག་ཉམས་འགལ་འཁྲུལ་གྱིས། གྲང་བ་བརྒྱད་དུ་སྐྱེ་བའི་སྒྲིབ་པ་བཤགས༽ཞེས་པ། སྤྱི་དམ་སུམ་པོ་འདི་དག་ལ་ཆག་ཉམས་འགལ་འཁྲུལ་ཤོར་བའི་དབང་གིས་གྲང་བའི་དམྱལ་བ་བརྒྱད་གང་རུང་དུ་སྐྱེ་བའི་སྒྲིབ་པ་ཡིན་པས་སེམས་གཏིང་ནས་བཤགས་པའོ། །
སྨན་རིའི་བཤད་སྒྲུབ་འདུས་སྡེའི་མཁན་ཟུར་དགེ་བཤེས་བསོད་ནམས་ཕུན་ཚོགས་ཀྱིས་གསང་སྔགས་མ་རྒྱུད་ནས་བསྟན་པའི་བསྲུང་བྱའི་དམ་ཚིག་བརྒྱ་རྩ་བརྒྱད་ཀྱི་འགྲེལ་ཀེ་ཏ་ཀའི་གཏེར་ཁྱིམ་ཞེས་བྱ་བ་འདི་དད་ལྡན་འགས་སྐུལ་བར་བརྟེན་ཉེར་མཁོ་གནད་བསྡུས་སུ་སྦྱར་བའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།