རྒྱ་གར་ཕྱོགས་གླང་ཚད་མ་ཀུན་བཏུས་དང་བོད་ཀྱི་འགྲོ་མགོན་ཚད་མ་ཀུན་བཏུས་གཉིས་ཀྱི་གཤིབ་སྡུར།

[ཟླ་ཚེས། 2020-04-04 11:35:59][རྩོམ་པ་པོ། དངོས་གྲུབ་དབང་ལྡན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ནང་དོན་གནད་བསྡུས། ཕྱོགས་གླང་གི་ཚད་མའི་མདོ་ཀུན་ལས་བཏུས་པ་དང་ཀུན་བཏུས་འགྲེལ་གཉིས་ཡོད་པའི་ནང་ནས་ཀུན་བཏུས་འགྲེལ་བ་དང་བོད་ཀྱི་ཚད་མ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་ཚད་མ་གཉིས་ཀྱི་གསུངས་མཁན་གྱི་གང་ཟག་དང་གཞུང་གི་བརྗོད་དོན་ལེའུ་སོགས་ལ་མི་འདྲ་བ་ཁྱད་བོན་རེ་རེ་ནས་དཔྱད་བརྗོད་བྱས་ཡོད།
བརྡ་ཆད་གཙོ་བོ། ཕྱོགས་གླང་། འགྲོ་མགོན། ཚད་མ་ཀུན་བཏུས།
   དེ་ཡང་རྒྱ་གར་དང་བོད་རང་ས་རང་རང་གི་གྲུབ་མཐའ་རྗེ་བོ་རྣམས་ཀྱིས་གསུངས་པའི་རིག་གཞུང་ལ་འཆད་རྩོད་རྩོམ་གསུམ་གྱིས་སྒོ་ནས་བསྟན་པ་འཛིན་གྱིན་ཡོད་པ་དང་། སོ་སོའི་གྲུབ་མཐའ་དབང་གིས་དམ་བཅའ་ཁས་ལེན་ཡང་མ་འདྲ་བ་སྟོང་འདུག་མོད།གཙོ་བོར་གྲུབ་མཐའི་འཐེན་འཁྱེར་དང་ཆགས་སྡང་གིས་མ་སོང་བ་ཕན་ཚུན་གཞུང་ལུགས་གོ་སྡུར་དང་རིག་པའི་དཔྱད་ཅིང་བརྟག་པ་འགངས་ཆེ་ལ།ངས་ཀྱང་འདིར་རྒྱ་གར་གྱི་ཚད་གཞུང་དང་བོད་ཀྱི་ཚད་གཞུང་གྲགས་ཆེ་ཤོས་གཉིས་ལ་བརྗོད་དོན་དང་རྗོད་ཚུལ་མི་འདྲ་བའི་ཁྱད་པར་འབྱེད་ཡོད། གཙོ་བོར་བོད་རང་ལུགས་ཀྱི་ཚད་གཞུང་རྒྱ་གར་ལ་བརྟེན་མི་དགོས་པ།  བོད་རང་ལ་ཚད་གཞུང་གི་འགྲེལ་ཡོད་པ་གསལ་བཤད་ཡོད། དེ་བས་བོད་རང་ས་ནས་ཚད་གཞུང་དར་ཡོད་པ་ཤེས་ཐུབ། 
དང་པོ་གསུང་མཁན་རྣམ་གཉིས།
   ཕྱོགས་གླང་གི་མཚན་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོ་མཚན་སྨོས་ཀི་ཡོད།ཁོང་ནི་རྒྱ་གར་གྱི་མི་བུ་དངོས་མ་ཞིག་ཡིན་ལ་བོད་ཀྱི་རིག་གཞུང་ལ་སྦྱོང་བ་བྱེད་མ་མྱོང་མཁན་ཞིག་ཀྱང་ཡིན།  ཁོང་གི་རིག་གཞུང་ལ་ལྟ་བ་ལས་ཁོང་གི་ལོ་རྒྱུས་བོད་ལ་མཐོང་ཡུལ་དཀོན།ཕྱོགས་གླང་གི་འཁྲུངས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་སིདྒ་བཀྟ་ཞེས་བྱ་བ་ཀཉྩིའི་ཡུལ་དང་ཐག་ཉེ་བ་ཞིག་ཏུ་སྐུ་འཁྲུངས་ཤིང་། རིགས་ནི་བྲམ་ཟེ་ཡིན། ཕྱོགས་གླང་འདི་ཉིད་དུས་སྐབས་གང་དུ་བྱུང་བ་ཡོད་པ་གསལ་བོར་ཤེས་མ་སོང་། ཡིན་ན་ཡང་། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཞིག་ཡིན་པ་གསར་བོར་ཤེས་ཐུབ་། དབྱིག་གཉེན་ནི་ཕྱི་ལོ(320)རབ་བྱུང་ལྕགས་འབྲུག་ལོ་ཡིན་པར་འགྲེལ་བཤད་རྒྱ་ཡིག་གི་ལོ་རྒྱུས་འགའ་ཞིག་ལས་གསལ། སློབ་དཔོན་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་བ་ཡིན། ལོ་ཆུང་དུས་ནས་མུ་སྟེགས་ཀྱི་གྲུབ་མཐའ་ལ་སྦྱོང་བ་མང་པོ་བྱས།ཁོང་ནི་སློབ་དཔོན་དབྱིག་གཉེར་དང་ལྷན་དུ་ཡོད་པའི་མཁས་དབང་ཞིག་ཆགས། ཁོང་གིས་སློབ་དཔོན་དབྱིག་གཉེན་གྱི་དྲུང་ནས་རྒྱ་གར་གྱི་གཞུང་ལུགས་ཐེག་པ་ཆེ་ཆུང་གི་ཆོས་མང་པོ་སྦྱོང་བ་བྱས། ཚད་མའི་རིག་གཞུང་ལ་མཁས་པ་ཆེན་པོ་གྱུར། ལོ་མང་པོ་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ཨོ་ཊི་བི་ཤའི་བྲག་ཕུག་ཏུ་སྒོམ་སྒྲུབ་གནང་།  ན་ལེནྡྲ་ན་སངས་རྒྱས་ཆོས་ལུགས་དང་མུ་སྟེགས་གྲུབ་མཐའ་གཉིས་ཀྱི་རྩོད་གླེང་བྱེད་སྐབས་རྒྱ་གར་ཤར་ཕྱོགས་ནས་ཕྱོགས་གླང་འདི་ཉིད་གདན་དྲངས་། མི་སྟེགས་ཀྱི་གཞུང་ལུགས་རྒྱལ་གར་སངས་རྒྱས་ཆོས་ལུགས་ལ་བསྒྱུར་བ་ཡང་ཡོད། སློབ་དཔོན་འདི་ཉིད་ཀྱིས་རྒྱ་གར་ཤར་ཕྱོགས་ནས་སློབ་མ་མང་པོ་ལ་ལྟ་གྲུབ་དང་ཚད་གཞུང་རྣམས་ཁྲིད་མཛད། རྒྱ་གར་ཤར་ཕྱོགས་ནས་སྐུ་འདས་དགུང་ལོ་ཇི་ཙམ་ལོ་འདས་པ་ལ་སོགས་ནི་བོད་ཡིག་ལོ་རྒྱུས་ནང་དུ་མི་གསལ་ལོ། །
   འགྲོ་མགོན་གྱི་མཚན་ཡང་སྨོས་ན་༼འགྲོ་མགོན་བློ་གྲོས་རྒྱལ་མཚན༽ཞེས་སྨོས་ཀྱི་ཡོད།འགྲོ་མགོན་ནི་བོད་ཀྱི་སྐྱེས་བུ་དངོས་མ་ཞིག་ཡིན། ཁོང་གིས་བོད་ཀྱི་གཞུང་ལུགས་ལ་སྦྱོང་བ་བྱས་པ་ལས་རྒྱ་གར་གྱི་གཞུང་ལ་སྦྱོང་བ་བྱས་པའི་བདེན་དཔང་གི་ལོ་རྒྱུས་གང་གི་ནང་དུ་མ་གྲུབ། ཁོང་ནི་ཡུལ་གཡོར་པོའི་ས་ཆར་ཡབ་འ་ཞ་ཤེས་རབ་སེང་གེ་དང་།  ཡུམ་རིན་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་བོད་ས་རྟ་སྤྱི་ལོ1198ལོར་སྐུར་བལྟམས། ཆུང་དུས་ནས་འབྲི་ཀློག་ལ་སྦྱོང་བ་བྱས་ནས་བོན་གྱི་གྲྭ་ས་གཡས་རུ་དབེན་ས་ཁ་ན་ཁུ་བོ་འ་ཞ་བདུད་རྩི་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་གི་སྡོམ་ཁྲིམས་ཞུས། ཁོང་གིས་དཔོན་གསས་ཁྱུང་རྒོད་རྩལ་གྱི་དྲུང་ནས་ཐོས་བསམ་སྦྱོང་བ་བྱས། ཁྱད་པར་དུ་བོན་གྱི་གཞུང་ལུགས་དབུ་ཚད་དང་གསང་སྔགས་ལ་མཁས་པ་ཆེན་པོ་ཆགས། བོན་གྱི་གདན་ས་གཡས་རུ་དབེན་ས་ཁ་ནས་སློབ་བུ་མང་པོ་ལ་རིག་གཞུང་གི་ཁྲིད་མང་པོ་མཛད། གདན་ས་དེ་ན་དགུང་གྲངས་རེ་དྲུག་སྤྱི་ལོ(1263)ལོར་མྱ་ངན་འདས། ཁོང་རྣམ་གཉིས་ཀྱི་མཛད་པ་རིམ་པ་བྱས་ནས་བཤད་ཟིན། ཕྱོགས་གླང་དང་འགྲོ་མགོན་གཉིས་ནི་མཛད་པ་མི་འདྲ་བ་དང་གསུང་ཡང་མི་འདྲ་བ་མང་པོ་ཡོད་འདུག་ཀྱང་། གཙོ་བོར་གསུང་མཁན་རྣམ་གཉིས་གྱི་ངོས་ནས་མི་འདྲ་ས་ནི་གོང་ནས་ཁོང་རྣམ་གཉིས་ཀྱི་མཛད་རིམ་ཐོག་ནས་བལྟ་ན་ཤེས་ཐུབ།  
གཉིས་པ་ལེའུ་མི་འདྲ་བ།
    (ཕྱོགས་གླང་གི་ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་ནི་ལེའུ་དྲུག་གི)བདག་ཉིད་ཅན་ཞིག་ཡིན།  ལེའུ་དང་པོ་ནི་མངོན་སུམ་གྱི་ཡིན། (འགྲོ་མགོན་གྱི་ཚད་མ་ཀུན་ལས་བཏུས་པ་ལ་ལེའུ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་རེད། )ལེའུ་དང་པོ་ལ་བློ་ཙམ་རང་བཞིན་སྐོར་ནས་བཤད་འདུག  
ལེའུ་དང་པོ།
ཕྱོགས་གླང་གི་ཀུན་བཏུས་གྱི་ལེའུ་དང་པོ་ལ་ཤོག་ངོས་སོ་དགུ་ཅན་གྱི་བདག་ཉིད་ཞིག་ཡིན། ལེའུ་དང་པོ་ལ་བསྟན་བྱ་མི་འདྲ་བ་མེད། བསྟན་བྱ་ནི་མངོན་སུམ་སྤྱི་དང་མངོན་སུམ་བྱེ་བྲག་ཙམ་བསྟན་པ་ལས་ཡུལ་དང་ཡུལ་ཅན་གྱི་རྣམ་བཞག་སོ་སོ་ཕྱེས་ནས་མ་བསྟན་པ་མངོན་སུམ་གྱི་ངོ་བོ་དང་མཚན་ཉིད་ཀྱི་རྣམ་བཞག་བསྟན་མེད།  འགྲོ་མགོན་གྱི་ཀུན་བཏུས་ལས་ལེའུ་དང་པོ་ཤོག་ངོས་ཉེར་བརྒྱད་ཅན་གྱི་བདག་ཉིད་ཅན་ཡིན། ལེའུ་དང་པོའི་བསྟན་བྱ་ལ་ཡུལ་དང་ཡུལ་ཅན་གཞན་སེལ་བློ་རིག་གི་རྣམ་བཞག་སོགས་སོ་སོར་ཕྱེས་ནས་བསྟན་ཡོད། ཡུལ་ཙམ་གྱི་མཚན་ཉིད་དང་གཞན་སེལ་གྱི་མཚན་ཉིད་དང་བློ་ཙམ་གྱི་མཚན་ཉིད་བློ་རིགས་བརྒྱད་གྱི་རྣམ་བཞག་གི་མཚན་ཉིད་སོགས་སོ་སོར་ཕྱེས་ནས་བསྟན་ཡོད། ཁོང་རྣམ་གཉིས་ཀྱི་ལེའུ་དང་པོ་སྐབས་སུ་བསྟན་བྱ་མི་འདྲ་བ་དང་བསྟན་ཚུལ་མི་འདྲ་བའི་རྣམ་བཞག་ཡིན།
ལེའུ་གཉིས་པ།
ལེའུ་གཉིས་པ་ལ་བསྟན་ཚུལ་རྩ་བ་ནས་མི་འདྲ་བ།  ཕྱོགས་གླང་གི་ཚད་མའི་ལེའུ་གཉིས་པ་ནི་ཤོག་ངོས་བཞི་བཅུའི་བདག་ཉིད་ཞིག་ཡིན། བསྟན་ཚུལ་ནི། རང་དོན་རྗེས་དཔག་དང་དེའི་ངོ་བོ་དང་མངོན་གསུམ་དང་རྗེས་དཔག་གཉིས་སྐྱེ་ཚུལ་རིམ་པར་བསྟན་ཡོད། རང་དོན་རྗེས་དཔག་ནི་རྟགས་ལ་བརྟེན་ནས་སྐྱེ་དགོས་པ་དང་།  རང་དོན་རྗེས་དཔག་གི་ངོ་བོ་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་བཞག དེ་སྐབས་སུ་མངོན་སུམ་དང་རྗེས་དཔག་གཉིས་ཡུལ་གྱི་ཆ་ནས་སོ་སོ་ཕྱེ།  བསྟན་བྱ་གཙོ་བོ་ནི་རྟགས་ལ་གཏན་ནས་རྗེས་དཔག་བསྐྱེད་དགོས་པར་བསྟན།  དེ་ལས་གཞན་བསྟན་བྱ་མི་འདྲ་བའི་ཚིག་གསལ་བོ་མེད།   འགྲོ་མགོན་ཚད་གཞུང་ལས། ལེའུ་གཉིས་པ་ཤོག་ངོས་སུམ་ཅུ་སོ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཡིན།  བསྟན་ཚུལ་ནི།  ཚད་མ་སྤྱི་ཡི་རྣམ་གཞག   དགག་སྒྲུབ་ཀྱི་རྣམ་གཞག   རྫས་ལྡོག་གི་རྣམ་གཞག   རྫས་ཡོད་དང་བཏགས་ཡོད་ཀྱི་རྣམ་གཞག   བརྗོད་བྱ་དང་རྗོད་བྱེད་ཀི་རྣམ་གཞག  དངོས་རྟོགས་ཤུགས་རྟོགས་ཀྱི་རྣམ་བཞག  སྤྱི་བྱེ་བྲག་གི་རྣམ་གཞག    དགག་སྒྲུབ་ཀྱི་དངོས་རྟོགས་དང་ཤུགས་རྟོགས་ཀྱི་རྣམ་གཞག   མངོན་སུམ་ལ་ལོག་རྟོག་དགག་པའི་རྣམ་གཞག་གསུངས།   དེ་རྣམས་ཀྱི་གོ་དོན་རེ་རེ་བཞིན་གསལ་བཤད་བྱེད་ན།   ཚད་མ་སྤྱི་ཡི་ངོ་བོ་ནི། མི་བསླུ་རྟོགས་པའི་བོན་གསུམ་ལྡན་བཞག ཕྱོག་གླང་ཚད་མ་དང་མི་འདྲ་བ་ནི།  འགྲོ་མགོན་གྱིས་དེ་རྣམས་ཀྱི་མཚན་ཉིད་དང་དབྱེ་བ།  དབྱེ་གཞི་གྲངས་ངེས་སོགས་ཀྱི་ལམ་ནས་གསལ་བཤད་དང་རྩོད་སྤོང་སྒོ་ནས་རྒྱས་བཤད་བྱས་ཡོད། ཕྱོགས་གླང་གིས་བརྗོད་བྱ་གཅིག་པུ་ལ་རྩོད་སྤོང་གི་ལམ་ནས་བསྟན་པ་ལས།  གཞན་ལ་གསལ་བཤད་མི་འདུག  འགྲོ་མགོན་གྱིས་ལེའུ་གཉིས་པའི་བསྟན་བྱ་གཙོ་བོ་ནི་ཚད་མ་སྤྱིའི་རྣམ་གཞག་ཡིན།
ལེའུ་གསུམ་པ།
   (ཕྱོགས་གླང་གི་ཚད་གཞུང་ལེའུ་གསུམ་པ་ལ། ཤོག་ངོས་ལྔ་བཅུ་ང་བརྒྱད་བདག་ཉིད་ཅན་ཞིག་ཡིན།)   བསྟན་ཚུལ་ལ།  གཞན་དོན་རྗེས་སུ་དཔག་པའི་རྣམ་གཞག    རྟགས་ཀྱི་ཆོས་ཅན་གྱི་རྣམ་གཞག  ཕྱོགས་ཆོས་ཀྱི་རྣམ་གཞག   འགལ་བའི་རྟེན་ཚུལ་གྱི་རྣམ་བཞག་གི་དབྱེ་བ་མང་དུ་བསྟན་ཡོད།  གཞན་དོན་རྗེས་སུ་དཔག་པ་ཞེས་པའི་གཞན་དོན་ལ་ཇི་ལྟར་རང་གི་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་སྐྱེས་པ་དེ་བཞིན་དུ་གཞན་ལ་རྟགས་ཅན་གྱི་ཤེས་པ་བསྐྱེད་པར་འདོད་ནས་ཚུལ་གསུམ་པའི་རྟགས་བརྗོད་པ་ནི་གཞན་དོན་གྱི་རྗེས་སུ་དཔག་པ་བཞག  རྗེས་སུ་དཔག་པར་བྱ་བ་སྟོན་པ་ནི། དམ་བཅའ་བ་བྱ་སྟེ་རྟོག་གེའི་བསྟན་བཅོས་རྣམས་སུ་གཞན་གྱི་དོན་གྱི་རྗེས་སུ་དཔག་ཟེར་བ་དེ་ཡིན།  དེ་ལ་དབྱེ་བ་མང་དུ་སྤྲོས་ནས་རྩོད་སྤོང་གི་ལམ་ནས་དེ་རྣམས་ལ་གསལ་བཤད་བྱས་འདུག བསྟན་བྱ་གཙོ་བོ་ནི་གཞན་དོན་རྗེས་སུ་དཔག་ཡིན་པ་དང་ཐེ་ཚོམ་གཅོད་བྱེད་བསྟན་ཡོད།  འགྲོ་མགོན་ཚད་གཞུང་ལས། ལེའུ་གསུམ་པ་ལ་ཤོག་ངོས་དྲུག་གི་བདག་ཅན་ཞིག་ཡིན།  བསྟན་བྱ་ལ། བཀའ་ཚད་མ་དང་ལུང་ཚད་མ་བསྟན་ཡོད།   དེ་གཉིས་ཀྱི་ངོ་བོ་རེ་རེ་ནས་བཞག་ཡོད།  དང་པོ་བཀའ་ཡི་མཚན་ཉིད་ནི།  ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་ཤིང་རིགས་པའི་བསྟན་ངག་གིས་དབེན་པའོ།།   དེ་ལ་འགྲེལ་བཤད་དང་རྒྱུ་མཚན་ནི་གསུངས་མི་འདུག  ལུང་ཚད་མའི་ངོ་བོ་ནི།  རྒྱལ་བས་གསུངས་པ་གཏན་ཚིགས་སུ་ཆེ་བའི་མི་བསླུ་རྟོགས་པའི་བོན་གསུམ་ལྡན་ནི། དེའི་ངོ་བོ་ལ་བཞག དེ་གཉིས་ལ་དབྱེ་བ་ལ་མི་འདྲ་བ་བཞག་པ་ལས་ངོ་བོ་ལ་གསལ་བཤད་སོགས་མེད། བསྟན་བྱ་གཙོ་བོ་ནི་བཀའ་ཚད་མ་དང་ལུང་ཚད་མ་གཉིས་ཡིན།  
ལེའུ་བཞི་བ།
   ཕྱོགས་གླང་གི་ཚད་གཞུང་ལེའུ་བཞི་པ་ལ་ཤོག་ངོས་བཅུ་དགུ་ཅན་གྱི་བདག་ཉིད་ཡིན།  ཐ་སྙད་ཀྱི་དབང་དུ་བྱས་ན་དཔེ་དང་དཔེ་ལྟར་སྣང་བ་བརྟག་པའི་ལེའུ་ཞིག་ཡིན།  དོན་གྱི་བསྟན་ཚུལ་ནི་དཔེར་ན་ཟེར་བ་ལྟ་བུ་ཡིན། དཔེར་ན་འདི་བྱས་པའི་ཕྱིར་ཞེས་པས་སྒྲ་མི་རྟག་པ་གོ་བར་བྱེད་པ་ལྟ་བུའོ།།  ཕྱོགས་ཆོས་ཀྱི་ངག་ལ་བརྟེན་ནས་བློ་དོན་མཐུན་བསྐྱེད་ནུས་པ་དང་སྒྲུབ་བྱེད་མེད་པ་སོགས་དཔེ་ལ་བརྟེན་ནས་དོན་མི་མཐུན་པ་སོགས་གསལ་བཤད་བྱས་ཡོད། མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་སོགས་ནི་དཔེ་ངག་བསྟན་ནས་གསལ་བོ་ཤེས་དགོས་པ་གསལ་བཤད་བྱས་ཡོད། དེས་ན་གཙོ་བོ་ཚུལ་གསུམ་ལ་མཚན་ཉིད་ཀྱི་རྣམ་བཞག་བསྟན་ནས་གསལ་བོ་བཤད་མེད། ཡིན་ན་ཡང་ཕྱོགས་ཆོས་དང་རྗེས་འགྲོ་མི་མཐུན་ཕྱོགས་སོགས་དཔེ་ཡིས་སྒོ་ནས་གསལ་བཤད་བྱེད་པ་ལས་ངོ་བོ་འཇོག་ཚུལ་དང་ཡུལ་གྱི་ཆ་ནས་བཤད་མེད། ལྡོག་ཆོས་བཤད་པ་ལས་བོད་གྱི་ཚད་གཞུང་ལས་གསུངས་པའི་ལྡོག་ཁྱབ་གྱི་རྣམ་བཞག་ཐ་སྙད་ཙམ་ཡང་མེད། བསྟན་བྱ་གཙོ་བོ་ནི། ངག་ལ་བརྟེན་ནས་ཚུལ་གསུམ་གྱི་རྣམ་བཞག་དེ་གོ་བ་བྱས་ནས་མི་མཐུན་པ་རྣམས་སེལ་བ་བྱས་པ་བསྟན་ཡོད།  འགྲོ་མགོན་ཚད་གཞུང་ལས།ལེའུ་བཞི་བ་ལ་ཤོག་ངོ་བཅུ་བཞི་ཅན་གྱི་བདག་ཞིག་ཡིན། བསྟན་ཚུལ་ནི། རིག་པ་ཙམ་དང་རིག་པ་ཚད་མ་དང་མངོན་གསུམ་གྱི་ངོ་བོ་དང་།  དབྱེ་བ་དང་དབྱེ་གཞི་ཐོག་ནས་གསལ་བཤད་བྱས་ཡོད།  བོད་ཀྱི་ཚད་གཞུང་ལས་མི་འདྲ་བ་གཙོ་བོ་ནི་མཚན་ཉིད་ཀྱི་རྣམ་གཞན་དང་དབྱེ་དོན་དང་གྲངས་ངེས་བསྟན་ནས་གསལ་བཤད་བྱེད་པ་འདུག རྒྱ་གར་གྱི་ཚད་གཞུང་ནང་ལ་མཚད་ཉིད་ལ་གསལ་བཤད་བྱེད་པ་ལས། དབྱེ་དོན་དང་གྲངས་ངེས་ཞེས་པ་སོགས་གསལ་བཤད་རྩ་བ་ནས་མེད། བསྟན་བྱ་གཙོ་བོ་ནི།  མངོན་གསུམ་བཞི་ཡིས་རྣམ་བཞག་ལ་བསྟན་པ་དང་། དེ་རྣམས་ཀྱི་མཚན་ཉིད་དང་དབྱེ་གཞི་དང་གྲངས་ངེས་སོགས་བསྟན་ནས་གསལ་བཤད་བྱས་ཡོད།  
ལེའུ་ལྔ་པ།
   ཕྱོགས་གླང་གི་ཚད་གཞུང་ལེའུ་ལྔ་པ་ལ་ཤོག་ངོས་སོ་དྲུག་ཡོད། བསྟན་བྱ་ནི་གཞན་སེལ་གྱི་རྣམ་བཞག་ཡིན།  བསྟན་ཚུལ་ཡུལ་གྱི་གཞན་སེལ་དང་བློ་ཡི་གཞན་སེལ་ལ་འདུ།  ཡུལ་གྱི་གཞན་སེལ་ལ་མང་པ་སྤྲོས་ཡོད།  ཡིན་ན་ཡང་ཡུལ་གྱི་གཞན་སེལ་གཙོ་བོ་ནི་སྒྲ་ཡི་གཞན་སེལ་བཤད་ཡོད། སྒྲ་ཡི་གཞན་སེལ་ཡིན་ཟེར་བ་ལས་གསལ་བཤད་གསལ་བར་མི་འདུག བློ་ཡི་གཞན་སེལ་རྗེས་སུ་དཔག་པའི་གཞན་སེལ་རྣམ་བཞག་ལས་མངོན་གསུམ་གྱི་གཞན་སེལ་བཤད་མེད།  བོད་ཀྱི་ཚད་གཞུང་ལས་མི་འདྲ་བ་ནི། བོད་ཀྱི་ཚད་གཞུང་དུ་བློ་རིགས་བརྒྱད་ཀྱི་རྣམ་བཞག་གི་གཞན་སེལ་བཤད་ཡོད། རྒྱ་གར་གྱི་ཚད་མའི་ནང་ལ་བློ་རིགས་བརྒྱད་གྱི་རྣམ་བཞག་མེད་པ་དང་དེ་ལ་གཞན་སེལ་གྱི་རྣམ་བཞག་ཡང་བཤད་པ་མེད།  འགྲོ་མགོ་ཚད་གཞུང་ལས་ལེའུ་ལྔ་བ་ལ་ཤོག་ངོས་དྲུག་བཅུ་རེ་གཉིས་ཅན་གྱི་བདག་ཉིད་ཞིག་ཡིན། མང་པོ་སྤྲོས་ཡོད་ན་ཡང་མདོ་བསྡུས་ནས་བཤད་ན།  རང་ལུགས་བཞག་པ་དང་གཞན་ལུགས་དགག་པ་གཉིས་ཀྱི་ནང་དུ་འདུས།  རང་ལུགས་བཞག་པ་ནི་རྗེས་དཔག་སྒྲ་འཇུག་ཚུལ་དང་ཚུལ་གསུམ་གྱི་རྣམ་བཞག་དང་རྟགས་ལྟར་སྣང་གི་རྣམ་བཞག་ཡིན།   བོན་ཅན་གྱི་མཚན་ཉིད་དང་དབྱེ་བ་དབྱེ་གཞི་གྲངས་ངེས་སོགས་གྱི་སྒོ་ནས་གསལ་བཤད་བྱས་ཡོད་པ་དང་། བསྒྲུབ་བྱའི་བོན་དང་བསྒྲུབ་བྱ་དང་རྟགས་དང་དགག་བྱའི་བོན་དང་ཕྱོགས་བོན་དང་རྗེས་འགྲོ་དང་ལྡོག་ཁྱབ་རྟགས་ཀྱི་འབྲེལ་ཚུལ་རྣམས་གསལ་བཤད་ཡོད།   གཞན་ལུགས་དགག་པ་ལ།   གཙོ་བོར་ཚུལ་གཅིག་དུ་འདོད་པ་དང་ཚུལ་དྲུག་དུ་འདོད་པ་དང་ཚུལ་གཉིས་སུ་འདོད་པ་དང་ཚུལ་གསུམ་དུ་འདོད་པ་སོགས་དགག་ཡོད།  དེ་ནང་ནས་གསལ་བཤད་དགོས་པ་ཞིག་ལ་ཚུལ་གསུམ་དུ་འདོད་པ་དགག་པ་དེ་ནི་ཕྱོགས་གླང་ནི་མ་ཡིན། རྒྱུ་མཚན་ནི་ཚུལ་གསུམ་འདོད་པ་དགག་པའི་སྐབས་སུ་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཟེར་བའི་ཚིགས་གཅིག་ཀྱང་མེད་པས་ཡིན། བོད་ཀྱི་ཚད་གཞུང་ནང་ལ་གསལ་བ་ནི་མི་མཐུན་ཕྱོགས་ལ་མེད་པ་ཙམ་མ་བཤད་པ་ལྡོག་ཁྱབ་གྱི་འབྲེལ་བ་གྲུབ་པ་བརྟེན་དགོས་པ་ཡིན།
ལེའུ་དྲུག་པ།
   ཕྱོགས་གླང་གི་ཚད་གཞུང་ལེའུ་དྲུག་པ་ལ་ཤོག་ངོས་ཉི་ཤུ་རྩ་གསུམ་ཅན་གྱི་བདག་ཉིད་ཡིན། བསྟན་བྱ་ནི་ལྷག་ཆད་བརྟག་པའི་ལེའུ་ཞིག་ཡིན། བསྟན་ཚུལ་ནི།  ཚད་མ་ལ་བརྟེན་ནས་ལྷག་ཆད་བྱུང་ཚུང་དང་ཚུལ་གསུམ་བརྟེན་ནས་ལྷག་ཆོད་བྱུང་ཚུལ་བཤད།  ཚད་མ་ལ་ལྷག་ཆད་འགྲོ་ཚུལ་ནི། སྤྱིར་ཚད་མ་འགྲོ་ཚུལ་བཤད་པའི་སྐབས་སུ་བྱེད་བྲག་ཚད་མ་གཅིག་ལས་མ་བཤད་པ་ཡིན། ཚད་མ་ལ་ལྷག་ཆད་སོང་བ་ཡིན།  ཚུལ་གསུམ་ལ་ལྷག་ཆད་འགྲོ་ཚུལ་ནི།  ཚུལ་གསུམ་གཅིག་མ་ཚང་བ་ཡིན་ན་ལྷག་ཆད་སོང་བ་ཡིན། དེ་རྟགས་ལྟར་སྣང་དུ་འགྲོ་བའི་རྒྱུ་མཚན་ཡང་དེ་ཡིན།  འགྲོ་མགོན་ཚད་གཞུང་ལེའུ་དྲུག་པ་ལ་ཤོག་ངོས་བཅུ་བདུན་ཅན་གྱི་བདག་ཉིད་ཅིག་ཡིན། བསྟན་བྱ་ནི་རང་དོན་རྗེས་སུ་དཔག་པའི་ལེའུ་ཡིན།  བསྟན་ཚུལ་ནི། རང་དོན་གྱི་སྐབས་ཀྱི་རྟགས་ཀྱི་སྐོར་དང་རྟགས་དང་འབྲེལ་བ་ཚུལ་སྐོར་གསལ་བཤད་ཡོད་པ་དང་། གཙོ་བོ་ནི་དགག་རྟགས་དང་རྟགས་གྱི་འབྲེལ་ཚུལ་སོགས་གྱི་སྐོར་མཚན་ཉིད་དང་དབྱེ་བ་དབྱེ་གཞི་སོགས་ཡོད། དེའི་ནང་ནས་བོད་ཀྱི་ཚད་གཞུང་ནང་དུ་གསལ་བ་ནི་རྟགས་གྱི་འབྲེལ་བ་ལ་བོན་དང་དངོས་སུ་འབྲེལ་མི་དགོས་པར། བོན་གྱི་ཁྱད་བོན་ཕྱོགས་རེ་ལ་འབྲེལ་ན་ཆོག་པར་འདོད།  ད་དུང་མི་འདྲ་བ་ནི་འགྲོ་མགོན་ཚད་མ་ལ་ལེའུ་བདུན་པ་དང་བརྒྱད་པ་གཉིས་ཡོད། དེ་གཉིས་ཀྱི་བསྟན་བྱ་དང་བསྟན་ཚུལ་རྣམས་རྒྱ་གར་ཕྱོགས་གླང་ཚད་གཞུང་ནང་ལ་མེད། བསལ་བ་དང་བསྒྲུབ་ངག་གི་རྣམ་བཞག་ཡིན། བསལ་བ་ཟེར་བའི་གོ་དོན་དང་ངོ་བོ་སོགས་རྒྱ་གར་གྱི་ཚད་གཞུང་ནང་དུ་མི་གསལ།   ལེའུ་གཉིས་ཀྱི་བསྟན་བྱ་གཙོ་བོ་ནི།  བསྒྲུབ་ངག་དང་མཚན་མཚོན་གྱི་རྣམ་བཞག་ཡིན།   བོད་ཀྱི་ཚད་གཞུང་ནང་ལ་ཁྱད་དུ་འཕགས་པའི་བསྟན་བྱ་ནི།  གཅིག་མཚན་ཉིད་ཀྱི་རྣམ་བཞག གཉིས་དབྱེ་གཞི་གྱི་ཐོག་ནས་གསལ་བཤད།  གསུམ་གྲངས་ངེས་གྱི་ལམ་ནས་གསལ་བཤད་བྱེད་པ་རེད། རྒྱ་གར་གྱི་ཚད་གཞུང་ནང་དུ་མཚན་ཉིད་ཀྱི་མིང་ཙམ་ཡོད་ཀྱང་མཚན་ཉིད་ཀྱི་ལམ་ནས་གསལ་བཤད་མེད་པ་དང་དབྱེ་གཞི་དང་གྲངས་ངེས་ཞེས་པའི་ཐ་སྙད་ཙམ་ཡང་དཀོན།   བོད་ཀྱི་ཚད་གཞུང་རྒྱ་གར་ལ་བརྟེན་མི་དགོས་པ་དང་བོད་རང་ལ་རང་ས་ནས་དར་བའི་ཚད་མ་ཡོད་པ་ན་གོང་གི་གཤིབ་སྡུར་ལས་ཤུགས་ལ་རྟོགས་ཐུབ་པའོ།། 
དང་པོ་རྣམ་ཐར་སྐོར་གྱི་དཔྱད་གཞིའི་ཡིག་ཆ།
བུ་སྟོན་རྡོ་རྗེ་རིན་ཆེན་གྲུབ་ཀྱིས་མཛད་པའི་  ༼བུ་སྟོན་ཆོས་འབྱུང། ༽དེབ་གཟུགས་ཅན།     
ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་༼རྒྱ་གར་ཆོས་འབྱུང་།༽  འཕྲུལ་དེབ་ཅན།   
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་༼བོད་གྱི་ཚིག་མཛོད་ཆེན་མོ།༽ དེབ་གཟུགས་ཅན།  
སྨོན་ལམ་ཚིག་མཛོད་ཆེན་མོ་༼འཕྲུལ་དེབ་ཅན༽ 
ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་༼དེབ་ལྔ་བ༽  དེབ་གཟུགས་ཅན།
བློ་གྲོས་རབ་གསལ་གྱིས་བསྒྲིགས་པའི་  ༼གནའ་བོའི་ཞང་བོད་ཚིག་མཛོད༽དེབ་གཟུགས་ཅན།
ལེའུ་སྐོར་གྱི་དཔྱད་གཞིའི་ཡིན་ཆ།  
འགྲོ་མགོན་གྲོས་རྒྱལ་མཚན་གྱིས་མཛད་པའི་༼  ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་༽  གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་དེབ་གཟུགས་ཅན།     
སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་༼  ཚད་མ་ཀུན་ལས་བཏུས་པའི་འགྲེལ་བ༽  དེབ་གཟུག་ཅན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།