བཀའ་ཚད་མ་ལ་རགས་ཙམ་དཔྱད་པ།

[ཟླ་ཚེས། 2020-04-03 10:53:45][རྩོམ་པ་པོ། དོན་འགྲུབ་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བཀའ་ཚད་མ་ལ་རགས་ཙམ་དཔྱད་པ།

དོན་འགྲུབ་ཉི་མ།
ནང་དོན་གནད་བསྡུས། བཀའ་ཚད་མ་ཞེས་པ་གཡུང་དྲུང་བོན་གྱི་ཚད་མ་རིག་པའི་གཞུང་ལུགས་སུ་ཚད་མ་ལ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་སུ་ཁ་ཚོན་མ་ཆོད་པ་ཐུན་མིན་དུ་མངོན་པའི་བཀའ་ལུང་རིག་པའི་ཚད་མ་གསུམ་ཞེས་པ་ལས་ནང་ཚན་དང་། བཀའ་ཚད་མ་ཞེས་པའི་དོན་བཀའ་དང་བློ་ཞིག་ལ་འཇོག་སྟངས་མི་འདྲ་བ་གཉིས་ཡོད་པ་དང་། དོན་གྱིས་གང་ལ་བཞག་ན་བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་དང་མཐུན་མིན་གླེང་བརྗོད་བྱས་ཡོད།
བརྡ་ཆད་གཙོ་བོ། བཀའ་ཚད་མ། བཀའ། བློ།
གཅིག  བཀའ་ཚད་མ་བཀའ་ལ་འཇོག་སྟངས་དང་དེའི་བསྟན་དོན།
   བཀའ་ཚད་མ་ནི་གཙོ་བོར་གཡུང་དྲུང་བོན་གྱི་འདོད་ཚུལ་དམིགས་བསལ་བ་ཡིན་ཞིང་ཐུབ་བསྟན་གྲུབ་མཐའ་ཁག་གི་ཚད་མ་རིག་པའི་གཞུང་ལུགས་ནང་དུ་ཁ་གསལ་་བར་མ་གྲུབ་ཅིང་ཕལ་ཆེར་གྱིས་ཚད་མ་ལ་མངོན་སུམ་ཚད་མ་དང་རྗེས་དཔག་གཉིས་ཀྱིས་ཁ་ཚོན་ཆོད་པར་བཞེད་དེ། རྒྱ་གཞུང<<ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ>>རུ“གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས” [1]ཞེས་དང་དེའི་འགྲེལ་བ<<རྣམ་འགྲེལ་ཐར་ལམ་གསལ་བྱེད>>ནང་དུ་ཡང་གཞལ་བྱ་རང་མཚན་དང་སྤྱི་མཚན་གཉིས་ལ་ལྟོས་ཏེ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་སུ་ཁ་ཚོན་ཆོད་པར[2]སྨྲས་ཡོད། བོན་ལུགས་སུ་སྟོན་པ་གཤེན་རབ་ཀྱི་བཀའི་ནང་དུ་ཚད་མ་གསུམ་གྱི་རྣམ་བཞག་གསལ་ཏེ། <<མདོ་འདུས>>ལས“དེ་ཡང་ཚད་མ་གསུམ་གྱིས་གཏན་ལ་ཕབ། །སྟོན་པའི་བཀའ་ཚད་མ་དང་། །དོན་ལྡན་ལུང་གི་ཚད་མ་དང་། །དོན་རྟོགས་རིག་པ་ཚད་མའོ”[3]ཞེས་གསུངས་ཡོད་པས། ཚད་མ་ལ་བཀའ་ལུང་རིག་པའི་ཚད་མ་གསུམ་འབྱེད་ཚུལ་འདི་ནི་གཡུང་དྲུང་བོན་གྱི་ཚད་མ་རིག་པའི་འདོད་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཏུ་དཔོག་བཏུབ།
   བཀའ་ཚད་མའི་ངོ་བོ་འཇོག་ཚུལ་གཉིས་སུ་ངེས་ལ། སྟོན་པ་གཤེན་རབ་ཀྱི་བཀའི་ནང་དུ་བཀའ་ཚད་མ་བཀའ་ཡིན་པར་འགྲེལ་བཤད་བརྒྱབ་ཡོད་དེ། སྟོན་པའི་རྣམ་ཐར་བསྡུས་པ<<མདོ་འདུས>>ལས“བསླུ་བ་མེད་པ་གཤེན་(རབ)བཀའ་ཚད་མ་ཡིན”[4]ཞེས་པ་དང་། རྣམ་ཐར་འབྲིང་བོ<<མདོ་གཟེར་མིག>>ལས་ཀྱང“བཀའ་ཡི་ཚད་མ་ཞེས་བྱ་བ་ནི། གང་ཟག་སྦྱངས་པའི་འཕྲོ་ཅན་ཤེས་རབ་ཟབ་མོས་བསྟན་པའོ” [5]ཞེས་བཀའ་ཚད་མ་ནི་བཀའ་ལ་ངོས་འཛིན། དེ་ལས་ཀྱང་གསལ་བ་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་པ<<མདོ་དྲི་མེད་གཟི་བརྗིད>>དུ་ཚད་མ་ལ་གསུམ་དུ་འབྱེད་ཅིང་བཀའ་ཚད་མ་བསྟན་སྐབས་དབྱེ་བ་ལ་ཞལ་ནས་གསུངས་པ་དང་བྱིན་གྱིས་བརླབས་པ་རྗེས་སུ་གནང་བའི་བཀའ་གསུམ་དུ་གསུངས་[6]པས་བཀའ་ཚད་མ་བཀའ་ཉིད་ལ་ངོས་འཛིན་ཞིང་། དེ་ཡང་བཀའ་ནི་སངས་རྒྱས་ཀྱིས་གསུངས་པས་སྐྱོན་དང་དྲི་མས་དབེན་ཞིང་བསླུ་བ་དང་བྲལ་བ། གཞལ་བྱ་ཤིན་ཏུ་ལྐོག་གྱུར་རྟོགས་པ་ལ་བཀའ་ལ་མ་བརྟེན་ན་ངེས་མི་བཏུབ་པས་བཀའ་ཉིད་ཚད་མ་རུ་ངོས་འཛིན། དེའི་བཞེད་ཚུལ་ནི་སྤྱི་ཚད་མ་ཞེས་པའི་དོན་མ་ནོར་བ་ཡང་དག་པ་ལ་གོ་ཚུལ་ཡོད་པའི་དབང་དུ་སོང་བ་སྟེ། དཔེར་ན་གསུང་རབ་ལ་ཚད་མ་ཞེས་བཏགས་པ་ནི། སྟོན་པ་གཤེན་རབ་ཀྱི་བཀའ་ལས<<མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ>>[7]ཞེས་ཚད་མ་བཏགས་པ་ལྟ་བུ་དང་། བཀའ་རྟེན་ལ་<<གཏན་ཚིགས་གལ་མདོ་རིག་པའི་ཚད་མ>>[8]དང་། <<མན་ངག་ལུང་གི་ཚད་མ>>[9]ཞེས་སོགས་གཞུང་ལུགས་ལ་ཚད་མ་ཞེས་པའི་ཐ་སྙད་འདོགས་སྲོལ་ཡོད། སྐྱེས་བུ་ལ་ཚད་མ་བཏགས་པ་ཡོད་དེ། སྟོན་པའམ་སངས་རྒྱས་ལ་སྐྱོན་དང་དྲི་མས་མ་གོས་པ་ཡང་དག་པ་ཡིན་པའི་རྒྱུ་མཚན་བརྟེན་ནས་སྐྱེས་བུ་ཚད་མ་རུ་བརྗོད[10]།
   དེ་ལྟར་དུ་བཀའ་ཉིད་ཚད་མར་འདོད་ན། ཚད་མ་རིག་པའི་གཞུང་ལུགས་སུ་བཤད་པའི་ཚད་མ་ནི་འདོད་དཀའ་སྟེ་ཚད་མ་ཡིན་ན་བློ་ཡིན་དགོས་པ་བོན་དང་བན་གྱི་ཚད་མ་ཀུན་ཏུ་གསལ། ཚད་མ་ཡིན་པ་ལ་བློ་ལ་མི་ལྟོས་ན་གཞི་གྲུབ་ན་ཚད་མ་དང་ཚད་མིན་གང་རུང་ཐལ་ཏེ། ཚད་མ་ཡིན་ན་བློ་རུ་མི་དགོས་ན་ཚད་མིན་ཡང་ཅི་སྨོས་ཏེ་གཅིག་མཚུངས་སོ། །དེ་འདྲའི་བཞེད་ཚུལ་ལྟར་ན་བཀའ་ཚད་མ་ཚད་མ་དངོས་ལ་འདོད་མི་ཐུབ་ཅིང་། བཀའ་ཉིད་བཀའ་ཚད་མ་ལ་གོ་དོན་བླངས་ནས་བཀའ་ཚད་མ་ཚད་མ་བཏགས་པ་བ་ཡིན་པར་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི<<ཐེག་རིམ་རྣམ་བཤད་གསལ་བའི་མེ་ལོང>>དུ་ལུང་ཚད་མ་ཚད་མ་བཏགས་པ་བར་བཤད་[11]པས་ཚད་མ་ལ་བློས་ཁྱབ་པ་དང་བཀའ་ཚད་མ་ཡང་ཚད་མ་བཏགས་པ་བ་རུ་ཤུགས་ཀྱིས་གྲུབ། གལ་ཏེ་བཀའ་ཡང་ཚད་མ་རུ་འདོད་ན་བརྗོད་བྱ་དོན་གྱི་ཚད་མ་དང་རྗོད་བྱེད་སྒྲ་ཡི་ཚད་མ་དབྱེ་ཚུལ་ཡོད་པ་[12]གཉིས་ཀྱང་ཚད་མ་རུ་དམ་བཅའ་དགོས་སོ། །
གཉིས།   བཀའ་ཚད་མ་བློ་ལ་འཇོག་སྟངས།
   བཀའ་ཚད་མ་བློ་ཞིག་ལ་འཇོག་མཁན་ནི་སྔ་རབས་ཀྱི་མཁས་པ་འ་ཞ་བློ་གྲོས་རྒྱལ་མཚན་གྱི་དམིགས་བསལ་གྱི་བཞེད་དགོངས་ཤིག་སྟེ། གཞུང་གཞན་དུ་དེ་ལྟར་ཁ་གསལ་གཏིང་གསལ་མཐོང་ཡུལ་དུ་མ་གྱུར། ཡིན་ནའང་། འ་ཞ་བློ་གྲོས་རྒྱལ་མཚན་གྱིས<<ཚད་མ་ཀུན་བཏུས>>མ་བརྩམས་པའི་སྔོན་དུ། སྟོན་པ་གཤེན་རབ་ཀྱི་བཀའ་བཞིན་དུ་བཀའ་ཚད་མ་བཀའ་ལ་ཁས་བླངས་མྱོང་བ་ཁོང་གི<<མཛོད>>དུ་གསལ་[13]ན་ཡང་། རྗེས་སུ་རིག་པས་བརྟག་ཅིང་དཔྱད་ནས་བཀའ་ཚད་མ་བློ་ཞིག་ཡིན་པ<<ཚད་མ་ཀུན་བཏུས>>སུ་གསར་གཏོད་གནང་སྟེ། བཀའ་ཚད་མའི་མཚན་ཉིད་ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་ཤིང་རིག་པ་བསྟན་ངག་གིས་དབེན་པའི་མི་བསླུ་རྟོགས་པའི་བོན་སུམ་ལྡན་བཀོད[14]། མི་བསླུ་རྟོགས་པའི་བོན་སུམ་ལྡན་ཚད་མའི་མཚན་ཉིད་ཡིན་ལ[15]། དེ་ཡང་མི་བསླུ་རྟོགས་པའི་བོན་གསུམ་ནི་ཡུལ་ཁྱད་པར་ཡང་དག་ཉིད་དུ་གནས་པས་ལོག་པའི་མི་བསླུ་བ་དང་། བློ་རང་གི་ངོ་བོ་འཁྲུལ་མེད་ཀྱི་ཤེས་རབ་འཆལ་བས་མི་བསླུ་བ་དང་། བྱེད་པའི་ལས་སྒྲོ་འདོགས་གཅོད་བྱེད་དེ་མ་ཡིན་གྱིས་མི་བསླུ་དང་གསུམ་མོ[16]། །མི་བསླུ་རྟོགས་པའི་བོན་གསུམ་སོ་སོར་རྩོད་པ་སྤོང་བའི་སྐབས་ལས། བློ་རང་གི་ངོ་བོ་འཁྲུལ་མེད་ཀྱི་ཤེས་རབ་འཆལ་བས་མི་བསླུ་བ་ཞེས་པའི་འཁྲུལ་མེད་ཀྱི་ཤེས་རབ་ནི་བློ་རྣམ་པ་མི་གསལ་བ་གཅོད་ཅིང་སྣང་མེད་དུ་རྟོགས་པར་བཤད་[17]པས། བཀའ་ཚད་མ་བཀའ་ལ་འདོད་མེད་པར་ཤེས་ཏེ། བེམ་པོས་ཡུལ་མི་རྟོགས་མི་ནུས། <<ཚད་མ་ཀུན་བཏུས>> སུ་བཀའ་ལུང་རིག་པའི་ཚད་མ་གསུམ་གྱི་དབྱེ་གཞི་འཇལ་བྱེད་ཀྱི་ཤེས་པ་བཞག་ཅིང་། དབྱེ་དོན་དུ་དེ་གསུམ་དམིགས་ཡུལ་ལ་ལྟོས་ཏེ་ངོ་བོ་ཐ་དད་པ་དང་། དམིགས་བསལ་རང་རིག་དང་ངོ་བོ་གཅིག་པར་འདོད[18]། གལ་ཏེ་བཀའ་ཚད་མ་བཀའ་ལ་འདོད་ན། བཀའ་དང་རང་རིག་མངོན་སུམ་གཉིས་ངོ་བོ་གཅིག་ཏུ་འགྲོ་ཚུལ་མེད་དེ་བེམ་རིག་ངོ་བོ་གཅིག་པ་མི་སྲིད་པས་སོ། །ཡང་བཀའ་ཚད་མ་ལ་རྟོག་པ་དང་རྟོག་བྲལ་གཉིས་སུ་ཕྱེ་བ་[19]དང་། གཞལ་བྱ་ཤིན་ཏུ་ལྐོག་གྱུར་བཀའ་ཚད་མས་མཇལ་དགོས་པ་ལས། རྗེས་དཔག་གིས་གཞལ་བྱ་ཅུང་ཟད་ལྐོག་གྱུར་ལས་མཇལ་མི་ནུས་པའི་དགག་སྒྲུབ་དུ་མ<<ཚད་མ་ཀུན་བཏུས>>སུ་བགྱིས་ཡོད་[20]ཅིང་། <<ས་ལམ>>དུ་ཐེག་ཆེན་ཚོགས་ལམ་བློ་རིགས་གང་ཡིན་བསྟན་དུས་དད་པའི་རྗེས་འབྲང་ལ་ལྟོས་ཏེ་བཀའ་དང་ལུང་ཚད་མར་བརྗོད་[21]པས་བཀའ་ཚད་མ་བཀའ་ཡིན་པར་འདོད་ན་ཐེག་ཆེན་ཚོགས་ལམ་གྱི་བློ་རིགས་བཀའ་ཚད་མ་ཡིན་ཚུལ་བྲལ། རྒྱུ་མཚན་དེ་དག་གིས་འ་ཞ་བློ་གྲོས་རྒྱལ་མཚན་གྱིས་བཀའ་ཚད་མ་ནི། བཀའ་ལ་ཡིད་ཆེས་པ་ལ་བརྟེན་ནས་དེའི་བརྗོད་དོན་གཞལ་བྱ་ཤིན་ཏུ་ལྐོག་གྱུར་གསར་དུ་རྟོགས་པའི་བློ་ཞིག་ཡིན་པར་ཁོང་གི་གཞུང་དག་ཞིབ་སྡུར་བྱས་པས་རྟོགས་ཐུབ། དེ་འདྲའི་འདོད་ཚུལ་ནི་ཁོང་གི་ཐུན་མིན་གྱི་གསར་གཏོད་ཅན་ཞིག་ཡིན་ལ་དེང་སང་འདི་ལྟར་འདོད་མཁན་ཧ་ལམ་མཐོང་ཐོས་དཀའ། ཁོང་གིས་ཚད་མའི་མཚན་ཉིད་མི་བསླུ་རྟོགས་པའི་བོན་སུམ་ལྡན་གྱི་རྒྱབ་བརྟེན་དུ<<འགྲེལ་ལས>>ཞེས་པ་དྲངས་ཏེ“ལོག་པ་དང་འཁྲུལ་བ་དང་འཆལ་བ་གསུམ་གྱིས་དབེན་པ”[22]ཞེས་བསྟན་ཀྱང་། གཞུང་དེ་ད་ལྟར་གང་ཡིན་གསལ་བ་དཀོན། བཀའ་ཚད་མ་བཀའ་ལ་བརྟེན་ནས་དེའི་བརྗོད་དོན་ཤིན་ཏུ་ལྐོག་གྱུར་ཡིད་ཆེས་ངང་མཇལ་བའི་གསར་རྟོགས་ཀྱི་རིག་པ་ལ་ངོས་འཛིན་ན། ཚད་མ་བཏགས་པ་བ་རུ་མི་འགྱུར་བ་ཟད་དོ། །
གསུམ།  བཀའ་ཚད་མ་འཇོག་པའི་བློ་དེ་བློ་རིགས་བདུན་པོ་གང་རུང་ཡིན་མིན།
   བཀའ་ཚད་མ་བཀའ་ལ་བརྟེན་ནས་དེའི་བརྗོད་དོན་ཤིན་ཏུ་ལྐོག་གྱུར་མཇལ་བའི་གསར་རྟོགས་ཀྱི་རིག་པ་ཞིག་ལ་ངོས་འཛིན་སོང་ན། བློ་དེ་ཇི་ལྟར་ཡོད་པ་དང་ཡོངས་གྲགས་སུ་བློ་རིགས་བདུན་དུ་ཕྱེ་བ་དང་འ་ཞའི<<ཚད་མ་ཀུན་བཏུས>>སུ་བློ་རིགས་བརྒྱད་དབྱེ་བ[23]་ལས་གང་དང་གང་དུ་ཡིན་པར་བསམ་དུས།  གང་ཡང་མིན་ཏེ། ཚད་མིན་གྱི་བློ་ལྔའམ་དྲུག་གང་རུང་མིན་ཏེ་ཚད་མ་ཡིན་པས་དང་། མངོན་རྗེས་ཚད་མ་གཉིས་པོ་གང་ཡང་མིན་ཏེ་མངོན་སུམ་ནི་རྟོག་བྲལ་མ་འཁྲུལ་བ་དགོས་པས་མི་འགྲུབ་ལ། རྗེས་དཔག་ནི་རྟགས་ལ་བརྟེན་ལ་དགོས་པས་འདི་ནི་ཡིད་ཆེས་པ་ཙམ་ལས་རྟགས་ཡང་དག་པ་ཞིག་བསྟན་དུ་མེད་དོ། །སྤྱིར་སྐྱེ་བ་སྔ་ཕྱི་ལ་སོགས་ཡོད་པ་སངས་རྒྱས་ཀྱི་བཀའ་ཡི་ནང་དུ་གསུངས། གསུངས་པར་བརྟེན་ནས་སྐྱེ་བ་སྔ་ཕྱི་གནས་པ་ཡིད་ཆེས་དང་དག་སྣང་ངང་གསར་དུ་རྟོགས་པའི་བློ་ནི་བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་མང་ཤོས་སུ་ཡིད་ཆེས་རྗེས་དཔག་ཏུ་བཞེད། ལུང་ལ་བརྟེན་ནས་ཚད་མ་དང་ལོག་ཤེས་སོགས་སྐྱེ་ཚུལ་ཡང་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱི<<ཚད་མ་རིགས་གཏེར་རང་འགྲེལ་>>དུ་ལུང་ལས་ཐོབ་པའི་ཤེས་རབ་ཡིད་དཔྱོད་འདོད་པ་མི་འཐད་པ་བློ་རིགས་བཞི་ལ་འདུས་པར་བཤད་ཡོད། དཔེར་ན་བདེན་པ་བཞི་དང་བདག་མེད་ལ་སོགས་སྒྲུབ་བྱེད་ཡོད་ན་ཚད་མ། ཁྲུས་དང་དཀའ་ཐུབ་ཀྱིས་སྡིག་པ་འདག་པ་ལ་སོགས་ཀྱི་ལུང་ལ་བརྟེན་ནས་དེའི་བརྗོད་བྱ་འཛིན་པའི་བློ་གནོད་པ་ཡོད་པས་འཁྲུལ་ཤེས་སུ་འཆད[24]། འོན་ཀྱང་བཀའ་ཚད་མ་ནི་ཡིད་ཆེས་པ་ཙམ་ལས་རིག་པས་བརྟག་དོན་བཙལ་ནས་རྙེད་པ་ཞིག་མ་ཡིན་ཏེ་ཡིད་ཆེས་དང་དད་པ་ལ་བརྟེན་པས་སོ། །ད་དུང་འ་ཞའི<<ཚད་མ་ཀུན་བཏུས>>སུ་བསལ་བ་ལ་ཕྱོགས་ཁྱབ་ཡོད་མེད་གཉིས་ལས། ཡོད་པ་ནི་གྲགས་པའི་རྗེས་དཔག་གི་བསལ་བ་དང་དངོས་པོ་སྟོབས་ཤུགས་ཀྱི་རྗེས་དཔག་བསལ་བའོ། །ལུང་ལ་བརྟེན་ནས་ཡིད་ཆེས་པའི་བསལ་བ་ནི་ཕྱོགས་ཁྱབ་མ་གྲུབ་པར་བཞེད་[25]པས། བཀའ་ཚད་མ་ཡང་རྗེས་དཔག་མ་ཡིན་ཏེ་ཡིད་ཆེས་ལ་བརྟེན་ནས་བསྐྱེད་པ་དང་། གཞལ་བྱ་ཤིན་ཏུ་ལྐོག་གྱུར་རྗེས་དཔག་ལ་སོགས་ཀྱིས་མཇལ་མི་བཏུབ་པ་བཀའ་ཚད་མས་གཞལ་དགོས་པས། བཀའ་ཚད་མ་ནི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་བཀའ་ལ་ཡིད་ཆེས་པ་ལ་བརྟེན་ནས་གསར་རྟོགས་ཀྱི་བློའོ། །
མཇུག་བསྡུའི་གཏམ།
   གོང་དུ་བཀའ་ཚད་མ་བཀའ་ལ་འདོད་ཚུལ་དང་གསར་རྟོགས་ཀྱི་བློ་ཞིག་ལ་འདོད་ཚུལ་བློ་ཉིད་གང་ཞིག་ཡིན་མིན་ཅི་ནུས་དཔྱད་ཁུལ་ལས། བཀའ་ཉིད་ཚད་མར་ངོས་འཛིན་པ་ནི་ཚད་མ་བཏགས་པ་བ་ཙམ་ལས་དངོས་ཡིན་པར་ཁས་ལེན་ན་རྗོད་བྱེད་ཀྱི་སྒྲ་དོན་མཐུན་ཐམས་ཅད་ཚད་མར་བཞེད་ཆོག་པ་དང་གང་ཟག་ཀྱང་ཐལ་ལོ། །བཀའ་ཚད་མ་གསར་རྟོགས་ཀྱི་བློ་ཞིག་ལ་འདོད་པ་ནི་ཡོངས་གྲགས་མིན་ནའང་འཐད་ལྡན་ཆེ་ཞིང་ཚད་མའི་མཚན་ཉིད་རང་ཡུལ་གསར་དུ་མི་བསླུ་བའི་བློའི་དོན་ལྡན་ལ། གཞལ་བྱ་མངོན་གྱུར་ལ་ལྟོས་ཏེ་མངོན་སུམ་ཚད་མ་དང་ཅུང་ཟད་ལྐོག་གྱུར་ལ་ལྟོས་ཏེ་རྗེས་དཔག་ཚད་མ་ཤིན་ཏུ་ལྐོག་གྱུར་ལ་ལྟོས་ཏེ་བཀའ་ཚད་མ་དང་གསུམ། བཀའ་ཚད་མ་ཞེས་པ་ཡང་བཀའ་ལ་ཡིད་ཆེས་ཙམ་ལ་བརྟེན་ནས་ཤིན་ཏུ་ལྐོག་གྱུར་ཚེ་སྔ་ཕྱི་ལྟ་བུ་གསར་དུ་གཞལ་བའི་བློ་ཞིག་ངང་ངང་ཤུགས་ཀྱིས་རྗེས་དཔག་དང་མངོན་སུམ་མ་ཡིན་པའི་ཚད་མ་ཕུང་གསུམ་པ་ཡོད་པར་གྲུབ། ཡིན་ནའང་། ད་དུང་རགས་རིམ་ཙམ་ལས་དེ་འདྲའི་གསལ་ཁ་ཆེ་ཞིང་ལུང་རིགས་དཔང་མཐུག་པོ་མེད་ནའང་གོང་དུ་འ་ཞ་བློ་གྲོས་རྒྱལ་མཚན་གྱི<<ཚད་མ་ཀུན་བཏུས>>ཀྱིས་ང་ཚོ་ལ་བློ་སྒོ་གསར་པ་ཞིག་དང་མིག་རྒྱང་རིང་མོ་ཞིག་ཕྱེ་ནུས། སླད་མར་བཀའ་ཚད་མའི་སྐོར་དཔྱད་གཞི་ཡིག་ཆ་གསར་པ་རེ་དང་དེའི་ཕྱོགས་ཀྱི་ཟོལ་མེད་ཀྱི་བསམ་བློའི་སྙིང་བཅུད་རེ་ཡོད་ན། ཐུན་མོང་གི་སྤྱོད་ཡུལ་དུ་བོན་ནམ་ཆོས་ཀྱི་སྦྱིན་པ་ཞིག་གནང་བའི་རེ་འདུན་སྙིང་དབུས་ནས་འཆང་གིན་ཡོད་དོ། །
མཆན་དང་དཔྱད་ཡིག
[1]<<ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། >> དཔལ་ལྡན་ཆོས་ཀྱི་གྲགས་པས་བརྩམས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་སྤྱིའི་པོད་ཕྲེང་བཞི་བརྒྱ་གཉིས། (1)
[2] <<ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད་ཐར་ལམ་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ། >>རྒྱལ་ཚབ་རྗེས་བརྩམས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་སྤྱིའི་པོད་ཕྲེང་བཞི་བརྒྱ་གཉིས། (1-2)
[3][4] <<མདོ་འདུས་པ་རིན་པོའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ། >>སྟོན་པ་གཤེན་རབ་ཀྱི་བཀའ། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོའི་པོད་དང་པོ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། (64) (61)  
[5]<<དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ། >> སྟོན་པ་གཤེན་རབ་ཀྱི་བཀའ། དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་བཏོན། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོའི་པོད་གཉིས་པ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། (146)
[6]<<འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ། >> པོད་ལྔ་བ།  སྟོན་པ་གཤེན་རབ་ཀྱི་བཀའ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། (71)
[7]སྟོན་པ་གཤེན་རབ་ཀྱིས་བརྩམས་པའི<<མདོ་འདུས་པ་རིན་པོའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ། >> ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་དཔར་བའི་བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོའི་པོད་དང་པོའི་ནང་དུ་ཡོད།
[8] ལི་ཤི་སྟག་རིངས་ཀྱིས་བརྩམས་པའི་<<གཏན་ཚིགས་གལ་མདོ་རིག་པའི་ཚད་མ>>སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་སྒོ་བཞི་མཛོད་ལྔའི་ཡང་བཅུད་ལས་པོད་ཉི་ཤུ་རྩ་གསུམ་པ་ནང་དུ་ཡོད།
[9]<<མན་ངག་ལུང་གི་ཚད་མ>>རྩོམ་པ་པོ་མི་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་སྒོ་བཞི་མཛོད་ལྔའི་ཡང་བཅུད་ལས་པོད་ཉི་ཤུ་རྩ་གསུམ་པ་ནང་དུ་ཡོད།
[10] 《ཚད་མ་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ། 》 མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས། བླ་རུང་ཚང་གིས་དཔར། (10) 
[11]<<ཐེག་རིམ་རྣམ་བཤད་གསལ་བའི་མེ་ལོང་། >>སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས། སྒོ་བཞི་མཛོད་ལྔའི་ཡང་བཅུད།  པོད་བཞི་བཅུ་ཞེ་དགུ་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། (123) 
[12]<<ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར། >> སྟོན་པ་གཤེན་རབ་ཀྱི་བཀའ། སྒོ་བཞི་མཛོད་ལྔའི་ཡང་བཅུད། པོད་ལྔ་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། (8) 
[13]<<སྲིད་པའི་མཛོད་ཕུགས་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ། >> འ་ཞ་བློ་གྲོས་རྒྱལ་མཚན་གྱིས་བརྩམས། སྒོ་བཞིའི་མཛོད་ལྔའི་ཡང་བཅུད། པོད་སུམ་ཅུ་སོ་བདུན་པ། (27)
[14][15][16][17][18][19][20][22][23][25] 《ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པའི་རིག་པའི་གཏེར་མཛོད། 》 འ་ཞ་བློ་གྲོས་རྒྱལ་མཚན་གྱིས་བརྩམས། སྒོ་བཞིའི་མཛོད་ལྔའི་ཡང་བཅུད། པོད་སུམ་ཅུ་སོ་དགུ་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། (61)(29)(61)(35)(61)(183)(63)(29)(20)(156) 
[21]《ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག》  འ་ཞ་བློ་གྲོས་རྒྱལ་མཚན་གྱིས་བརྩམས། སྒོ་བཞིའི་མཛོད་ལྔའི་ཡང་བཅུད། པོད་སུམ་ཅུ་སོ་བརྒྱད་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། (117-118)
[24]《ཚད་མ་རིགས་པའི་གཏེར་གྱི་རང་འགྲེལ། 》 ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། (65-66) 

རྩོམ་པ་པོ་དོན་འགྲུབ་ཉི་མ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།