ཐེག་པ་གོང་འོག་གི་ལྷུན་གྲུབ་འཇོག་ཚུལ་སྐོར་ལ་དཔྱད་པ།

[ཟླ་ཚེས། 2020-03-09 21:54:01][རྩོམ་པ་པོ། གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གླེང་སློང་བ།

  འདིར་ཕྲན་ནས་སྔགས་རྫོགས་སྐོར་ལ་ཐོས་བསམ་བྱེད་སྐབས་ཀྱི་རང་གི་གོ་རྟོགས་སྐོར་ཞིག་ཡི་གེར་ཕབ་པའི་ངལ་བ་དང་དུ་བླངས་པ་ཡིན། སྤྱིར་འདི་ནས་གླེང་རྒྱུ་ནི་སྟོན་པའི་བཀའ་རིན་པོ་ཆེ་ཐེག་འགྲེལ་མེ་ལོང་དགུ་སྐོར་དང་དེའི་མཆན་འགྲེལ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མཛད་པའི་གསང་སྔགས་བཀའ་འགྲེལ་གཉིས་ལ་གཙོ་བོར་གཞི་བཅོལ་ནས་འཆད་པའི་ཁུལ་ཞིག་ཡིན་པ་ལགས། སྤྱིར་སྔགས་རྫོགས་སོ་སོས་ལྷུན་གྲུབ་འདོད་ཚུལ་གྱི་ཁྱད་པར་གླེང་སྐབས་ཐེག་པ་འོག་མ་མདོ་ཕར་ཕྱིན་དང་སྔགས་ཕྱི་པ་གཉིས་ཀྱི་གཞི་ཡི་འདོད་ཚུལ་ཁག་ལ་བསམ་གཞིག་མ་བྱས་ཐབས་མེད་ལྟ་བུ་ཞིག་སྣང་། གང་ཡིན་ཟེར་ན་ནམ་རྒྱུན་ཐོས་བསམ་བྱེད་པའི་ཁྲོད་མདོ་ཡི་ལུང་ཚིག་སྐོར་ཞིག་དང་སྔགས་རྫོགས་ཀྱི་ལྷུན་གྲུབ་གཉིས་ལ་ཆ་འདྲ་བའམ་དབྱེར་མི་ཕྱེད་བའི་སྐབས་ཡོང་གི་ཡོད་ལ། སྔགས་ཕྱི་ནང་གི་འབྲས་བུའི་འབྱུང་ཁུངས་སོགས་ཀྱི་སྐོར་ནས་མགོ་བོ་རྨོངས་པའི་སྐབས་དུ་མ་ཞིག་འབྱུང་གི་ཡོད། དེས་ན་འདི་ནས་དེ་དག་གི་ཁྱད་པར་སྐོར་ཞིག་གླེང་བར་བྱེད།

མདོ་ཕར་ཕྱིན་ཐེག་པ།

  སྟོན་པའི་བཀའ་ཁམས་བརྒྱད་སྟོང་ཕྲག་བརྒྱ་པ་ལས། བོན་རྣམས་ཐམས་ཅད་ཀྱི་གཞི་དང་རྩ་བ་ནི་ཡོངས་སུ་བདག་ཉིད་ལ་འདུས། ཞེས་དང་། མཉམ་པའི་ཁམས་ལས། ངང་གིས་མ་བཅོས་རང་བཞིན་འོད་གསལ་བ། བདག་ཉིད་ཆེན་པོའི་སྐུ་ལ་ལྷུན་གྱིས་གྲུབ་པར་གནས། ཞེས་སོགས་མདོ་ཕར་ཕྱིན་ཐེག་པའི་གཙོ་བོའི་གཞུང་དེ་དག་ལས། བདག་ཉིད་ཆེན་པོའི་སྐུ་ལ་ལྷུན་གྱིས་གྲུབ་ལྟ་བུའི་ལྷུན་གྲུབ་ཅེས་པའི་ཐ་སྙད་བྱུང་ཡོད། འོན་ཏེ་སྐབས་འདིའི་ལྷུན་གྲུབ་ཅེས་པ་འདི་སྔགས་རྫོགས་ཀྱིས་འདོད་པའི་ལྷུན་གྲུབ་དེ་ལ་གོ་རྒྱུ་མ་ཡིན་པར། འདི་ལ་སྒྲ་མཐུན་དོན་འཕགས་ཀྱི་གོ་བ་ལེན་དགོས་ཏེ། རྗེ་རིན་པོ་ཆེས་མཛད་པའི་ས་ལམ་འཕྲུལ་གྱི་སྒྲོན་མེ་ལས། བོན་རྣམས་ཐམས་ཅད་ཀྱི་གཞི་དང་རྩ་བ་ནི་ཡོངས་སུ་བདག་ཉིད་ལ་འདུས་ཞེས་པར་འགྲེལ་བ་གནང་སྐབས་བདག་ཉིད་ལ་འདུས་ཞེས་པའམ་བདག་ཉིད་ལ་ལྷུན་གྱིས་གྲུབ་ཅེས་སོགས་ཀྱི་དོན་ནི་བོན་ཐམས་ཅད་སེམས་ཉིད་དང་འདུ་བྲལ་མེད་པར་གནས་པ་ཙམ་ལ་གོ་དགོས་པ་གསུངས་ཡོད། འདུ་འབྲལ་མེད་ཅེས་པའི་འདུ་ཞེས་པ་ནི་ལྡོག་ཆ་གཅིག་ཏུ་གྲུབ་པ། འབྲལ་ཞེས་པ་ནི་ངོ་བོ་ཐ་དད་དུ་གྲུབ་པ་ལ་གོ་དགོས། དེས་ན་བོན་ཐམས་ཅད་སེམས་ཉིད་དང་ལྡོག་པ་གཅིག་ཏུ་མ་གྲུབ་ལ་སེམས་ཉིད་ལས་ངོ་བོ་གཞན་དུ་མ་གྲུབ་པའི་རྐྱེན་གྱིས་འདུ་བྲལ་མེད་པར་གནས་ཞེས་པའི་དོན་ཡིན། མདོ་ཕར་ཕྱིན་ཐེག་པས་འདི་ཙམ་ལས་བོན་ཐམས་ཅད་སེམས་ཉིད་ཀྱི་ཀློང་ནས་བྱུང་བ་འདོད་མི་ཐུབ་པ་ཡིན་ནོ།།

སྔགས་ཕྱི་པ།

  སྟོན་པའི་ཐེག་འགྲེལ་ལས། སྔགས་ཕྱི་ནང་གཉིས་ཀྱི་དབྱེ་བ་གསུངས་སྐབས་ལྟ་བ་ལྷ་དང་སྤྱོད་པ་འབྲས་བུ་བཞི་ཡི་ཁྱད་པར་གསུངས་ཡོད་ཅིང་། ལྷ་ཡི་ཁྱད་པར་བསྟན་སྐབས་སྔགས་ཕྱི་པས་ལྷ་ཡེ་ཤེས་སེམས་དཔའ་གཞན་ལས་སྤྱན་འདྲེན་པའོ།། ཞེས་དང་། འབྲས་བུ་གཞན་ལས་འབྱུང་བར་འདོད། ཅེས་གསུངས་ལ། སྔགས་ནང་པས་དེ་ལས་ལྡོག་པར་འདོད་པ་ཡིན་ནོ།། དེ་ལ་ཁ་ཅིག་ན་རེ། སྔགས་ཕྱི་པས་ལྷ་རང་ལས་སྤྱན་འདྲེན་པ་ཡིན་ཏེ། སྤྱོད་རྒྱུད་ཀྱི་ཁོངས་སུ་གཏོགས་པའི་མདོ་གཡུང་དྲུང་ཀློང་རྒྱས་ལས། དུས་གསུམ་གྱི་བདེར་བར་གཤེགས་པ་ཐམས་ཅད། དང་པོ་བྱུང་ཡང་ཀློང་དེ་ལས་བྱུང་། བར་དུ་གནས་ཀྱང་ཀློང་དེ་ལ་གནས། ཐ་མར་ཐིམ་ཡང་ཀློང་དེ་ལ་ཐིམ་པའོ།། ཞེས་གསུངས་པ་རྒྱུ་མཚན་བྱས་ཏེ། རང་གི་བདག་ཉིད་ལས་འབྱུང་བ་ཡིན་པ་སྒྲུབ་བཞིན་ཡོད་མོད། འདིའི་དོན་ནི་སངས་རྒྱས་བོན་སྐུ་ལས་གཟུགས་སྐུ་རྣམ་གཉིས་སྤྲོས་ཤིང་། དེ་གཉིས་ཀྱང་ངོ་བོ་བོན་སྐུའམ་དབྱིངས་ཀྱི་ཡུམ་ཆེན་མོ་ལས་མི་འདའ་བ་བསྟན་པ་ལས། ལྷ་སྒྲུབ་པའི་སྐབས་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའ་རང་གི་སེམས་ཉིད་ལས་སྤྱན་འདྲེན་པའི་དོན་མ་ཡིན་ནོ།། ཐེག་འགྲེལ་ལས། འབྲས་བུ་རང་གཞན་འབྱུང་བ་རྣམ་པ་བཞི། ཞེས་པས། སྔགས་ཕྱི་ནང་གི་ཁྱད་པར་བཞི་ལས་གཅིག་ནི་ཕྱི་པས་འབྲས་བུ་གཞན་ལས་འབྱུང་བར་འདོད་པ་དང་། ནང་པས་རང་ལས་འབྱུང་བར་འདོད་པ་གཉིས་རེད། འདིའི་ཐད་རིགས་སྨྲ་བ་དག་གི་ཁས་ལེན་མི་འདྲ་བ་དུ་མ་ཞིག་བཟུང་ཚུལ་འདུག་མོད། དོན་དམ་པའི་འབྲས་བུ་རང་གཞན་གཉིས་ལས་འབྱུང་ཚུལ་ནི་སྔགས་ནང་པས་ལྷ་དང་གཞལ་ཡས་སོགས་རང་འབྱུང་ཡེ་ཤེས་ཀྱི་རྩལ་ལས་བྱུང་བ་འདོད་ཐུབ་ལ། ཁོ་རང་གི་མཐར་ཐུག་གི་འབྲས་བུ་ལྷ་སྐུ་དེ་ཉིད་ཀྱང་གཞན་ལས་བྱུང་བ་ཞིག་མ་ཡིན་པར། རང་གི་སེམས་ཉིད་ཀྱི་རྩལ་ལས་ཤར་བ་དེ་ཉིད་མངོན་དུ་བྱས་པ་ཡིན་ནོ།། འོན་ཏེ་སྔགས་ཕྱི་པས་ལྷ་སྐུ་གཞལ་ཡས་སོགས་རང་འབྱུང་ཡེ་ཤེས་ལ་ལྷུན་གྱིས་གྲུབ་པའམ་རང་འབྱུང་ཡེ་ཤེས་ཀྱི་རྩལ་ཡིན་པ་འདོད་མི་ཐུབ་ལ། ཁོ་རང་གི་མཐར་ཐུག་འབྲས་བུ་དེ་ཉིད་ཀྱང་རང་གི་སེམས་ཉིད་ལས་གཞན་པའི་རྒྱུན་མཐའི་ཡེ་ཤེས་སོགས་ཀྱི་རྐྱུ་རྐྱེན་ལས་གྲུབ་དགོས་པ་ཡིན་ཏེ། གསང་སྔགས་བཀའ་འགྲེལ་ལས། འབྲས་བུ་གཞན་ལས་ཐོབ་པའི་དོན་ཕར་ཕྱིན་ལྟར་རྒྱུན་མཐའི་ཡེ་ཤེས་ཀྱིས་བསྐྱེད་པར་འདོད་པ་སོགས་སོ།། འདིས་ད་ལྟ་རང་གི་གནས་ལུགས་ལ་ལྷུན་གྱིས་གྲུབ་པའི་དོན་དེ་ཉིད་མངོན་དུ་གྱུར་པར་འདོད་པས་ནའོ།། ཞེས་གསུངས་སོ།། འོན་ཏེ་དངོས་བསྐྱེད་པ་འདིས་འདོད་པའི་གནས་ལུགས་ལ་ལྷུན་གྱིས་གྲུབ་ཅེས་པའི་དོན་གཤིས་ལ་འབྱུང་རུང་མ་འགག་པ་ཡོད་པའི་དོན་ལ་གོ་ན་མི་འགྲིག་པར་འདིའི་ལྷུན་གྲུབ་ཀྱི་གོ་དོན་ནི་ལྷ་སྐུ་གཞལ་ཡས་སོགས་གནས་ལུགས་ཀྱི་རྩལ་ལམ་རོལ་པ་ཡིན་པར་འདོད་པ་ཙམ་མོ།། འདིའི་སྐོར་འོག་ནས་དངོས་བསྐྱེད་པ་དང་ཤིན་ལྡན་པ་གཉིས་ཀྱི་ལྷུན་གྲུབ་འདོད་ཚུལ་གྱི་ཁྱད་པར་སྐོར་ནས་འཆད་རྒྱུ་ཡིན།

དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ།

  དངོས་བསྐྱེད་པས་འདོད་པའི་ལྷུན་གྲུབ་ནི་བཀོར་བདུན་ལྷུན་གྲུབ་འདི་ཡིན་ལ། ཐེག་པ་འདིས་ལྷ་སྐུ་སོགས་གཤིས་ཀྱི་རོལ་པར་འདོད་པ་ཙམ་ལས་གཤིས་ལ་ལྷུན་གྲུབ་ཏུ་མི་འདོད་དེ། ཡོངས་འཛིན་རིན་པོ་ཆེས་མཛད་པའི་གསང་སྔགས་བཀའ་འགྲེལ་ལས། རོལ་པ་ཡིན་ཞེས་དང་། གཞི་གནས་ལ་ལྷུན་གྱིས་གྲུབ་ཅེས་པ་གཉིས་གཏན་ནས་མི་འདྲ་བའི་ཕྱིར། དེ་ལྟར་ལྷུན་གྱིས་གྲུབ་པ་ལ་ལྷུན་གྱིས་གྲུབ་པར་རྟོགས་ནས་བསྒྲུབ་པ་ལས་ཚུལ་གཞན་གྱིས་བསྒྲུབ་པའི་རྩོལ་བ་བྱེད་མི་དགོས་པའི་ཕྱིར། དེ་ལྟར་ཡིན་པ་མདོ་དང་འགྲེལ་བ་གཉིས་ཀྱི་དོན་ཡིན་པའི་ཕྱིར། ཞེས་ཤིན་ལྡན་པས་འདོད་པའི་ལྷུན་གྲུབ་དང་དངོས་བསྐྱེད་པས་འདོད་པའི་བཀོར་བདུན་ལྷུན་གྲུབ་གཉིས་སམ་ལྷ་སྐུ་གཤིས་ཀྱི་རོལ་པར་འདོད་པ་གཉིས་ཀྱི་ཁྱད་པར་ཞིབ་ཏུ་གསུངས་ཡོད། འདིའི་དོན་ཞིབ་ཏུ་གསང་སྔགས་བཀའ་འགྲེལ་ལས་ཤིན་ལྡན་སྐོར་ལ་བལྟས་ན་ཤེས་ཐུབ། འདིར་ཁ་ཅིག་ན་རེ། དངོས་བསྐྱེད་པས་ལྷ་སྐུ་གཤིས་ལ་ལྷུན་གྲུབ་ཏུ་འདོད་བ་ཐལ། ལྷག་པའི་ཀུན་རྫོབ་འདོད་པའི་ཕྱིར། ཁྱབ་པ་ཡོད་དེ། ལྷག་པའི་ཀུན་རྫོབ་ཅེས་པའི་དོན་ནི་སྔགས་ཕྱི་པ་སོགས་ཀྱིས་འདོད་པའི་རེ་ཞིག་པའི་ཚད་མས་གྲུབ་པ་ཙམ་མ་ཡིན་པར། གཤིས་ལ་ལྷུན་གྱིས་གྲུབ་བསྡད་པའི་ལྷ་སྐུ་སོགས་ལ་འཇོག་དགོས་པའི་ཕྱིར་ཞེས་ན། མ་གྲུབ་སྟེ། འདིས་འདོད་པའི་ལྷག་པའི་ཀུན་རྫོབ་ནི་གཤིས་ལ་ལྷ་སྐུ་གཞལ་ཡས་ལྷུན་གྲུབ་ཏུ་འདོད་པའི་དོན་མ་ཡིན་པར། ལྷ་སྐུ་གཞལ་ཡས་སོགས་སྣང་སྲིད་བོན་རྣམས་ཐམས་ཅད་སེམས་ཉིད་གཤིས་ཀྱི་རྩལ་ཤར་གྱི་རོལ་པ་ཡིན་པར་འདོད་པའི་དོན་ཡིན་ཏེ། ཐེག་འགྲེལ་ལས། ཀུན་རྫོབ་ལྷག་པར་འཇོག་པའི་རྒྱུ་མཚན་ནི། ཐེག་པ་འོག་མ་བས་བསླུ་བ་མི་བདེན་པ། རེས་ཞིག་གི་ཚད་མས་གྲུབ་པ། རེས་ཞིག་གི་དོན་བྱེད་ནུས་པ་ཙམ། མདོར་ན་སྣང་སྲིད་འདི་དག་ཀུན་རྫོབ་སྟེ། འཁྲུལ་པར་འདོད་པ་ལས། གསང་སྔགས་འདིའི་བཞེད་ཀྱིས། ཀུན་རྫོབ་ཏུ་སྣང་སྲིད་འདི་ཉིད་ཡེ་ཤེས་ཀྱི་རོལ་པ་རང་སྣང་ཡིན་པས། ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཡེ་ནས་མཉམ་པར་རྫོགས་པར་བཞེད་དེ། དེའི་ངང་ལས་འཁོར་བ་མེད་པར་འདོད་དོ།། ཞེས་གསུངས་པས་རྟོགས་ཐུབ། འདིས་བོན་ཐམས་ཅད་རྩལ་ཤར་གྱི་རོལ་པ་ཡིན་པ་འདོད་པ་ལས་གཤིས་ལ་ལྷུན་གྲུབ་ཏུ་འདོད་མི་ཐུབ་ཏེ། གསང་དོན་རྣམ་འབྱེད་ལས། ཡང་དག་གཤིས་ཀྱི་འདུག་ཚུལ་ལ།། ལྷ་དང་སྐུ་སོགས་མ་གྲུབ་ཀྱང་།། ཀུན་རྫོབ་རོལ་པའི་རྩལ་ཤར་བ།། ཞེས་དང་། ལྷ་དང་གཞལ་ཡས་ལས་སོགས་པ།། ཐམས་ཅད་སེམས་ཀྱི་རོལ་པ་ཡིན།། ཞེས་དངོས་བསྐྱེད་པས་འདོད་པའི་ལྷུན་གྲུབ་བམ་བསམ་ངོ་ལྷུན་གྲུབ་ཅེས་པའི་དོན་ཅི་ལྟ་བུ་ཞིག་ཡིན་པ་གསལ་པོར་བསྟན་ལ། དེའི་གོ་དོན་འཆད་སྐབས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས། རོལ་པ་ཡིན་ཞེས་པ་དང་། གཞི་གནས་ལ་ལྷུན་གྱིས་གྲུབ་ཅེས་པ་གཉིས་གཏན་ནས་མི་འདྲ་བའི་ཕྱིར། ཞེས་ཞལ་གདམས་གསེར་འདྲ་བ་དུ་མ་གསུངས་ཡོད། དེ་བཞིན་ཐེག་འགྲེལ་མེ་ལོང་དགུ་སྐོར་ལས་ཤིན་ལྡན་པ་དངོས་བསྐྱེད་པ་ལས་ཁྱད་འདོན་སྐབས། དངོས་བསྐྱེད་པ་ན་རེ། ཁྱོད་ཀྱི་ཡབ་སྣང་བ་ཆེན་པོ་དང་ངའི་ཐབས་ལ་ཁྱད་པར་མི་འདུག ཡུམ་དབྱིངས་ཕྱུག་ཆེན་པོ་དང་ངའི་ཤེས་རབ་ལ་ཁྱད་མི་འདུག ཁྱོད་ཀྱི་སྲས་བདེ་བ་ཆེན་པོ་དང་ངའི་གཉིས་མེད་ལ་ཁྱད་མི་འདུག ཅེས་དྲིས་པའི་ལན་ལ། ཁྱད་པར་མེད་པ་མིན་ཏེ། ཁྱོད་ཀྱི་རང་རིག་གི་སེམས་དེ་སྟོང་པར་འདོད། ཐབས་དེའི་རྩལ་དེ་མཚན་མ་དངོས་སྣང་དུ་འདོད། དེས་ན་ཤེས་རབ་སྟོང་པའི་མཐར་རེག་ཏུ་ཐལ། ཐབས་སྣང་བ་རྒྱ་ཆད་དུ་ཐལ། དེས་ན་གཉིས་མེད་དེ། ཉི་ཚེ་བའི་གཉིས་མེད་དུ་ཐལ་ལོ།། ཞེས་ཤིན་ལྡན་པས་དངོས་བསྐྱེད་པས་འདོད་པའི་ཤེས་རབ་དེ་སྟོང་པའི་མཐར་ལྷུང་ཡོད་པ་དང་ཐབས་སྣང་བ་རྒྱ་ཆད་སོང་འདུག ཅེས་གསུངས་པའི་དོན་ནི་དངོས་བསྐྱེད་པས་འདོད་པའི་གནས་ལུགས་དེ་རང་གི་ངོ་བོས་སྟོང་པ་ཙམ་ལས། ལྷ་སྐུ་གཞལ་ཡས་རང་ཆས་སུ་ཡོད་པ་འདོད་མ་ཐུབ་ཅིང་། གནས་ལུགས་ལས་སྣང་ཆའམ་རྩལ་སྣ་ཚོགས་ཤར་བ་འདོད་པ་ལས། སྣང་ཆ་དེ་དག་གཤིས་ལ་རང་ཆས་སུ་ཡོད་པ་འདོད་མ་ཐུབ་པའི་དོན་ཡིན། གཞན་ཡང་དེ་ཉིད་ལས། དེས་ན་གཉིས་མེད་དེ། ཉི་ཚེ་བའི་གཉིས་མེད་དུ་ཐལ་བྱའོ།། ཞེས་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་ཞེས་བྱ་སྟེ། རང་རིག་པ་བྱང་ཆུབ་ཀྱི་སེམས་དང་དེའི་རྩལ་མ་འགགས་པའོ།། ལྟ་བ་དེ་ཡང་མཐོང་ལམ་སྐྱེས་ཙམ་ནི་དེ་ལྟར་རྟོགས་པ་ཡིན་སྐད། ཅེས་པའི་དོན་ནི་དངོས་བསྐྱེད་པས་མཐོང་ལམ་ཐོབ་སྐབས་སྒྱུ་མའི་ལྷ་སྐུར་བདེ་སྟོང་ཡེ་ཤེས་ཟུང་ཏུ་འཇུག་པར་འདོད་པ་ཡིན་ལ། ཤིན་ལྡན་པས་ནི་གཤིས་ལ་ཡེ་ནས་ལྷ་སྐུ་འབྱུང་རུང་མ་འགག་པ་ཡོད་པ་འདོད་ཐུབ་བས་ཁྱད་དུ་འཕགས་པ་ཡིན་ནོ།། འོ་ན་ཐེག་འགྲེལ་ལས་དངོས་བསྐྱེད་པས་ལྷག་པའི་དོན་དམ་བསྟན་སྐབས། ཐེག་པ་གཞན་ནི་དོན་དམ་ཞེས་བྱ་བ། རང་བཞིན་མེད་པ་སྤྲོས་པ་དང་བྲལ་བ་མི་རྟོག་པ་འབའ་ཞིག་ཏུ་འདོད་དེ། གསང་སྔགས་འདིའི་ལུགས་ཀྱིས། དོན་དམ་ནི་སེམས་ཉིད་རང་བཞིན་མ་བཅོས་པ། ཅིར་ཡང་མ་གྲུབ་མི་སྣང་བ་མ་ཡིན། ཅིར་ཡང་མ་ཡིན་པ་ཉིད་བོན་ཉིད་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རང་སྣང་། དཔེར་ན། ཉི་མ་ལ་ཉི་མའི་འོད་ཟེར་དུ་བྱུང་བ་བཞིན་ནོ།། དེའི་ཆ་ནས་བཀོར་བདུན་ལྷུན་གྱིས་གྲུབ་པ་ཉིད་དོ།། ཅེས་ཐེག་པ་འོག་མ་སྔགས་ཕྱི་པ་དང་གཡུང་དྲུང་སེམས་དཔས་འདོད་པའི་དོན་དམ་ལས་ཁྱད་པར་འཕགས་ཚུལ་གང་ཡིན་ཟེར་ན། འདིའི་དོན་ནི་འོག་མས་འདོད་པའི་གནས་ལུགས་ལྟར་མ་ཡིན་པར་འདིས་སྣང་བའམ་ཐབས་ཐམས་ཅད་གནས་ལུགས་ཀྱི་རྩལ་ཤར་ཡིན་པ་དང་། རྩལ་དེ་དག་ཀྱང་རང་གི་ངོ་བོ་གནས་ལུགས་རང་འབྱུང་ཡེ་ཤེས་ལས་གཞན་མེད་པ་འདོད་ཐུབ་པའི་དོན་ཡིན། ཡང་ཁ་ཅིག་ན་རེ། ཁྱོད་ཀྱི་འདོད་པ་ལྟར་ན་དངོས་བསྐྱེད་པའི་གནས་ལུགས་འདི་ཉིད་སྟོང་པ་ཕྱལ་ཆད་དང་རྒྱུན་ཆད་གཉིས་སུ་སོང་བ་ཐལ། གཤིས་ལ་ལྷ་སྐུ་ལྷུན་གྱིས་མ་གྲུབ་པའི་ཕྱིར། ཞེ་ན། མ་ཁྱབ་བོ།། གནས་ལུགས་རང་འབྱུང་ཡེ་ཤེས་སྟོང་པ་ཕྱལ་ཆད་རྒྱུན་ཆད་དུ་མ་སོང་སྟེ། སྐུ་དང་ཞིང་ཁམས་སོགས་ཀྱི་རྩལ་མ་འགག་པ་ཡིན་པའི་ཕྱིར་རོ།། ཁྱབ་སྟེ། མ་རྒྱུད་ཡེ་ཤེས་ཐིག་ལེའི་འགྲེལ་ལས། དངོས་བསྐྱེད་པས་ཁོ་རང་གིས་འདོད་པའི་གཞི་ཡེ་ཤེས་ལྷུན་གྲུབ་ཆེན་པོ་དེ་ཉིད་ཕྱི་པ་མུ་སྟེགས་པས་འདོད་པའི་གཅིག་བུ་དང་སྔགས་ཕྱི་པས་འདོད་པའི་གནས་ལུགས་སོགས་ལས་ཁྱད་འདོན་སྐབས། གཉིས་པ་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྟོང་པ་འདི་ནི། དེ་བཞིན་ཉིད་མེད་དེ་གྲུབ་སངས་རྒྱས་མེད།། ལྟར་སྣང་འགྲོ་བའི་སྣང་ཡོར་གཟུགས་བརྙན་ཡིན།། ཞེས་བྱ་བ། སྟོང་པ་མཐའ་ཐམས་ཅད་དང་བྲལ་བ། ངོས་བཟུང་ཁས་ལེན་དང་བྲལ་བ། སྣང་བཅས་སྐུ་བཞི་ཡེ་ཤེས་དང་བྲལ་བར་འདོད་པ་ནི། གྲུབ་མཐའ་སྐུ་དང་ཡེ་ཤེས་ཀྱི་མཐའ་སྟོང་ནས་སྟོང་པ་ཕྱལ་ཆད་དུ་སོང་བའོ།། ཡེ་ཤེས་ཀྱི་གཞི་ལྷུན་གྲུབ་འདི་ནི། སྟོང་པ་ཕྱལ་ཆད་རྒྱུན་ཆད་གཉིས་ཀར་མ་སོང་པ། ཐུགས་རྗེ་དང་ཡེ་ཤེས་གཉིས་ཀྱི་རྒྱུན་དང་བཅས་ཤིང་། རྩལ་ཤུགས་སྐུ་དང་ཞིང་ཁམས་སུ་འབྱུང་བས་ནང་པ་བས་ཁྱད་པར་དུ་འཕགས་པའོ།། ཞེས་གསུངས་པ་འདིས་ཀྱང་ཤེས་སོ།།

ཤིན་ཏུ་དོན་ལྡན་ཀུན་རྫོགས་ཐེག་པ།

  ཤིན་ལྡན་པས་འདོད་པའི་ལྷུན་གྲུབ་ནི་འོག་མས་འདོད་པའི་བསམ་ངོ་ལྷུན་གྲུབ་ལས་ཁྱད་དུ་འཕགས་ཏེ། རང་བཞིན་ལྷུན་གྲུབ་ཅེས་ལྷ་སྐུ་གཞལ་ཡས་གཤིས་ལ་འབྱུང་རུང་མ་འགག་པའི་ཚུལ་དུ་ཡོད་པ་འདོད་པ་ཡིན་ཏེ། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། དེ་ལ་རྟོགས་པའི་ལྟ་བ་ནི། སེམས་ཉིད་ཡེ་ནས་སྒྲིབ་པ་མི་མངའ་བ་དང་། ཅིར་ཡང་མ་གྲུབ་པ་དེ་ལས་ཅིར་ཡང་འབྱུང་བ་ནི། རྒྱུ་དག་པའི་དབྱིངས་སོ།། དེའི་ངང་ལས་ཡེ་ཤེས་རོལ་པའི་སྐྱེ་མཆེད་རང་སྣང་དུ་ཤར་བ་ནི། འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ།། དེ་ལྟར་ཡང་རྒྱུ་སེམས་ཉིད་ཀྱི་དབྱིངས་དེ། ཡེ་ནས་མ་སྐྱེས་ཏེ་རང་བཞིན་མ་དམིགས་པ་ལས། འབྲས་བུ་ཅི་ལྟར་ཡང་མ་འགག་པའི་རོལ་པར་རང་སྣང་སྟེ། དཀྱིལ་འཁོར་དང་ཡོན་ཏན་ཐམས་ཅད་ཡེ་ནས་གནས་པ་ལས་མ་གཏོགས་པ། བསྐྱེད་ཅིང་བཙལ་མི་དགོས་ཏེ། དེ་དག་ཀྱང་གདོད་ནས་འདུས་མ་བྱས། ཡེ་ནས་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་གནས་པའོ།། ཞེས་ལྷ་སྐུ་གཞལ་ཡས་སོགས་གཤིས་ལ་ཡེ་ནས་རང་ཆས་སུ་རྫོགས་པ་ལས་གཤིས་ལ་མེད་པ་ཞིག་གསར་དུ་བསྐྱེད་རིམ་ལ་བརྟེན་ནས་བཙལ་མི་དགོས་པ་བསྟན་པ་འདིས་ཤིན་ལྡན་པས་འདོད་པའི་ལྷུན་གྲུབ་ཀྱི་ངོ་བོ་ཅི་འདྲ་ཞིག་ཡིན་པ་རྟོགས་ཐུབ་ཅིང་། ཤིན་ལྡན་པས་ལྷ་སྒྲུབ་སྟངས་ནི་མེད་པ་ཞིག་གསར་དུ་བསྒྲུབ་པ་མ་ཡིན་པར་རང་གི་གནས་ལུགས་ལ་ལྷུན་གྱིས་གྲུབ་བསྡད་པའི་ལྷ་སྐུ་དེ་ཉིད་མངོན་དུ་བྱས་པ་ཡིན། དེའི་དབང་གིས་སྒ་སྟོན་ཐེག་འགྲེལ་ལས། ཤིན་ཏུ་དོན་ལྡན་ནི་རྫོགས་ཆེན་ལྟ་བསྒོམ་ཉེ་བའོ།། ཞེས་གསུངས་པ་ཡིན་ནོ།། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་བཤད་གཞིའི་མཆོང་ལས། རྫོགས་པ་ཆེན་པོ་ཐེག་པ་འོག་མ་དག་ལས་ཁྱད་འདོན་སྐབས་ཤིན་ལྡན་པས་གཤིས་ལ་ཁ་མིག་རྣ་བ་ཅན་གྱི་ལྷ་སྐུ་ཡོད་པར་འདོད་པ་བཤད། དེའི་གོ་དོན་ལ་ཁ་ཅིག་གིས་ཤིན་ལྡན་པས་གཤིས་ལ་གཟུགས་ཅན་དུ་གྲུབ་པའི་ལྷ་སྐུ་ཞིག་འདོད་པ་ཡིན་ནམ་སྙམ་པའི་དོགས་སློང་བྱ་བཞིན་འདུག་མོད། དེའི་དོན་ནི་གཤིས་ལ་ལྷ་སྐུ་འབྱུང་རུང་མ་འགག་པར་ཡོད་པ་འདོད་པ་འདི་རང་ལ་གོ་བ་ཡིན། ཁོ་ན་རེ། དེ་ལྟར་ཡིན་ན། གཤིས་ལ་ལྷ་སྐུ་འབྱུང་རུང་མ་འགག་པ་རྫོགས་ཆེན་པས་ཀྱང་འདོད་པས། དེ་ཁོ་རང་གི་ལྟ་བའི་གོལ་སར་བསྟན་དགོས་པའི་རྒྱུ་མཚན་མེད་དོ།། ཞེ་ན། སྐབས་དེའི་རྫོགས་ཆེན་གྱིས་ལྟ་བའི་གོལ་ས་དེ་ནི་ལྷུན་གྲུབ་ཙམ་ལ་འཇོག་པ་མ་ཡིན་པར་རྒྱུ་འབྲས་རྩོལ་བའི་ནད་ཀྱིས་ཟིན་པའི་ལྷུན་གྲུབ་ཀྱི་གནས་ལུགས་དེ་ལ་འཇོག་པ་ཡིན་ནོ།།

རྫོགས་པ་ཆེན་པོ།

  ལྷུན་གྲུབ་ནི་གཙོ་བོ་རྫོགས་པ་ཆེན་པོས་འདོད་ལ། རྫོགས་ཆེན་གྱིས་འདོད་པའི་ལྷུན་གྲུབ་ནི་ད་གཟོད་ངེས་པ་དོན་གྱི་ལྷུན་གྲུབ་དེ་ཡིན་པ་རེད། དེ་ཡང་བཀའ་ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། རྫོགས་ཆེན་གྱི་ལྟ་བ་བསྟན་སྐབས། དེ་ལ་རྟོགས་པའི་ལྟ་བ་ནི། རྣམ་པ་གསུམ་སྟེ། ཀ་དག་དང་། ལྷུན་གྲུབ་དང་། ཅི་བཞིན་ཉིད་ཀྱི་སྐྱེ་མཆེད་དོ།། ཞེས་དང་། སྙན་རྒྱུད་ལས། ཡེ་ཀ་དག་པ་བྱང་ཆུབ་ཀྱི་སེམས་དེ་ལ་བློའི་འཁྲུལ་པ་ཐམས་ཅད་གནས་ལུགས་ཀྱི་ངོ་བོ་ལ་ལྷུན་གྱིས་གྲུབ་པས། གཞི་ལྷུན་གྲུབ་འགག་མེད་དོ།། ཞེས་དང་། སྐུ་གསུམ་འབྱུང་རུང་ལྷུན་གྱིས་གྲུབ། ཞེས་གསུངས་པས། རྫོགས་ཆེན་གྱིས་འདོད་པའི་ལྷུན་གྲུབ་ནི་གཤིས་ལ་ལྷ་སྐུ་གཞལ་ཡས་འབྱུང་རུང་མ་འགག་པ་འདོད་པ་དེ་ཡིན། འོ་ན་ཤིན་ལྡན་པ་དང་གཅིག་མཚུངས་ཡིན་ནམ། ཞེ་ན། མ་ཡིན་ཏེ། ཤིན་ལྡན་པས་གཤིས་ལ་ལྷ་སྐུ་འབྱུང་རུང་མ་འགག་པ་འདོད་ཀྱང་དེ་ཉིད་ལམ་དུ་བྱེད་ནས་མངོན་དུ་གྱུར་དགོས་པ་ཡིན་ལ། འདིས་ནི་གནས་ལུགས་ཇེ་བཞིན་ཉིད་ཉམས་སུ་བླངས་པས་སྐུ་དང་ཞིང་ཁམས་རང་བཞིན་གྱིས་རྡོལ་ཡོང་བ་ལས། ཆེད་དུ་འབད་རྩོལ་དགོས་པ་མ་ཡིན་ནོ།། དེའི་དབང་གིས་ཁྱད་པར་འཕགས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།