བཀའ་ཡི་བསྟན་དོན་འཇོག་ཚུལ་གྱི་སྐོར་ནས་དཔྱད་པ་སེང་གེའི་འགྱིང་འགྲོས།

[ཟླ་ཚེས། 2020-01-13 22:49:34][རྩོམ་པ་པོ། ཤེལ་ཞིག་ཚང་ནམ་མཁའ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཕར་ཕྱིན་སྐབས་དང་པོའི་གཞུང་ལུགས་དང་འབྲེལ་ཏེ་བཀའ་ཡི་བསྟན་དོན་འཇོག་ཚུལ་གྱི་སྐོར་ནས་དཔྱད་པ་སེང་གེའི་འགྱིང་འགྲོས།
 
 
བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་།  སྒང་རུ་དར་རྒྱས་དགོན། ཤེལ་ཞིག་ཚང་ནམ་མཁའ་རྒྱལ་མཚན།
[ནང་དོན་གནད་བསྡུས] ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོས་མཛད་པའི་ཤེས་རབ་ཀྱི་བླ་ན་མེད་པ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ་གྱི་གཞུང་ལས་གསུངས་བའི་བཀའ་ཡི་སྐོར་རྣམས་གླེང་གཞི་བཟུང་སྟེ་རྒྱལ་བའི་བཀའ་རིན་པོ་ཆེ་དང་མཁས་པ་གོང་འོག་རྣམ་པའི་གསུང་སྒྲོས་དྲི་མ་མེད་པ་སོགས་ལ་རྒྱབ་རྟེན་བྱས་ནས་བཀའ་ཡི་བསྟན་དོན་འཇོག་ཚུལ་གྱི་སྐོར་ནས་ཞུས་པ་ལགས།
[བརྡ་ཆད་གཙོ་བོ།]    བཀའ།
བཤེས་གཉེན་བཀའ་དྲིན་ཅན་ལ་རབ་ཏུ་གུས་པས་ཕྱག་འཚལ་ལོ།
ཐུགས་རྗེའི་ཡེ་ཤེས་འགྲོ་ལ་གཟིགས་ནས་བྱམས་བརྩེ་ཉི་མའི་ཚ་བརླབ་རྒྱས།།
མ་རུང་ལོག་ལྟའི་གཡུལ་ལས་རྒྱལ་ཞིང་རྣམ་དཀར་བསྟན་པའི་ས་བོན་བཏབ།།
སྲིད་པའི་འཁོར་བ་རྩད་ནས་བཅད་དེ་ཡང་དག་བསྟན་པའི་སྲོལ་ཁ་ཕྱེས།།
དམུ་རྒྱལ་གཤེན་གྱི་གདུང་ལས་འཁྲུངས་བའི་སྟོན་མཆོག་གཤེན་རབ་མི་བོར་བསྟོད།།
 
ཡོན་ཏན་ཡར་ལྡན་གཤེན་རབ་རྗེས་འཛིན་ལྷག་བསམ་སྤྲིན་པས་རབ་ཏུ་གཡོགས།།
གཞན་ཕན་བྱམས་བརྩེའི་ཉི་མ་དྲོ་མོ་སློབ་གླིང་པད་མའི་ལྗོངས་ལ་ཤར།།
ཁུངས་ལྡན་ལུང་རིག་ཚ་ཟེར་རྒྱས་ཞིང་གནའ་དེང་རིག་གཞུང་མཁྱེན་རྒྱ་ཡངས།།
སློབ་དཔོན་དམ་པའི་མཚན་ཉིད་རྫོགས་པའི་མ་ཡུམ་སློབ་གླིང་དགེན་རྣམས་རྒྱལ།།
   ཞེས་མཆོད་བརྗོད་སེང་གེ་རྣམ་པར་འགྱིང་བས་མདུན་བསུས་ཏེ་སྐབས་འདིར་གང་ཞུ་བར་བྱ་བ་ནི་གཞུང་ལུགས་རྒྱ་མཚོ་ཆེན་མོ་ལས་བཀའ་ཡི་སྒོ་ནས་རང་བློས་གང་དཔོག་ཆུ་ཐིགས་ཙམ་ཞིག་བརྗོད་པ་ལ་ས་བཅད་གསུམ་སྟེ། བཀའ་བསྡུ་ཚུལ་དང་། མཁས་པ་གོང་འོག་གི་བཞེད་ཚུལ་དང་། སྡོམ་ཚིག་བཅས་སོ། །   
དང་པོ། བཀའ་བསྡུ་ཚུལ་ནི།
   སྟོན་པ་སངས་རྒྱས་གཤེན་རབ་མོ་བོའི་བཀའ«རྒྱུད་ཡེ་ཁྲི་མཐའ་སེལ»༡ལས། ལོ་རྒྱུས་ཀྱི་ཁུངས་མ་བཤད་ན་ཡིད་མི་ཆེས་པའི་རྒྱུ་རུ་འགྱུར་གསུངས་པ་ལྟར། འབྱུང་ལྡན་གཅིག་གི་ཤིང་ཕོ་བྱི་བའི(མི་ལོ་དྲུག་བཅུ་ལ་འབྱུང་ལྡན་གཅིག་ཟེར་དགོས་པས་འབྱུང་ལྡན་གཅིག་གི་ཤིང་ཕོ་བྱི་བའི་ལོ་ནས་བཟུང་སྤྱི་ལོ་གཉིས་སྟོང་ཉི་ཤུ་ལོའི་བར་དུ་མི་ལོ་དྲུག་བཅུ་ཐམས་པ་སུམ་བརྒྱ་བཅུ་མེད་གཅིག་དང་མི་ལོ་སུམ་བཅུ་སོ་བདུན་ཕྱིན་ཡོད་པས་མཁན་ཉི་མའི་བསྟན་རྩིས་ཀྱི་དགོངས་པ་གཞི་བཞག་བྱས་ཚེ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་སྐུ་སྐྱེ་བ་མི་རུ་བཞེས་ནས་སྤྱི་ལོ་གཉིས་སྟོང་ཉི་ཤུ་བར་ལ་མི་ལོ་གཅིག་ཁྲི་བརྒྱད་སྟོང་བརྒྱ་མེད་སུམ་ཅུ་སོ་བདུན་ཕྱིན་ཡོད་ཟེར་དགོས་པ་ཡིན་ནོ)ལོར་དཔྱིད་ར་སྟག་གི་ཟླ་བ་དང་པོའི་ཉ་ཆེན་རྒྱལ་ཕུར་འཛོམས་པའི་ནམ་ལངས་ཡོས་ཀྱི་དུས་སུ་ཡུམ་གྱི་མཆན་ཁུང་གཡས་པ་ནས་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་སྐུ་གསེར་ཞལ་ཉི་མ་ཕྱོགས་བཅུ་ཡོངས་ལ་ཤར་བའི་ལྷ་མི་འགྲོ་བ་ཡོངས་ཀྱི་མགོན་སྐལ་དུ་བྱོན་པ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཕུན་གསུམ་ཚོགས་པ་ལྔ་ཡི་ནང་ཚན་སྟོན་པ་ཕུན་གསུམ་ཚོགས་པ་སྟེ་ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞད་མའི་སྲས་སུ་འཁྲུངས་བའི་སྟོན་པ་རབ་དགུའི་ནང་གསེས་རྣམ་འདྲེན་བརྒྱད་པ་རྣམ་མཁྱེན་ཡང་དག་པ་རྫོགས་པའི་༧སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པའི་སངས་རྒྱས་ཏེ་སྐུ་ཞི་བ་མྱ་ངན་ལས་འདས་ནས་གཤེན་ལོ་བརྒྱད་དང་། མི་ལོ་ཧྲིལ་པོ་བརྒྱད་བརྒྱ་འཁོར་བའི་དུས་སུ། ༧སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་བཀའ་གསུངས་སོ་ཅོག་བཀའ་བསྡུ་བཅུ་གསུམ་སྟེ། རྨ་ལོ་གཙུག་ཕུད། གཡུ་ལོ་ཟུར་ཕུད། ཡིད་ཀྱི་ཁྱེའུ་ཆུང་། ཚངས་པ་གཙུག་ཕུད། གཏོ་བུ་འབུམ་སངས། དཔྱད་བུ་ཁྲི་ཤེས། ལུང་འདྲེན་གསལ་བ། གསང་བ་མདོ་སྡུད། རྒྱུད་འདྲེན་སྒྲོན་མ། འོལ་དྲུག་ཐང་པོ། ཀོང་ཚ་འཕྲུལ་བུ། ཀོང་ཚ་དབང་ལྡན། མུ་ཆོ་ལྡེམ་དྲུག་བཅས་ཀྱིས་སྡེ་ཚན་བཞི་རུ་ཕྱེས་ཏེ། མདོ་སྡེ་དང་། འབུམ་སྡེ། རྒྱུད་སྡེ། མཛོད་སྡེ་བཞིའི་ནང་དུ་སྡུས་པའོ། མདོ་སྡེ་ནི། ཕྱི་སྣོད་ཆགས་ཚུལ་དང་ནང་བཅུད་གྲོལ་ཚུལ་ལས་འབྲས་སྟོན་པའི་བོན་དང་། འབུམ་སྡེ་ནི། གནས་ལུགས་སྟོང་པ་ཉིད་གཙོ་བོར་སྟོན་པའི་འབུམ་རྒྱས་འབྲིང་བསྡུད་གསུམ་ལྟ་བུ།  རྒྱུད་སྡེ་ནི། སྔགས་ཀྱི་རྒྱུད་སྡེ་བཞི་ཡི་གཞུང་ལྟ་བུ་དང་། མཛོད་ཀྱི་སྡེ་ནི། བླ་མེད་རྫོགས་པ་ཆེན་པོའི་གཞུང་མ་བུ་དང་བཅས་པའོ། དེ་ཡང་། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ«མདོ་དྲི་མེད་གཟི་བརྗིད»ལས༢མདོ་འབུམ་རྒྱུད་མཛོད་བཞི་ཕྱེས་ཏེ། བཀའ་རྣམས་ཡོངས་སུ་བསྡུ་བའོ།  ཞེས་གསུངས་པ་དང་། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་«མདོ་འདུས»ལས༣“མདོ་སྡེར་གྱུར་པ་ཐམས་བཅད་ནི།། མདོ་སྡུད་བདག་གི་སྡུས་བར་མཛོད།། འབུམ་སྡེར་གྱུར་པ་ཐམས་བཅད་ནི།། རྨ་ལོ་གཡུ་ལོས་སྡུས་བར་མཛོད།། འདུལ་བ་རྒྱུད་དྲུག་གཙུག་གཤེན་རྒྱལ་བས་སྡུས།། མངོན་པར་སྡེ་བདུན་ལུང་འདྲེན་དག་གིས་སྡུས།། མདོ་སྡེ་ལུང་འདྲེན་དག་གིས་བསྡུས།། གཏོ་རྒྱུད་སྡེ་གཏོ་བུས་བསྡུས།།སྨན་དཔྱད་ཉི་ཁྲི་དཔྱད་བུས་བསྡུས།།རྒྱུད་འདྲེན་ཨ་དཀར་སྔགས་རྒྱུད་བསྡུས།  ཞེས་གསུངས་པ་དང་།  སྟོན་པ་སངས་རྒྱས་ཀྱི་བཀའ«མདོ་དྲི་མ་མེད་གཟི་བརྗིད»ལས་མདོ་སྡེར་གྱུར་པ་ཐམས་ཅད་ནི། གསང་བ་མདོ་སྡུད་ཉིད་ཀྱིས་བསྡུས། འབུམ་སྡེར་གྱུར་པ་ཐམས་ཅད་ནི། རྨ་ལོ་གཙུག་ཕུད་དག་གིས་བསྡུས། གཟུངས་སྡེར་གྱུར་པ་ཐམས་ཅད་ནི། གཡུ་ལོ་ཟུར་ཕུད་དག་གིས་བསྡུས། འདུལ་བར་གྱུར་པ་ཐམས་ཅད་ནི། ཡིད་ཀྱི་ཁྱེའུ་ཆུང་དག་གིས་བསྡུས། རྒྱུ་འབྲས་རྣམ་པར་འབྱེད་པ་དང་། མཆོད་སྦྱིན་ཚོགས་བསགས་སྒྲིབ་སྦྱོངས་དང་། ཐེག་རིམ་ཕར་རོལ་ཕྱིན་པ་སྟེ། ཚངས་པ་གཙུག་ཕུད་དག་གིས་བསྡུས། གཏོ་རྒྱུད་འབུམ་སྡེར་གྱུར་པ་རྣམས། གཏོ་བུ་འབུམ་སངས་དག་གིས་བསྡུས། དཔྱད་རྒྱུད་ཉི་ཁྲིར་གྱུར་པ་རྣམས། དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། མངོན་པ་ཚད་མ་རྣམ་འབྲེལ་དང་། ལུང་སྡེར་གྱུར་པ་ཐམས་ཅད་ནི། ལུང་འདྲེན་གསལ་བ་དག་གིས་སྡུས། ཨ་དཀར་གསང་བ་སྔགས་ཀྱི་བོན། རྒྱུད་སྡེར་གྱུར་པ་ཐམས་ཅད་ནི། རྒྱུད་འདྲེན་སྒྲོན་མ་དག་གིས་བསྡུས། ལྷ་རྒྱུད་ཡེ་ཤེས་མཉན་སྦྱོར་བོན། འོལ་དྲུག་ཐང་པོ་དག་གིས་བསྡུས། དབང་ལྡན་དུས་ཀྱི་འཁོར་ལོ་དང་། ཅུ་ཡག་རྩིས་སྡེར་གྱུར་པ་རྣམས། རྐོང་ཚ་འཕྲུལ་བུ་དག་གིས་བསྡུས། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། མང་འབྲེལ་ཉི་མའི་ཟེར་ལྟ་བུ། རྐོང་ཚ་དབང་ལྡན་དག་གིས་བསྡུས”ཞེས་གསུངས་པ་དང་། དེ་བཞིན་དུ། ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་མཛད་པའི་«ལེགས་བཤད་རིན་པོ་ཆེ་མཛོད་»༤ལས“མདོ་སྡེར་གྱུར་པ་ཐམས་ཅད་ནི། གསང་བ་མདོ་སྡུད་ཉིད་ཀྱིས་བསྡུས། འབུམ་སྡེར་གྱུར་པ་ཐམས་ཅད་ནི། རྨ་ལོ་གཙུག་ཕུད་དག་གིས་སྡུས། གཟུངས་སྡེར་གྱུར་པ་ཐམས་ཅད་ནི། གཡུ་ལོ་ཟུར་ཕུད་དག་གིས་སྡུས། འདུལ་བར་གྱུར་པ་ཐམས་ཅད་ནི། ཡིད་ཀྱི་ཁྱེའུ་ཆུང་དག་གིས་སྡུས། རྒྱུ་འབྲས་རྣམ་གསུམ་དབྱེ་བ་དང་། མཆོད་སྦྱིན་ཚོགས་བསགས་སྒྲིབ་སྦྱོངས་དང་། ཐེག་རིམ་ཕར་རོལ་ཕྱིན་པ་རྣམས། ཚངས་པ་གཙུག་ཕུད་དག་གིས་སྡུས། གཏོ་རྒྱུད་འབུམ་སྡེར་གྱུར་པ་རྣམས། གཏོ་བུ་འབུམ་སངས་དག་གིས་སྡུས། དཔྱད་རྒྱུད་ཉི་ཁྲིར་གྱུར་པ་རྣམས། དཔྱད་བུ་ཁྲི་ཤེས་དག་གིས་སྡུས། མངོན་པ་ཚད་མ་རྣམ་འགྲེལ་དང་། ལུང་སྡེར་གྱུར་པ་ཐམས་ཅད་ནི། ལུང་འདྲེན་གསལ་བ་དག་གིས་སྡུས། ཨ་དཀར་གསང་བ་སྔགས་ཀྱི་བོན། རྒྱུད་སྡེར་གྱུར་པ་ཐམས་ཅད་ནི། རྒྱུད་འདྲེན་སྒྲོན་མ་དག་གིས་སྡུས། ལྷ་རྒྱུད་ཡེ་ཤེས་མཉམ་རྒྱུར་བོན། འོལ་དྲུག་ཐང་པོ་དག་གིས་སྡུས། དབང་ལྡན་དུས་ཀྱི་འཁོར་ལོ་དང་། ཅུ་ཡག་རྩིས་སྡེར་གྱུར་པ་རྣམས། ཀོང་ཚ་འཕྲུལ་བུ་དག་གིས་སྡུས། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། མང་འབྲེལ་ཉི་མའི་ཟེར་ལྟ་བུ། ཀོང་ཚ་དབང་ལྡན་དག་གིས་སྡུས”། ཞེས་གསུངས་པ་ལྟར་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་«མདོ་དྲི་མེད་གཟི་བརྗིད»དང་«མདོ་འདུས»དང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་གི་«ལེགས་བཤད་རིན་པོ་ཆེ་མཛོད»་སོགས་ལས(ཀོང་ཚ)ལ་(རྐོང་ཚ)དང་(བསྡུས)ལ་(སྡུས)དང་(ལྷ་རྒྱུད་ཡེ་ཤེས་མཉན་སྦྱོར་བོན)ལ(ལྷ་རྒྱུད་ཡེ་ཤེས་མཉམ་རྒྱུར་བོན)དང་(རྒྱུ་འབྲས་རྣམ་པར་འབྱེད་པ་དང་)ལ( རྒྱུ་འབྲས་རྣམ་གསུམ་དབྱེ་བ་དང་)དང(མངོན་པ་ཚད་མ་རྣམ་འབྲེལ་དང་)ལ་(མངོན་པ་ཚད་མ་རྣམ་འབྲེལ) ཞེས་བརྡ་དག་ཙམ་གྱི་ཁྱད་པར་མ་གཏོགས་སྤྱིའི་ཆ་ནས་འཇོག་སྟངས་གཅིག་པ་ཡིན། དེ་དག་གསུངས་སའི་གནས་འཇོག་སྟངས་མི་མཐུན་ཚུལ་མང་ཡང་མཁན་ཉི་མའི་ཤེར་ཕྱིན་ལས་རི་རྒྱལ་ལྷུན་པོའི་ཕོ་བྲང་སོགས་ལས་གསུངས་ཞེས་གསུངས་པ་བཞིན། ཐུན་མོང་འགྲོ་བ་མི་ཡི་དངོས་སུ་མཐོང་ཡུལ་དུ་གྱུར་བའི་གངས་ཏི་སེ་འགྲམ་ལ་ངོས་བཟུངས་ཀྱི་ཡོད།  རྒྱུ་མཚན་ཅིའི་ཕྱིར་ན། གནའ་བོའི་དཔེ་རྙིང་དུ་བཞུགས་པ«སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས»༥ལས“ཡ་ཀི་སྐྱིད་པའི་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞི་འདུས་མགོ། རི་རྒྱལ་ཏི་སེའི་མདུན། མཚོ་རྒྱལ་མ་པང་འགྲམ། འོལ་གླིང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར། དེ་འདྲའི་སྐུ་མཁར་ན། སུ་བཞུགས་སུ་མི་བཞུགས། བཞུགས་པ་གཤེན་གྱི་ལྷ། གཤེན་རབ་མྱི་བོ་ཆེ། སྐུ་དྭངས་དུངས་མདའ་འདྲ།  འཛུམ་མདངས་བག་རེ་བྲོ”ཞེས་གསལ་བ་ལྟར་ང་ཚོ་འགྲོ་བ་མི་ཡི་ཐུན་མོང་གི་མཐོང་བ་མིག་ཟིན་དང་ཐོས་པ་རྣ་ཟིན་དུ་གྱུར་བའི་འཛམ་བུ་གླིང་གི་ལྟེ་བ་སྟེ་མཁའ་བབས་ཆུ་བོ་ཆེན་པོ་བཞི་འདུས་ཀྱི་འགོ་མཚོ་མ་པང་གི་འགྲམ་གནས་མཆོག་གངས་རྒྱལ་ཏི་སེའི་གཡས་གཡོན་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད། ཕྱིས་སུ་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་བོད་ཀྱི་མཁས་པ་སེ་བོན་ཤ་རུ་དབུ་ཆེན་གྱིས་བཀའ་དེ་དག་ཞང་ཞུང་སྐད་ནས་སྒང་པ་བོད་ཀྱི་སྐད་ཐོག་ཏུ་བསྒྱུར་བར་མཁན་ཉི་མའི་དཀའ་གནད་རབ་གསལ་ལས་གསལ་བས་འདིར་དེ་ཙམ་མོ། སྤྱིར་བཏང་ལོ་རྒྱུས་ཀྱི་ཁུང་མ་བཤད་ན་ཡིད་མི་ཆེས་པའི་རྒྱུ་རུ་འགྱུར་གསུངས་པ་ལྟར། ལས་དང་པོ་རྣམས་ལ་རགས་བསྡུས་ཞུས་པ་ཙམ་ཞིག་མ་གཏོགས་རང་བློ་ཚིམས་པའི་ངོ་སྤྲོད་རྒྱས་པོ་ཞིག་གཏན་ནས་བྱུང་མེད་ཞུས་པ་ལགས། །
གཉིས་པ།  མཁས་པ་གོང་འོག་གི་བཞད་ཚུལ་ནི།
   སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ། «ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས»༦ལས་བཀའ་ནི་ཚད་མར་གསུངས་པ་སྟེ། མ་བཅོས་མ་ལྷད་མཚན་ཉིད་འཛིན། ཞེས་དང་། བླ་ཆེན་པོ་དྲན་པ་ནམ་མཁས་མཛད་པའི་«རྣམ་འབྱེད་འཕྲུལ་ལྡེ»༧ལས་བཀའ་ཡི་མཚན་ཉིད་བཅོས་ལྷད་མེད་ཅེས་དང་། བོན་གྱི་སྤྱན་ལྡན་ཆེན་མོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་མཛད་པའི«ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ»༨ལས་ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་པ། ཞེས་གསུངས་པ་དང་།  ཁམས་གསུམ་འགྲོ་བའི་མགོན་པོ་དཔལ་ལྡན་སྨན་རི་བ་ཆེན་པོ་རྗེ་ཐམས་ཅད་མཁྱེན་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གིས་མཛད་པའི«བྱང་སེམས་གབ་པའི་འགྲེལ»༩ལས་(ཀུན་མཁྱེན་ཉི་མས་རྗེའི་གསུངས་ཡིན་པར་གསུངས་པ་ལས་གབ་འགྲེལ་འཇུག་བྱང་མེད་པའི་རྐྱེན་གྱིས་རྗེའི་གསུངས་མིན་པར་ཁས་ལེན་མཁན་ཀྱང་ཡོད)ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་བའི་བོན་ནི་བཀའི་དོན་ནོ།  ཞེས་དང་། སྨན་རིའི་(གཡུང་དྲུང་གླིང)མཁན་ཆེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་«ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་ཚིག་དོན་དཀའ་གནད་རབ་གསལ»༡༠ལས། བདག་རྐྱེན་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་བྱུང་བའི་ཁྱད་པར་བཞི་ལྡན་གྱི་ལེགས་བཤད་རྣམ་དག་དེ་བཀའ་ཡི་མཚན་ཉིད་ཅེས་གསུངས་པ་ལྟར་དུ།  དམ་པ་གོང་མ་རྣམས་ཀྱིས་བཀའི་མཚན་ཉིད་བཞག་པའི་སྐབས་སུ་བརྡ་ཆད་མང་ཉུང་ཙམ་གྱི་ཁྱད་པར་མ་གཏོགས། དོན་གྱི་གནད་ཐོག་གཅིག་ཏུ་ཁེལ་བ་དང་དགོངས་དོན་གཅིག་ཡིན་པ་སྟེ། བཀའ་ལ་བཅོས་ལྷད་ཀྱི་དྲི་མ་གང་གིས་དབེན་དགོས་པ་དང་། དེ་ཡང་ཚེ་ལོ་བརྒྱ་བའི་ཁྱད་པར་དུ་བྱས་པའི་ཐམས་ཅད་མཁྱེན་པ་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་བདག་རྐྱེན་ལས་གསུངས་བའི་བོན་ཡིན་དགོས་པ་དང་། དེ་ལ་བརྟེན་ནས་ཁྱད་པར་བཞིའི་བསྟན་དོན་ཡོངས་སུ་རྫོགས་དགོས་པ་དང་། བཀའ་ཡིན་ན་སྟོན་པ་གཤེན་རབ་མི་བོའི་བཀའ་ཁོ་ནར་ཡིན་དགོས་པ་བསྟན་པ་ནི། རང་ལུགས་ཀྱི་ཡིག་ཆ་མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི་«དཀའ་གནད་རབ་གསལ་»ལས་ཁྱད་པར་བཞི་ལྡན་བསྟན་པའི་སྐབས་སུ། ངོ་བོའི་ཁྱད་པར་ནི། ཕུན་གསུམ་ཚོགས་པ་ལྔ་དང་ལྡན་པའི་རིགས་སུ་གནས་པ་ཞེས་གསུངས་བ་དང། ཡང་དེ་ཉིད་ལས། ཕུན་གསུམ་ཚོགས་པ་ལྔ་ནི། སྟོན་པ་ཕུན་གསུམ་ཚོགས་པ་དང་། གནས་ཕུན་གསུམ་ཚོགས་པ་དང་། འཁོར་ཕུན་གསུམ་ཚོགས་པ་དང་།  དུས་ཕུན་གསུམ་ཚོགས་པ་དང་། བཀའ་ཕུན་གསུམ་ཚོགས་པ་བཅས་བཞག་ཡོད།  སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་ «མདོ་འདུས»༡༡ལས་སྟོན་པ་གནས་འཁོར་དུས་དང་བཀའ། ཞེས་གསུངས་པ་དང་། སྟོན་པ་ཕུན་གསུམ་ཚོགས་པ་དེ་ཡང་། དུས་གསུམ་གྱི་སྟོན་པའི་ཁྱད་པར་དུ་བྱས་པའི་ཚེ་ལོ་བརྒྱ་བའི་མགོན་པོ་རྣམ་འདྲེན་བརྒྱད་པ་རྣམ་མཁྱེན་ཡང་དག་པ་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་མཆོག་འཇོག་དགོས་པ་ཡིན་ཏེ། སྟོན་པ་གཤེན་རབ་མི་བོའི་བཀའ«ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་»༡༢ལས། ཕུན་གསུམ་ཚོགས་པ་ལྔས་བཤད་དེ། གང་ཞེ་ན། གནས་ཕུན་གསུམ་ཚོགས་པ་དང་། སྟོན་པ་དང་། འཁོར་དང་། བསྟན་པ་དང་། དུས་ཕུན་གསུམ་ཚོགས་པའོ། ཞེས་དང་། ཡང་དེ་ཉིད་ལས། སྟོན་པ་ཕུན་གསུམ་ཚོགས་པ་བསྟན་པའི་དུས་སུ། སྟོན་པ་ནི། ཀུན་ཏུ་བཟང་པོའི་ཐུགས་ཀྱི་རོལ་པ་རང་ལས་ཤར་བ་སྤྲུལ་པའི་སྐུ་གཤེན་རབ་མི་བོའོ།  ཞེས་གསུངས་བས། བཀའ་ཡིན་ན་སྟོན་པ་གཤེན་རབ་མི་བོའི་བཀའ་ཁོ་ནར་ཡིན་དགོས་པ་ནི་ཡིག་ཆ་དང་རྒྱལ་བའི་བཀའ་དྲི་མ་མེད་པ་སོགས་ལས་གསལ་བ་དེ་ལྟར་ཡིན།    སྤྱིར་བཏང་། སངས་རྒྱས་ཐམས་ཅད་ཀྱི་གསུང་བའི་བོན་ལ་བཀའ་ཡི་ཐ་སྙད་འདོགས་ཀྱི་ཡོད་མ་རེད་ལ་ལྷག་པར་དུ་གཞི་དེ་ལ་བཀའ་ཡི་ཐ་སྙད་དམ་བརྡ་ཆད་འདོགས་པའི་སྐབས་སུ་ངེས་པར་དུ་གསུངས་པ་པོ་དང་། སྐབས་ཀྱི་དུས་དང་། གྲུབ་མཐའ་སོགས་ལ་ལྟོས་ནས་ད་གཟོད་བཀའ་ཡི་ཆོ་ལོ་སྒྲོན་དགོས་པ་དེ་གནད་འགག་ཆགས་ཀྱི་ཡོད་པ་རེད། དཔེར་ན།  བོན་རང་ལུགས་ལ་ད་ལྟའི་སྟོན་པ་ནི།  ཚེ་ལོ་བརྒྱ་བའི་ཁྱད་པར་དུ་བྱས་པའི་རྣམ་འདྲེན་བརྒྱད་པ་རྣམ་མཁྱེན་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་ཡིན་པ་དང་། ད་ལྟའི་འདུལ་བྱ་ཡང་། རྣམ་འདྲེན་བརྒྱད་པའི་འདུལ་བྱ་དང་།  ད་ལྟའི་བསྟན་པ་ཡང་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བསྟན་པ་ཡིན་དགོས་པ་བཞིན།  ད་ལྟའི་བཀའ་ཡང་ཚེ་ལོ་བརྒྱ་བའི་མགོན་པོའི་བཀའ་ཡིན་དགོས་པ་དེ་གཏན་ཚིགས་རྣམ་དག་དེ་དག་ལ་བརྟེན་ནས་ཐག་ཆོད་ཀྱི་ཡོད་པ་རེད།  གཞན་སྡེ་ལ་ཆ་མཚོན་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བྱ་སོ་སོའི་སྒྲིབ་པ་གཉིས་སྤོང་གི་ཆེད་དུ་གསུངས་པ་ལ་བཀའ་ཟེར་བ་ཡིན།  དེ་ལ་དབྱེ་ན། བརྗོད་བྱའི་སྒོ་ནས་དབྱེ་བ་དང་། རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ་དང་། བདག་རྐྱེན་གྱི་སྒོ་ནས་དབྱེ་བ་ཟེར་ནས་འཇོག་སྲོལ་ཡོད་ལ་བཀའ་ཡིན་ན་བཅོམ་ལྡན་འདས་ཀྱི་བཀའ་ཁོ་ན་ཡིན་དགོས་པ་མ་གཏོགས། སངས་རྒྱས་མིང་ཐོག་ཚད་ཀྱི་གསུང་ཐམས་ཅད་བཀའ་ཡི་ཁོངས་སུ་བསྡུ་ཡི་ཡོད་མ་རེད། མ་ཟད།  སྟོན་པ་ལའང་རབ་བརྒྱད་ཟེར་ནས་བགྲང་རྒྱུ་ཡོད་ཀྱང་བཀའ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་བའི་བོན་ཁོ་ན་ལ་གོ་དགོས་ཀྱི་ཡོད་པ་རེད། བོན་རང་ལུགས་ཀྱིས་དེ་དག་བཀའ་རྟེན་ནམ་བསྟན་བཅོས་ཟེར་བ་ལས་བཀའ་ཟེར་གྱི་ཡོད་མ་རེད། །
  མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི་«དཀའ་གནད་རབ་གསལ་ལས» ༡༣བཀའ་ཡི་མཚན་ཉིད་བསྟན་པའི་སྐབས་ཀྱི་ཁྱད་པར་བཞི་ལྡན་གྱི་ནང་གསེས་ངོ་བོའི་ཁྱད་པར་བཞག་པའི་སྐབས་ཀྱི་ཕུན་གསུམ་ཚོགས་པ་ལྔ་དང་ལྡན་པའི་རིགས་སུ་གནས་པ་ཞེས་པའི་སྐབས་ཀྱི་རིགས་སུ་གནས་པ་དེས། གང་བསྡུ་དགོས་ཞེ་ན།  སྟོན་པ་གཤེན་རབ་མི་བོས་སྒྲ་ཡི་གནས་བརྒྱད་ནས་བྱུང་བ་མ་ཡིན་པའམ་ཐུགས་ཀྱི་དཔལ་དབྱེ་ནས་དགོངས།  མགུལ་གྱི་བུམ་པ་ལ་དྲིལ། ལྗགས་ཀྱི་དབང་པོ་ལ་བཀྲམ། དུང་གི་ཚེམས་བར་ནས་བཏོན་ནས། སྟོན་པའི་སྐུ་ཞལ་དངོས་ཀྱི་སྒོ་ནས་གསུངས་བའི་གཤེན་ཞལ་གཙང་མའི་གསུང་མ་ཡིན་པའི་རིགས་ཏེ། སྐུ། གསུང་། ཐུགས་གསུམ་གྱི་སྒོ་ནས་བྱིན་གྱི་བརླབས་པའི་བཀའ་དང་། རྗེས་སུ་གནང་བ་ཐོབ་པའི་བཀའ་སྟེ།  དབུ་ཡི་གླེང་ལྷང་དང་། བར་གྱི་འཚམས་སྦྱོར་དང་། མཐའ་ཡི་མཐུན་འགྱུར་དང་། སྟོན་པས་གསུངས་པ་ལ་མངོན་པར་བསྟོད་དོ་ལྟ་བུ་རྗེས་སུ་ཡིད་རངས་བཅས་ནི། རིགས་སུ་གནས་པས་བཀའི་ནང་དུ་ཡར་བསྡུ་དགོས་སོ། ། བཀའ་ལ་དབྱེ་ན། ཞལ་ནས་གསུངས་བའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་གསུམ་ཡོད།  སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་«མདོ་དྲི་མེད་གཟི་བརྗིད»༡༤ལས།  ཞལ་ནས་གསུངས་དང་རྗེས་སུ་གནང་། བྱིན་གྱིས་བརླབ་དང་རྣམ་པ་གསུམ། ཞེས་གསུངས་བའི་ཕྱིར་རོ།  དེ་ཡང་སྟོན་པ་སངས་རྒྱས་ཀྱི་བཀའ«མདོ་དྲི་མེད་གཟི་བརྗིད»༡༥ལས་གསུངས་བའི“ཞལ་ནས་གསུངས་དང་བྱིན་གྱིས་རློབ། རྗེས་སུ་གནང་དང་རྣམ་པ་གསུམ་ཞེས་པའི་སྐབས་ནས་བསྟན་པའི།  དེའི་གསུམ་གྱི་འཇོག་ཚུལ་ནི།  
དང་པོ།  ཞལ་ནས་གསུངས་བའི་བཀའ་འཇོག་ཚུལ་ནི།
   སྟོན་པ་གཤེན་རབ་མི་བོའི་སྒྲ་ཡི་གནས་བརྒྱད་དམ་སྐུ་ཞལ་དྲོ་མོ་ནས་དངོས་སུ་གསུངས་བའི་བོན་ལ་གོ་དགོས་ཏེ། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ«མདོ་ལས»༡༦ཐུགས་ཀྱི་དཔལ་དབྱེ་ནས་དགོངས།  མགུལ་གྱི་བུམ་པ་ལ་དྲིལ། ལྗགས་ཀྱི་དབང་པོ་ལ་བཀྲམ། དུང་གི་ཚེམས་བར་ནས་བཏོན། ཞེས་གསུངས་པ་དང་། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ«ཁམས་སྡུད»༡༧ལས་སྟོན་པས་གསུངས་བའི་གཤེན་ཞལ་གཙང་མའི་བོན།  ཞེས་དང་།  མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི་«དཀའ་གནད་རབ་གསལ་ལས»༡༨སྟོན་པ་གཤེན་རབ་མི་བོས་ཐུགས་ཀྱི་དཔལ་དབྱེ་ནས་དགོངས།  མགུལ་གྱི་བུམ་པ་ལ་དྲིལ། ལྗགས་ཀྱི་དབང་པོ་ལ་བཀྲམ། དུང་གི་ཚེམས་བར་ནས་བཏོན་ཏེ་གསུངས་བའི་བོན་རྣམས་ཏེ། མཚན་གཞི་ནི།  ཤེར་ཕྱིན་གྱི་འབུམ་རྒྱས་འབྲིང་བསྡུད་གསུམ་ལྟ་བུ།  ཞེས་གསུངས་པའི་ཕྱིར་རོ།། རྒྱུ་མཚན། ཤེར་ཕྱིན་གྱི་འབུམ་རྒྱས་འབྲིང་སྡུད་གསུམ་ནི་སྒྲ་ཡི་གནས་བརྒྱད་ཀྱི་ནང་ཚན་དེ་བཞིན་གཤེགས་པའི་ཞལ་ནས་གསུངས་པ་དང་། གདུག་དཀར་མོ་ནི། སྒྲ་ཡི་གནས་བརྒྱད་ཀྱི་ནང་ཚན་དེ་བཞིན་གཤེགས་པའི་སྤྱི་བོ་ནས་གསུངས་བའི་ཕྱིར་ཏེ།  དེ་བཞིན་གཤེགས་པའི་དབུ་ཡི་གཙུག་གཏོར་ནས་གསུངས་བས་སོ། སྒྲ་ཡི་གནས་གཞན་རྣམས་ལས་བྱུང་བ་ཞལ་ནས་གསུངས་བའི་བཀའ་ཡིན་པར་དེ་བཞིན་རིགས་བསྒྲེ་ཤེས་པར་མཛོད་ཅིག །
གཉིས་པ།  བྱིན་གྱི་བརླབ་པའི་བཀའ་ནི།
   སྐུ་གསུང་ཐུགས་གསུམ་གྱི་སྒོ་ནས་བྱིན་གྱི་བརླབས་པའི་བཀའ་གསུམ་སྟེ། སྟོན་པ་སངས་རྒྱས་ཀྱི་བཀའ«མདོ་དྲི་མེད་གཟི་བརྗིད»༡༩ལས།  ཞལ་ནས་གསུངས་དང་རྗེས་སུ་གནང་། བྱིན་གྱིས་བརླབ་དང་རྣམ་པ་གསུམ། ཞེས་གསུངས་པ་དང་།  མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི་«དཀའ་གནད་རབ་གསལ་ལས» ༢༠སྐུ་ཡི་བྱིན་གྱི་བརླབས་པའི་བཀའ་དང་།  གསུང་གི་བྱིན་གྱི་བརླབས་པའི་བཀའ་དང་།  ཐུགས་ཀྱི་བྱིན་གྱི་བརླབས་པའི་བཀའ་དང་གསུམ་མོ།  ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་དང་པོ། སྐུ་ཡིས་བྱིན་གྱི་རླབས་པའི་བཀའ་ནི། སྟོན་པའི་སྐུ་ཡི་ཡོན་ཏན་མཇལ་བ་ལ་བརྟེན་ནས་སྟོན་པ་ལ་བསྟོད་པའི་མདོ་ཚིག་ལྟ་བུ་དང་སྟོན་པས་སྐུའི་རྣམ་འགྱུར་གཞན་དུ་སྤྲུལ་ཏེ་སྟོན་པའི་བོན་ལྟ་བུའོ་ཞེས་གསུངས་པ་ལྟར། དང་པོ། སྐུ་ཡི་བྱིན་གྱི་བརླབས་ཚུལ་ནི། སྟོན་པའི་སྐུ་ཞལ་དངོས་སུ་མཇལ་བའི་ཡོན་ཏན་ལ་བསྟན་ནས་གང་ཟག་རང་ཉིད་སྔར་ལས་ལྷག་པའི་སྡིག་སྤངས་དགེ་སྒྲུབ་ལ་སོགས་བླངས་དོར་གྱི་རློམ་སེམས་རང་རྒྱུད་ལ་སྨིན་པའི་སྒོ་ནས་གསུངས་བའི་བོན་ལྟ་བུ་ལ་འཇོག་དགོས་ཏེ།མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི «སྐབས་དང་པོའི་དཀའ་གནད་རབ་གསལ་ལས»  ༢༡སྟོན་པའི་ཞལ་མཇལ་བ་ཙམ་གྱིས་བྱིན་རླབས་ཞུགས་ཏེ།  སྟོན་པ་ལ་བསྟོད་པའི་མདོ་ལྟ་བུ་དང་།  སྟོན་པས་སྐུ་ཡི་རྣམ་འགྱུར་གཞན་དུ་སྤྲུལ་ཏེ་བསྟན་པའི་བཀའ་ལྟ་བུ། ཞེས་གསུངས་བའི་ཕྱིར་རོ།།
   གཉིས་པ། གསུང་གི་བྱིན་གྱི་བརླབས་པ་ནི། སྐབས་དང་པོའི་ཡིག་ཆ་ལས། གསུང་གི་གནང་བ་ཐོབ་པའི་གསུང་གི་བྱིན་གྱིས་བརླབས་པའི་བཀའ་ཞེས་གསུངས་པ་ལྟར།  གསུང་གི་བྱིན་གྱིས་བརླབ་ཚུལ་ནི།  གསུང་ཁྱད་པར་ཅན་ཚངས་དབྱངས་ཡན་ལག་དྲུག་བཅུ་དང་མངའ་བའི་གསུང་གི་ཡོན་ཏན་ཐུན་མོང་མ་ཡིན་པ་ཐོས་པ་ལ་བརྟེན་ནས་གང་ཟག་རང་ཉིད་ལེགས་ཉེས་བླངས་དོར་གྱི་བྱ་བ་ལ་འཇུག་པ་དང་གོང་གི་ཡོན་ཏན་ཁྱད་པར་ཅན་གྱི་སྟོབས་ལ་བརྟེན་ནས་འབྱུང་བ་ལ་སོགས་ཀྱི་སྒོ་ནས་བོན་རང་གྲགས་སུ་བྱུང་བ་ལྟ་བུ་ལ་གསུང་གི་བྱིན་གྱིས་བརླབས་པ་ཡིན་ཟེར་དགོས་ཏེ།  སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་«མདོ་ཕྲན»༢༢ལས། བཀའ་རྟགས་བྱ་དང་ལྗོན་ཤིང་དང་། འབྱུང་བ་བཞི་དང་རི་བྲག་དང་། དེ་ལ་བོན་གྱི་སྒྲ་ཡང་འབྱུང་། གསུང་གི་བྱིན་གྱིས་བརླབས་པའོ། ཞེས་གསུངས་པ་དང་། མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི «སྐབས་དང་པོའི་དཀའ་གནད་རབ་གསལ་ལས»༢༣ཁམས་བརྒྱད་ལས་གཞི་ངས་བཤད་པར་བྱ་ཡིས། གླེང་ཁྱོད་ཀྱིས་བསླང་བར་གྱིས་ཤིག   ཅེས་གསུངས་པ་ལ་བརྟེན་ནས་ཞུ་བ་པོ་ལ་གླེང་བསླང་བའི་སྤོབས་པ་བྱུང་བས་འཁོར་གྱི་ཞུ་ཚིག་དང་། སྟོན་པའི་གསུང་གི་གནང་བ་བྱུང་བ་ལ་བརྟན་ནས།  མདོ་ཕྲན་གྱི་ལྷ་བུ་བློ་བཟང་བརྟན་པས་སྟོན་པ་ལ་བསྟོད་ཚིག་མདོ་ལྟ་བུའོ། ཞེས་གསུངས་བའི་ཕྱིར་རོ།།
གསུམ་པ། ཐུགས་ཀྱི་བྱིན་གྱི་བརླབས་པའི་བཀའ་ནི།
   ཐུགས་ཀྱི་བྱིན་གྱི་བརླབས་པ་ཟེར་བ་དེ་ཡང་། ཐུགས་རྣམ་པ་ཐམས་ཅད་མཁྱེན་ཅིང་གསལ་བ་གང་ལ་སྒྲིབ་གཡོག་མེད་པའི་ཡོན་ཏན་ཁྱད་པར་ཅན་དེས་སྐྱོན་གྱི་ཉེས་པ་ཡོན་ཏན་དུ་བསྒྱུར་བའི་སྟོབས་ལ་བརྟེན་ནས་གང་ཟག་རང་གིས་སྤངས་གཉེན་བླངས་དོར་གྱི་རིགས་པ་ལ་ཞུགས་པ་ལྟ་བུ་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབས་པ་ཡིན་ཟེར་དགོས་ཏེ།  མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི་«དཀའ་གནད་རབ་གསལ»༢༤ལས“གསུམ་པ། དེ་ལ་གསུམ་སྟེ།  ཏིང་ངེ་འཛིན་གྱི་སྒོ་ནས་བྱིན་གྱི་བརླབས་པའི་བཀའ་དང་། ཐུགས་རྗེའི་སྒོ་ནས་བྱིན་གྱིས་བརླབས་པའི་བཀའ་དང་། མཐུ་སྟོབས་ཀྱི་སྒོ་ནས་བྱིན་གྱི་བརླབས་པའི་བཀའ་དང་གསུམ་མོ། དེ་ལ་དང་པོ་ནི།  སྟོན་པ་ཏིང་ངེ་འཛིན་ལ་བཞུགས་ཏེ། གཡུང་དྲུང་སེམས་དཔའི་རྒྱུད་ལ་བྱིན་གྱིས་བརླབས་ནས་གསུངས་པ་དང་། སྟོན་པའི་ཐུགས་རྗེ་ལོངས་སྤྱོད་རྫོགས་སྐུའི་ངོ་བོ་བསྟན་ཏེ། ས་གནས་བྱང་སེམས་ལ་གསུངས་པ་བྱིན་གྱིས་བརླབས་པའི་བཀའ་དང་། ཐུགས་རྗེའི་ཉེས་པ་ཡོན་ཏན་དུ་བསྒྱུར་བའི་བྱིན་གྱི་བརླབ་པའི་བཀའ་དང་གཉིས།  དང་པོ། བྱང་སེམས་གབ་པ་ལ་སོགས་སེམས་ཕྱོགས་ཀྱི་བཀའ་འགའ་ཞིག་དང་། གཉིས་པ། རྩེ་འབུམ་དང་མདོ་རྒྱས་བསྡུས་ཀྱི་ཁོངས་སུ་བྱོན་པའི་བདུད་དང་བདུད་བུས་སྨྲས་པའི་ཚིག་ལྟ་བུའོ། །ཞེས་གསུངས་བའི་ཕྱིར་རོ།།
   གསུམ་པ། རྗེས་སུ་གནང་བའི་བཀའ་ཟེར་བ་གང་འདྲ་ཞིག་འཇོག་དགོས་ཞེ་ན། སྟོན་པ་བླ་ན་མེད་པའི་གསུང་གི་གནང་བ་ཐུབ་པའི་རིགས་ལ་འཇོག་དགོས་ཏེ།  མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི་«དཀའ་གནད་རབ་གསལ»༢༦ལས་གསུམ་པ་ལ། བཀའ་ལ་དབྱེ་བར་རྗེས་སུ་གནང་བའི་བཀའ་དང་། བཀའ་ལ་སྡུས་པར་རྗེས་སུ་གནང་བའི་བཀའ་དང་། བཀའ་ལ་བརྟན་པར་རྗེས་གནང་བའི་བཀའ་དང་གསུམ་མོ།  དང་པོ། བཀའ་བསྡུ་བ་པོས།  མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ཏེ་སོ་སོའི་མཚན་བཏགས་པའི་ཚིག་དང་།  གཉིས་པ་ནི། བཀའ་ཐམས་ཅད་འདི་སྐད་བདག་གི་ཐོས་པའི་སོགས་དབུ་ཡི་གླེང་གཞི་ཚང་མ་དང་། ཅེས་གསོལ་ཏོ། དེ་ལ་སྟོན་པས་བཀའ་བརྩལ་པ་ཞེས་སོགས་བར་གྱི་འཚམས་སྦྱོར་རྣམས་དང་། དེ་ལ་འཁོར་རྣམས་རྗེས་སུ་ཡིད་རངས་ཏེ་སྟོན་པའི་གསུངས་པ་ལ་མངོན་པར་བསྟོད་དོ།  ཞེས་མཐའི་མཐུན་གྱུར་རྗེས་སུ་ཡི་རངས་ཚིག་ལྟ་བུ་ཡིན་ཏེ་ཞེས་གསུངས་བ་དང་།  བོན་གྱི་སྤྱན་ལྡན་ཆེན་མོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་མཛད་པའི་«ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས»༢༧ལས་སྟོན་པས་འཁོར་ལ་སྒྲོགས་ཤིག  སྒྲུབས་ཤིག  སྤེལ་ཞིག་ཅེས་ལུང་བསྟན་པ་དག་ཡིན་ཏེ་ཁྱོད་རྒྱལ་པོའི་ཡུལ་དུ་བཞུད་ལ་ལྟ་བ་ནི་ཡས་ཕོབ་ཅིག་ཅེས་སོགས་གསུངས་པ་དང་།  སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ«མདོ་འདུས»༢༨ལས་ང་ནི་མྱ་ངན་འདས་འོག་ཏུ། མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ལ། འཁོར་རྣམས་བཀའ་ནི་བསྡུ་བར་གྱིས། ཕུན་གསུམ་ཚོགས་པ་ལྔས་ཤོད་ཅིག  ཅེས་གསུངས་བས་སོ།།
   མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི་«དཀའ་གནད་རབ་གསལ་ལས»༢༩བཀའ་ཡི་མཚན་ཉིད་བསྟན་པའི་སྐབས་སུ་ཁྱད་པར་བཞི་ལྡན་གྱི་ནང་གསེས་ཁྱད་པར་གཉིས་པ་སྟེ།  རྗོད་བྱེད་ཀྱི་ཁྱད་པར་ནི། དེ་ཉིད་ལས། རྗོད་བྱེད་ཀྱི་ཁྱད་པར། བཀའ་བསྡུ་གྲུབ་ནས་གང་ཟག་གི་འདོད་དབང་ལ་བཅོས་ལྷད་མེད་པ། གསུངས་བའི་གང་ཟག་གཞན་གྱི་འདོད་དབང་ལ་བཅོས་ལྷད་མེད་ཚུལ་ནི། ཁ་ཅིག་ན་རེ།  ད་ལྟའི་མཐོང་ཡུལ་དུ་གྱུར་པའི་ངན་སོང་སྐྱེ་སྒོ་གཅོད་པ་བཀའ་མ་ཡིན་ཏེ།  དེའི་ནང་དུ།  བཀའ་བསྡུ་བཅུ་གསུམ་གྱིས་བསྡུས་ཟིན་པའི་བཀའ་ཡི་རིགས་ཀྱི་ནང་དུ་བསྣོན་བེར་བརྒྱབ་པའི་བཅོས་མ་ཡིན་པའི་ཕྱིར་ཞེས་དང་།  ད་སྐབས་ང་ཚོའི་མིག་མཐོང་ལག་ཟིན་དུ་གྱུར་པའི། “མུ་ཁྲི་བཙན་པོ་ལ་སོགས་དང་། རྩ་བའི་ཡབ་སྲས་རྣམ་གསུམ་ལ་”སོགས་གསུངས་བའི་ངན་སོང་སྐྱེ་སྒོ་གཅོད་པའི་མདོ་ལ་སོགས། བཀའ་མ་ཡིན་པར་ཁས་ལེན་མཁན་ཡོད་ཀྱང་། གང་ཟག་གཞན་གྱིས་འདོད་དབང་ལ་བཅོས་ལྷད་མེད་པ་ཟེར་བའི་གོ་བ་དེ་ཙམ་ཞིག་བླངས་བ་ཡིན་ན།  ད་ལྟར་ང་ཚོའི་མཐོང་ཡུལ་དུ་གྱུར་པའི་བཀའ་གང་ཡང་མེད་པར་ཐལ་བའི་སྐྱོན་རི་རབ་ལས་ཆེ་བར་འགྱུར་འགྲོ་བས་དེ་ཙམ་ཞིག་ལ་མི་འཇོག་པར་ཤེས་དགོས།  འོ་ན། མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི་ «དཀའ་གནད་རབ་གསལ་ལས»༢༩གསུངས་བའི། རྗོད་བྱེད་ཀྱི་ཁྱད་པར་དེ་གང་འདྲ་ཞིག་འཇོག་དགོས་ཟེར་ན།  སྟོན་པའི་བཀའ་དྲི་མ་མེད་པ་དེ་ཉིད་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཏུ་བསྒྱུར་པའི་ཚེ། གང་གསུངས་པ་ལྟར་དུ་བསྒྱུར་པ་མ་ཡིན་པར་རང་ཉིད་ཀྱིས་འདོད་དབང་ལྟར་མཐུན་པའི་དོན་ལོག་འགྲེལ་བྱས་པའི་རིགས་ལ་འཇོག་དགོས་པ་ཡིན་ནོ།། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ «ལུང་མཚན་ཉིད་སྲིད་པའི་མཛོད་ཕུག»༣༠ལས“བཀའ་ནི་ཚད་མར་གསུངས་པ་སྟེ། མ་བཅོས་མ་ལྷད་མཚན་ཉིད་འཛིན་”ཞེས་པ་དང་། བླ་ཆེན་པོ་དྲན་པ་ནམ་མཁས་མཛད་པའི་«རྣམ་འབྱེད་འཕྲུལ་ལྡེ»༣༡ལས། བཀའ་ཡི་མཚན་ཉིད་བཅོས་ལྷད་མེད་ཅེས་པ་དང་། ཁམས་གསུམ་འགྲོ་བའི་མགོན་པོ་དཔལ་ལྡན་སྨན་རི་བ་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་གྱིས་མཛད་པའི་«བྱང་སེམས་གབ་འགྲེལ»༣༢ལས།  ཐམས་བཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་བའི་བོན་གསུངས་པ་རྣམས་ཀྱི་དགོངས་པ་གཅིག་ཡིན་པས་སོ།།
   མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི་«དཀའ་གནད་རབ་གསལ་ལས»༣༣བཀའ་ཡི་མཚན་ཉིད་བསྟན་པའི་སྐབས་སུ་ཁྱད་པར་བཞི་ལྡན་གྱི་ནང་གསེས་ཁྱད་པར་གསུམ་པ་སྟེ་བརྗོད་བྱའི་ཁྱད་པར་ནི།  དེ་ཉིད་ལས། བརྗོད་བྱའི་ཁྱད་པར། དྲང་ངེས་ཇི་ལྟར་བསྟན་ཀྱང་མཐར་ཐུག་གི་དོན་ལ་མི་བསླུ་བར་ངེས་པ། གསུངས་བའི་དྲང་ངེས་ཇི་ལྟར་བསྟན་ཀྱང་མཐར་ཐུག་གི་དོན་ལ་མི་བསླུ་བར་ངེས་པ་མེད་པའི་ཚུལ་ནི། སངས་རྒྱས་གཤེན་རབ་མི་བོས་གཤེན་ལོ་གཅིག་ནས་གཤེན་ལོ་བཅུ་གཉིས་ཀྱི་བར་དུ་(གཤེན་ལོ་གཅིག་ལ་མི་ལོ་བརྒྱ་ཡིན་ནོ།)ཐེག་པ་རིམ་དགུའི་བོན་སྡེ་གསུངས་པ་དང་། འདུལ་དཀའི་ཞིང་ཁམས་བཏུལ་བར་མཛད་པ་དང་། ཆུ་ཕག་ན་ཟླའི་ཉ་ཆེན་ཚེས་པ་བཅོ་ལྔ་ལ་དབང་ཆེན་ས་བདག་ཕོ་བྲང་དུ་དབང་ལྡན་དུས་ཀྱི་འཁོར་ལོ་རྒྱུད་ནས་ཀུན་རྫོབ་དྲང་དོན་གཙོ་བོར་སྟོན་པའི་རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་དང་། ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་རྫོགས་ནས་གཤེན་ལོ་བཅོ་ལྔ་བཞེས་པའི་བར་དུ་གཏི་མུག་གཏོ་བུ་དོད་དེ་དང་། ཞེ་སྡང་ཁྲི་ཤི་དབང་ལྡན། ཕྲག་དོག་ཧ་ལ་ར་ཙ། ང་རྒྱལ་གུ་ཝེར་ར་ཙ། འདོད་ཆགས་མ་ཏི་འགུ་ལིང་ལ་སོགས་དུག་ལྔའི་དབང་གྱུར་གྱི་འགྲོ་བ་རྣམས་བདེ་ཆེན་ཐར་པ་ཆེན་པོའི་རྒྱལ་ས་རུ་བཀོད་པ་མཛད་ནས་གཤེན་ལོ་ཉེར་བཞིའི་ཤིང་བྱའི་བར་ལྷ་ཀླུ་མི་ཡི་ཞིང་ཁམས་རྣམས་སུ་ཕེབས་ཏེ་བོན་གྱི་འཁོར་ལོ་བསྐོར། བདུད་རིགས་ཚར་ཐག་བཅད། བསྟན་པའི་བར་ཆོད་བསལ། གཤེན་ལོ་ཉི་ཤུ་རྩ་ལྔའི་བར་དུ་ཐེག་དགུའི་བསྟན་པ་དང་།  བླ་མེད་གོ་ཕངས་སྒྲུབ་ཐབས་ཀྱི་སྐུ་གདུང་སྐུ་གཟུགས་གསུང་རབ་དང་ཐེག་པ་ཆེན་པོའི་མཛོད་སྡེ་ལ་སོགས་རྒྱལ་རིགས་སུམ་བརྒྱ་དྲུག་ཅུ་ལ་གསས་མཁར་སུམ་བརྒྱ་དྲུག་ཅུ་ཡི་བསྟན་པ་རྣམ་གསུམ་རྗེས་བཞག་གི་མཛད་པ་མ་རྫོགས་ཀྱི་བར་དུ་གསུངས་བའི་དྲང་ངེས་ཟུང་འབྲེལ་དུ་སྟོན་པའི་བཀའ་དང་། བསྟན་པ་རྣམ་གསུམ་རྗེས་བཞག་གི་མཛད་པ་རྫོགས་ནས་གཤེན་ལོ་སུམ་ཅུ་སོ་བཞི་ཤིང་འབྲུག་ལོར་རྗེས་འཇུག་འགྲོ་བ་རྣམས་ལ་དཔེར་བསྟན་ཕྱིར་དུ་དཀའ་བ་རྣམ་གསུམ་སྟེ་མི་ཡི་དཀའ་ཐོབ། བྱ་ཡི་དཀའ་ཐོབ། སྤྲེའུའི་དཀའ་ཐུབ་གསུམ་སྤྱད་དེ་སེང་གེ་རྣམ་པར་འགྱིང་བའི་ཏིང་འཛིན་ལ་ཞུགས་ནས་བདུད་བཞི་བཅོས་པས་བདུད་རྗེ་ཁྱབ་པ་ལག་རིང་རང་གྲོལ་དུ་ཕྱིར་མི་ལྡོག་པའི་ས་རུ་བཀོད་པ་དང་། གཤེན་ལོ་བདུན་ཅུ་དོན་ལྔའི་བར་འཁོར་རྣམས་རབ་ཏུ་བྱུང་བར་མཛད་ཅིང་ཚུལ་ཁྲིམས་ཀྱི་དབྱེ་བཤག་དང་། འཁོར་སྤང་དགོན་པ་མཛད་དེ་གསང་སེམས་གཉིས་མེད་ཕྱག་ཆེན་དང་བླ་མེད་རྫོགས་པ་ཆེན་པོའི་བོན་ལ་སོགས་བསྟན་པའི་འགྲོ་དོན་གྲུབ་པར་མཛད་དེ་འབྱུང་ལྡན་ཤིང་བྱི་ལོའི་དཔྱིད་ཟླ་ར་བ་ལ་ཕྱི་འཁོར་དུངས་ཕྱུར་དང་། བར་འཁོར་འབུམ་ཕྲག་ཉི་ཤུ། ནང་འཁོར་ཁྲི་དང་དྲུག་སྟོང་། གསང་འཁོར་ལྔ་སྟོང་ལྔ་བརྒྱ།  རྟག་པར་སྐུ་ལ་འཁོར་བའི་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང་ཡེ་ཤེས་སུམ་བརྒྱ་དྲུག་བཅུ། སྐུ་ལས་སྤྲུལ་པའི་སྲས་བརྒྱད་དང་འཇིག་རྟེན་མངའ་དབང་ཚོགས་བཅས་ལ་འགྲོ་དོན་མཐར་ནས་བསྟན་པ་གཉེར་དུ་གཏད་དེ་རྟག་པར་འཛིན་པ་རྣམས་ལ་སུན་ཕྱུང་ཕྱིར་དུ་དགུན་ཟླ་ར་བའི་གནམ་སྟོང་གི་ཐོ་རངས་སྟག་གི་དུས་སུ་གཟུགས་སྐུའི་རྣམ་པ་བསྡུས་ནས་སྐུ་ཞི་བ་མྱ་ངན་ལས་མ་འདས་ཀྱི་བར་དུ་གསུངས་བའི་ངེས་དོན་གཙོ་བོར་སྟོན་པའི་བོན་རྣམས་མཐར་ཐུག་གི་དོན་ལ་བསླུ་བ་མེད་དེ། སེམས་ཅན་མ་སྨིན་པ་རྣམས་སྨིན། སྨིན་པ་ནི་གྲོལ། གྲོལ་བ་ནི་མཐའ་རུ་ཕྱིན་བར་སྟོན་བྱེད་ཡིན་ཕྱིར་ཏེ། སྟོན་པ་སངས་རྒྱས་བཤེན་རབ་མི་བོའི་བཀའ«ཐིག་ལེ་མདོ»༣༤ལས། སེམས་ཅན་མ་སྨིན་པ་རྣམས་སྨིན་པར་གྱུར་ཅིག  མ་གྲོལ་བ་རྣམས་གྲོལ་བར་གྱུར་ཅིག  གྲོལ་བ་རྣམས་མཐའ་རུ་ཕྱིན་པར་གྱུར་ཅིག  ཐམས་ཅད་མཉམ་པ་ཉིད་དུ་སངས་རྒྱས་པར་གྱུར་ཅིག   ཅེས་གསུངས་བའི་ཕྱིར་རོ།།
   མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་བོའི་«དཀའ་གནད་རབ་གསལ་ལས»༣༥བཀའ་ཡི་མཚན་ཉིད་བསྟན་པའི་སྐབས་སུ་ཁྱད་པར་བཞི་ལྡན་གྱི་ནང་གསེས་ཁྱད་པར་བཞི་པ་བྱེད་ལས་ཀྱི་ཁྱད་པར་ནི།  དེ་ཉིད་ལས། བྱེད་ལས་ཀྱི་ཁྱད་པར། གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ལས་སྐྱོབ་ཅིང་འབྲས་བུ་ཐར་པ་ཆེན་པོ་ཐོབ་པར་བྱེད་པ་དང་བཞིའོ།  ཞེས་གསུངས་སོ། ཞེས་པའི་སྐབས་ཀྱི་བྱེད་ལས་ཀྱི་བསྟན་དོན་ནི། གནས་སྐབས་སམ་ཚེ་འདིར་སྟོན་པ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་བཀའ་དྲི་མ་མེད་པ་བྱམས་བརྩེའི་རྩ་བ་ཅན་གྱི་གཞུང་ལུགས་ཆེན་མོ་དེ་ཉིད་ཉམས་སུ་བླངས་ཏེ་རང་བློས་གང་དཔོག་གི་དགེ་སྡིག་སྤང་བླངས་ཀྱི་ལས་ལ་འབད་ཚེ་འདོད་པ་ཆུང་ལ་ཆོག་ཤེས་ཀྱི་བླངས་དོར་རང་རྒྱུད་ལ་སྨིན་པ་དང་རྣམ་དཀར་གྱི་ལས་ལ་བརྩོན་འགྲུས་ཆེ་ཞིང་ཚེ་འདིར་དགོས་པའི་གནས་སྐབས་ཀྱི་བདེ་སྐྱིད་ལྡན་པ། དེ་ཉིད་ཐོས་པ་ཉམས་སུ་བླངས་ཏེ་ཐོས་དོན་ཉམས་ལེན་ལ་སྦྱར་ཚེ་ས་ལམ་གྱི་ཡོན་ཏན་རིམ་པར་རྫོགས་ཏེ་ཐབས་ཤེས་ཟུང་འབྲེལ་གྱི་སྤངས་བླངས་ལ་འཇུག་ནས་མཐར་ཐུག་གི་འབྲས་བུ་ཆེན་པོ་སྟེ་སྐུ་གསུམ་སངས་རྒྱས་ཀྱི་གོ་འཕངས་ཐོབ་པར་འགྱུར་བ་བསྟན་པའི་ཕྱིར་རོ།།
གསུམ་པ།
   དེ་ལྟར་ན། བཀའ་བསྡུ་བཅུ་གསུམ་གྱིས། མདོ། འབུམ། རྒྱུད། མཛོད་བཞི་ཡི་ནང་དུ་བསྡུད་ཟིན་པའི་བཀའ་མི་རིགས་གཞན་གྱི་སྐད་དང་ཡི་གེ་ཐོག་ཏུ་བསྒྱུར་བའི་ཚེ། གང་ཟག་རང་གི་འདོད་དབང་ལྟར་དུ་དོན་ལོག་འགྲེལ་བྱས་པའི་བཅོས་མ་ཅན་གྱི་རིགས་རྣམས་བཀའ་ཡི་ཁྱབ་ཁོངས་ནས་འདོར་དགོས་པ་དང་། བཀའ་ཡིན་ན་ཚེ་ལོ་བརྒྱ་བའི་ཁྱད་པར་དུ་བྱས་པའི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཁོ་ནའི་བཀའ་ཡིན་དགོས་པ་ཡིན་ནོ། །
སོ་སྐྱེའི་བློ་ཡིས་ཇི་ལྟར་དཔྱད་ཀྱང་སྒྲོ་འདོགས་ཐག་པ་མི་ཆོད་ལ།།
ཞལ་གྱི་ལྗགས་རྩེ་ཅི་ལྟར་རྣོ་ཡང་དམ་ཆོས་ལོག་རྟོགས་མི་སེལ་བས།།
ཐབས་མཁས་སྟོན་པ་གཤེན་རབ་མཆོག་དང་གནའ་དེང་མཁས་པ་གོང་འོག་ལ།།
ནོར་དང་འཁྲུལ་བའི་ཉེས་པ་གང་ཡོད་བཤེས་གཉེན་བླ་མ་ཡོངས་ལ་བཤགས།།
   ཞེས་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་རྔ་ཡུལ་སྣང་ཞིག་དགོན་ཆེན་རང་ཤག་དཔེ་མང་སྤུངས་པའི་དཀྱིལ་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་བྱམས་བརྩེའི་རྩ་བ་ཅན་གྱི་རིགས་གཞུང་ནང་ཆོས་ཙན་དན་སྡོང་པོའི་དྲི་བཟང་མ་ཡལ་བའི་ཐོག་ཆར་རམ་ཤེལ་ཞིག་ཚང་ནམ་མཁའ་རྒྱལ་མཚན་འབོད་པ་དེས་བོད་ས་མོ་ཕག་ལོའི་ཟླ་བ་ཁ་གང་ཉིན་མོར་བྲིས་པ་དགེ་ལེགས་འཕེལ། །
དཔྱད་གཞིའི་ཡིག་ཆ།
༡ རྒྱུད་ཡེ་ཁྲི་མཐའ་སེལ། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༢ མདོ་དྲི་མེད་གཟི་བརྗིད། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༣ མདོ་འདུས། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༤ ལེགས་བཤད་རིན་པོ་ཆེ་མཛོད། གསུངས་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན།༥ སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས། གནའ་བོའི་དཔེ་རྙིང་། སྟོན་པའི་བཀའ་ཡིན་པར་འདོད་མཁན་ཡོད་ཀྱང་འཇུག་བྱང་མ་གསལ་བས་གསུང་པ་པོ། ངོས་འཛིན་མེད། ༦ ལུང་མཚན་ཉིད་སྲིད་པའི་མཛོད་ཕུག རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༧ རྣམ་འབྱེད་འཕྲུལ་ལྡེ། གསུངས་པ་པོ། དྲན་པ་ནམ་མཁའ། ༨ ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ། གསུངས་པ་པོ།  འ་ཞ་འགྲོ་མགྲོན་བློ་གྲོས་རྒྱལ་མཚན།༩ བྱང་སེམས་གབ་པའི་འགྲེལ། གསུང་པ་པོ། མཉམ་མེད་ཤེས་རབ་རྒྱལ་མཚན།༡༠ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན།༡༡ མདོ། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༡༢ ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༡༣ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན།༡༤ མདོ་དྲི་མེདགཟི་བརྗིད། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༡༥  མདོ་དྲི་མེད་གཟི་བརྗིད། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༡༦  མདོ། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༡༧   ཁམས་སྡུད། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༡༨    ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན། ༡༩  མདོ་དྲི་མེད་གཟི་བརྗིད། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༢༠  ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན། ༢༡ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན།༢༢  མདོ་ཕྲན། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༢༣  ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན། ༢༤  ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན། ༢༥   མདོ་འདུས། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༢༦   ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན།༢༧   ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། གསུངས་པ་པོ། འགྲོ་མགོན་བློ་གྲོས་རྒྱལ་མཚན། ༢༨   མདོ་འདུས། གསུངས་པ་པོ། སྟོན་པ་གཤེན་རབ་མི་བོ། ༢༩  ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན། ༣༠  ལུང་མཚན་ཉིད་སྲིད་པའི་མཛོད་ཕུག   རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༣༡ རྣམ་འབྱེད་འཕྲུལ་ལྡེ། གསུངས་པ་པོ། དྲན་པ་ནམ་མཁའ།༣༢   བྱང་སེམས་གབ་འགྲེལ། གསུངས་པ་པོ། མཉམ་མེད་ཤེས་རབ་རྒྱལ་མཚན། ༣༣   ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན། ༣༤   ཐིག་ལེ་མདོ། རྒྱལ་བའི་བཀའ། གསུང་པ་པོ། སྟོན་པ་གཤེན་རབ། ༣༥ ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་ཚིག་དོན་བཀའ་གནད་རབ་གསལ། གསུང་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།