སྔགས་སེམས་ཀྱི་གཞུང་ཟབ་མོ་འགའ་ཞིག་ནས་གསུངས་པའི་ལུས་གནད་ཀྱི་སྐོར།

[ཟླ་ཚེས། 2019-10-27 13:07:37][རྩོམ་པ་པོ། བཤད་སྒྲུབ་མཁན་པོ་ཉི་མ་དོན་འགྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྔགས་སེམས་ཀྱི་གཞུང་ཟབ་མོ་འགའ་ཞིག་ནས་གསུངས་པའི་ལུས་གནད་ཀྱི་སྐོར།

  གསང་བ་སྔགས་ཀྱི་གཞུང་དང་ཡང་གསང་བླ་མེད་ཀྱི་གཞུང་དུ་མ་ནས་ཟབ་མོ་འཕོ་བའི་ཉམས་ལེན་དང་། རིམ་གཉིས་བསྐྱེད་རྫོགས་ཀྱི་ཉམས་ལེན། དེ་བཞིན་རིག་པ་རང་གྲོལ་གྱི་ཉམས་ལེན་སྐྱོང་བའི་སྐབས་རྣམས་སུ། ལུས་ངག་ཡིད་གསུམ་དང་འབྲེལ་བའི་ཉམས་ལེན་གྱི་གནད་བསམ་གྱིས་མི་ཁྱབ་པ། དགོས་པ་རྒྱུ་མཚན་རེ་རེ་དང་འབྲེལ་ནས་མཚོན་དོན་དང་བརྡ་དོན་སོགས་ཐུན་མོང་མ་ཡིན་པའི་འགྲེལ་བརྗོད་དང་རྣམ་བཤད་ཇི་སྙེད་ཅིག་གུད་དུ་བཞུགས་ཡོད་པ་སྨོས་ཅི་ལ་དགོས། ད་ལན་དེ་དག་གི་ནང་ནས་བཅའ་བ་ལུས་ཀྱི་གནད་ལ་ཆ་ལུགས་ལྔ་ལྡན་དང་དྲུག་ལྡན་བདུན་ལྡན་དགུ་ལྡན་སོགས་ཀྱིས་མཚོན་པའི་ལུས་གནད་ཀྱི་སྐོར། རྗེ་སྤྲུལ་པའི་སྐུ་ཡིས་གདམས་པའི་སྙན་རྒྱུད་གཞུང་གི་ནང་ཚན་མཉམ་བཞག་སྒོམ་པའི་ལག་ལེན་དང་། འགྲོ་མགོན་ཚེ་དབང་རིག་འཛིན་གྱིས་མཛད་པའི་ཚེ་དབང་བོད་ཡུལ་མིའི་གཞུང་གི་ལག་ཁྲིད་མ་རིག་མུན་སེལ་དང་། བྲུ་ཡི་གཤེན་པོ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་དང་། གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་གཞུང་དང་། ཀུན་ཏུ་བཟང་པོས་གསུངས་པའི་ལམ་མངོན་སངས་རྒྱས་པའི་རྒྱུད་ཀྱི་གཞུང་དང་། བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཁྲོ་འགྲེལ་གསལ་བྱེད་ཉི་མའི་འཁོར་ལོ་དང་དྲུག་ལས་ཟུར་དུ་ཕྱུངས་ཏེ། རང་གཞན་ཀུན་གྱིས་གཟིགས་པ་བདེ་བའི་ཕྱིར་དུ་འདིར་དྲངས་ནས་འགོད་པར་འདོད་དོ།

ཆ་ལུགས་དྲུག་ལྡན་དང་དབང་པོའི་གནད་ལྔ་ཡི་སྐོར་མཉམ་བཞག་སྒོམ་པའི་ལག་ལེན་གྱི་དགོངས་དོན།

  མཚན་བཅས་ལ་སེམས་བཟུང་བ་དང་མཚན་མེད་ལ་མཉམ་པར་བཞག་པའི་སྐབས་ལུས་གནད་ཆ་ལུགས་དྲུག་ལྡན་དང་དབང་པོའི་གནད་ལྔ་ཡི་སྐོར་མཉམ་བཞག་སྒོམ་པའི་ལག་ལེན་ལས་བྱུང་བ་ནི་འདི་ལྟར་ཏེ། གཞུང་དེ་ཉིདལས། སྐྱིལ་ཀྲུང་བཅའ་བ་རྐང་པའི་གནད་དང་གཅིག མདའ་སྙུག་ལྟར་བསྲང་པ་ཚིགས་པའི་གནད་དང་གཉིས། སྟོད་དཔང་སྟོད་པ་རྐེད་པའི་གནད་དང་གསུམ། ལག་པ་གཉིས་ཡར་བཏེག་སྟེ། རོ་སྟོད་སང་ངེར་གསེང་བ་བྱང་ཁོག་གི་གནད་དང་བཞི། ཕྱག་མཉམ་པར་བཞག་པ་ལག་པའི་གནད་དང་ལྔ། མགྲིན་པ་ལྕགས་ཀྱུ་ལྟར་བཀུག་པ་སྐེ་འཇིང་གི་གནད་དང་དྲུག་གོ ལྗགས་ཡ་རྐན་ལ་མ་རེག་པ་ལྕེའི་གནད་དང་གཅིག སྤྱན་གྱི་རྫི་མ་མ་སྤྲད་པ་མིག་གི་གནད་དང་གཉིས། ཤངས་ལས་རླུང་འཕྲ་ལ་སྙོམས་པར་བྱ་བ་སྣའི་གནད་དང་གསུམ། སྙན་སྒྲ་ཕྱིར་མི་འབྲེང་བ་རྣ་བའི་གནད་དང་བཞི། ཁ་སོ་རང་ལུགས་སུ་བཞག་པ་སོ་དང་མཆུའི་གནད་དང་ལྔའོ། ཞེས་གསུངས།

ལུས་གནད་ཆ་ལུགས་ལྔ་ལྡན་གྱི་སྐོར་ལག་ཁྲིད་མ་རིག་མུན་སེལ་གྱི་དགོངས་དོན།

  འགྲོ་མགོན་ཚེ་དབང་རིག་འཛིན་གྱིས་མཛད་པའི་ཚེ་དབང་བོད་ཡུལ་མའི་གཞུང་ལག་ཁྲིད་མ་རིག་མུན་སེལ་ལས་ལུས་གནད་ཆ་ལུགས་ལྔ་ཡི་མཚོན་དོན་དང་དགོས་པ་འབྲས་བུ་བཅས་ཞིབ་མོ་རྣམ་པར་འཐག་ནས་འདི་དང་འདི་ཞེས་གསལ་བར་བསྟན་པའི་ཚུལ་ནི། གཞུང་དེ་ཉིད་ལས། དོན་གཉིས་པ་དངོས་གཞིའི་གདམས་པ་བསྟན་པ་ནི། སློབ་བུ་ཚོགས་དྲུག་གིས་འཚེ་བ་མེད་པའི་གནས་སུ། ནང་ཚང་ཅན་གྱི་གདན་སྟེང་དུ། ལུས་ཕྱག་རྒྱ་ལྔ་ལྡན་དུ་བཅས་ཏེ། དང་པོ་རྐང་པ་སྐྱིལ་ཀྲུང་དུ་འདུག་སྟེ། ཀུན་སྣང་ཁྱབ་པའི་དགོངས་པ་ཡིན། གཏི་མུག་དག བོན་དབྱིངས་སྤྲོས་བྲལ་རྟོགས། ལག་པ་གཉིས་མཉམ་པར་བཞག བྱེ་བྲག་དངོས་མེད་ཀྱི་དགོངས་པ་ཡིན། འདོད་ཆགས་དག སོར་རྟོགས་བདེ་སྟོང་ཡེ་ཤེས་རྟོགས། སྒལ་ཚིགས་དྲང་པོར་བསྲངས། གསལ་བ་རང་འབྱུང་གི་དགོངས་པ་ཡིན། ཞེ་སྡང་དག མེ་ལོང་གསལ་སྟོང་ཡེ་ཤེས་རྟོགས། དཔུང་པ་འགྱིང་མགྲིན་པ་འགུག དགེ་ལྷ་གར་ཕྱུག་གི་དགོངས་པ་ཡིན། ང་རྒྱལ་དག མཉམ་ཉིད་ཚོར་སྟོང་ཡེ་ཤེས་རྟོགས། མིག་གཟིམ་བུས་སྣ་རྩེ་ལ་ཕབ། མཆུ་སོའི་བར་ནས་ཐར་ཙམ་བྱ། དབུགས་གར་བདེར་བཏང་། དགའ་བ་དོན་གྲུབ་ཀྱི་དགོངས་པ་ཡིན། ཕྲག་དོག་དག བྱ་གྲུབ་དྲན་སྟོང་ཡེ་ཤེས་རྟོགས་པའོ། ལུས་གནད་དེ་ལས་མ་གཡོས་པའི་ངང་ནས། ཞེས་གསུངས།

ལུས་གནད་ཆ་ལུགས་ལྔ་ལྡན་གྱི་སྐོར་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་ཀྱི་དགོངས་དོན།

  བྲུ་ཡི་གཤེན་པོ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་ཉམས་རྒྱུད་ཟབ་མོ་གནད་ཀྱི་གདམས་པའི་དངོས་གཞི་ལས་ལུས་གནད་ཆ་ལུགས་ལྔ་ལྡན་མཉམ་བཞག་གི་ཕྱག་རྒྱས་བཅིང་ནས་འདུག་པའི་ཚུལ་ནི། དེ་ཉིད་ལས། དང་པོ་ལུས་ཀྱི་ཕྱག་རྒྱ་ལྔ་ཡི་སྲོག་ཀྱང་བཅིངས། ཞེས་པས། སྨད་ཀྱི་རྩ་རླུང་བསྡོམ་ཕྱིར་དཀྱིལ་ཀྲུང་བཅའ། རུས་ཚིགས་ཁྲོལ་བུར་བསྡོམ་ཕྱིར་ཚིགས་པ་སྲང་། འདུ་བྱེད་གནས་སུ་བཟུང་ཕྱིར་མཉམ་བཞག་བཅའ། སྨྲ་བརྗོད་རྩོལ་བ་གཞོམ་ཕྱིར་མགྲིན་པ་བཀུག གཟུང་འཛིན་གཅུན་ལ་བོར་ཕྱིར་ལྟ་སྟངས་གཟིར། དེ་ཡང་གཡོན་འདོན་གཡས་འོག་ཏུ་མནན། སྲིན་ལག་ཡིད་ཙམ་བཀུག་པ་ནི་ཁྱད་པར་གྱི་གནད་དོ། དེའི་དུས་ཉ་བཞི་ལ་སོགས་ལུས་ཆ་ཆ་ནས་ཁྲིམས་ཀྱིས་བསྒྲིམས་ལ་གཅུན་ནོ། ཞེས་གསུངས།

ལུས་གནད་ཆ་ལུགས་བདུན་ལྡན་གྱི་སྐོར་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་གཞུང་གི་དགོངས་དོན།

  གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་སྔོན་འགྲོའི་ཁྲིད་ཡིག་གི་དགོངས་དོན་གཞིར་བཞག་ནས་ལུས་གནད་ཆ་ལུགས་བདུན་ལྡན་དང་། དེ་རྣམས་བརྡ་དོན་རེ་དང་འབྲེལ་ནས་ཞུས་ན་འདི་ལྟར་ཡིན་ཏེ། དེ་ཉིད་ལས། སློབ་བུ་ཡང་ལུས་ཆ་ལུགས་བདུན་ལྡན་གྱི་སྒོ་ནས་འདུག་གོ དེ་གང་ཞེ་ནའང་། ཞབས་གཉིས་གཡུང་དྲུང་གི་དཀྱིལ་མོ་སྐྲུང་དུ་བཞུགས་པ་ནི། ས་བཅུ་ཟིལ་གྱིས་གནོན་པའི་བརྡ་དང་། སྒལ་ཚིགས་མདའ་ལྟར་དྲང་པས་གཡུང་དྲུང་ཐེག་པའི་གནམ་རིམ་པ་བཅུ་གསུམ་རྫོགས་པའི་བརྡ་དང་། དཔུང་པ་རྒོད་གཤོག་ལྟར་བརྐྱངས་པས། འཁོར་བ་ལ་ཕྱིར་མི་ལྡོག་པའི་བརྡ་དང་། མགྲིན་པ་གཞུ་ལྟར་དུ་འགུགས་པས། ལན་ཅིག་འགྲོ་བའི་དོན་དུ་ཕྱིར་འོང་བའི་བརྡ་དང་། ཕྱག་གཉིས་མཉམ་པར་བཞག་པ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའི་བརྡ་དང་། ལྕེ་རྐན་སྦུག་ཏུ་བཅུག་པ་སྨྲ་བསམ་བརྗོད་མེད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བརྡ་དང་། མིག་གདངས་བཙུམ་མེད་པ་སྣ་རྩེ་རུ་ཕབ་པ་དང་། བླ་ན་མེད་པའི་ཐེག་པ་ཆེན་པོ་དངོས་སུ་ཐོབ་པའི་བརྡ་དང་བདུན་གྱི་སྒོ་ནས་འདུག་གོ ཞེས་གསུངས།

ལུས་གནད་ཆ་ལུགས་དགུ་ལྡན་གྱི་སྐོར་ལམ་མངོན་སངས་རྒྱས་པའི་རྒྱུད་ཀྱི་དགོངས་དོན།

  ལུས་གནད་ཆ་ལུགས་དགུ་ཡི་སྐོར་ལམ་མངོན་སངས་རྒྱས་པའི་རྒྱུད་དང་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་མཛད་པའི་ཐབས་ལམ་ཁྱེར་གྱི་འགྲེལ་བཅས་ནས་ཞིབ་པར་གསལ་བའི་ཚུལ་ནི་འདི་ལྟར་ཏེ། གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་གྱི་ནང་ཚན་ལམ་མངོན་སངས་རྒྱས་པའི་རྒྱུད་ལས། འབྱུང་བ་ལུས་ཀྱི་བཅའ་བ་བསྟན་པ་ནི། རླུང་གཅུན་དྲོད་བསྐྱེད་གནད་དུ་འཇུག་པའི་ཐབས། ཙོག་པུ་དཀྱིལ་ཆུང་སྒལ་ཚིགས་མདའ་ལྟར་བསྲང་། བདེ་གསལ་སྟོང་པའི་ཉམས་གསུམ་བསྐྱེད་བྱེད་པ། མཉམ་བཞག་མིག་ནི་སྣར་གཏད་མགྲིན་པ་བསྡམས། རླུང་བཟུང་དྲོད་སྐྱེད་ལུས་གནད་མི་འཆུག་པ། དཔུང་གདེང་ལུས་གཅུན་སེམས་བསྒྲིམ་སྒོམ་ཐག་བསྡམས། ལུས་གནད་དགུ་ཡི་ཕྱག་རྒྱ་མཆོག་ལ་གཟུད། ཅེས་དང་། དེའི་འགྲེལ་རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་ཀྱིས་མཛད་པའི་ཐབས་ལམ་ཁྱེར་གྱི་འགྲེལ་ལས། དེ་ནས་རླུང་གནད་དུ་འཛུད་པ་ནི་ཙོག་པུར་བསྡད། དྲོད་སྐྱེད་མྱུར་བས་རྐང་པ་རེའུ་མིག་བཞིན་དུ་བསྣོལ། རླུང་གནད་དུ་ཆུད་པ་ཡིན་པས་སྒལ་ཚིགས་མདའ་སྙུག་བཞིན་དུ་བསྲང་། བདེ་བ་བསྐྱེད་པའི་ཡན་ལག་ལྟེ་འོག་ཏུ་མཉམ་བཞག་ཕྱག་རྒྱས་བཙིར། མི་རྟོག་པ་སྐྱེ་བའི་ཡན་ལག་མགྲིན་པ་ཐག་མདུད་བཞིན་དུ་བསྡམས། ཤེས་པ་གསལ་བའི་ཡན་ལག་དམིག་གཉིས་སྣ་རྩེ་ལ་གཏད། རྩ་རླུང་གནད་དུ་བཟུང་བའི་ཡན་ལག་དཔུང་པ་ཁྱུང་གཤོག་བཞིན་དུ་གདེངས། དྲོད་རྟགས་མྱུར་བའི་ཡན་ལག་ལུས་སེམས་ཐམས་ཅད་རབ་ཏུ་བསྒྲིམས། ལུས་གནད་མི་འཆུག་པའི་ཐབས་སྒོམ་ཐག་གིས་ལེགས་པར་བསྡམས། བསྲུང་བ་ཆེན་པོའི་ཐབས་རང་ལུས་ཡི་དམ་དཀྱིལ་འཁོར་བསྒོམ་པའོ། དེ་ནི་ལུས་སེམས་འབྱུང་བ་དབང་ལ་འདེབས་པའི་གནད་དོ། །ཞེས་གསུངས།

ལུས་གནད་ཆ་ལུགས་ལྔ་ཡི་སྐོར་བོན་གྱི་སྤྱན་ལྡན་ཆེན་པོའི་དགོངས་དོན།

  ལུས་གནད་ཆ་ལུགས་ལྔ་ལྡན་གྱི་སྐོར་བོན་གྱི་སྤྱན་ལྡན་ཆེན་པོས་མཛད་པའི་ཁྲོ་འགྲེལ་གསལ་བྱེད་ཉི་མའི་འཁོར་ལོའི་དགོངས་དོན་དང་བསྟུན་ནས་འཆད་ན་འདི་ལྟར་ཏེ། དེ་ཉིད་ལས། ཞབས་དཀྱིལ་ཀྲུང་ནི་གནས་ལུགས་སྤྲོས་པར་མ་གཡོས་པའི་བརྡ་དང་། ཕྱག་མཉམ་བཞག་ནི་བཅོས་བསླད་མེད་པ་དང་། སྒལ་ཚིགས་དྲང་པོ་ནི། གཤེན་ལམ་དྲང་པོའི་བོན་ཉིད་སེམས་ཉིད་དབྱེར་མེད་དང་།། ལྗགས་བར་སྣང་ལ་བཞག་པ་ནི་སྨྲ་བརྗོད་དང་བྲལ་བ་དང་། སྤྱན་ཤངས་རྩེར་དབབ་པ་ནི་ཐིག་ལེ་ཉག་གཅིག་ལས་མ་ཡེངས་པའི་བརྡའོ། །ཞེས་གསུངས་སོ། །

  བཅའ་བ་ལུས་ཀྱི་གནད་ལ་གཞུང་སོ་སོ་ནས་རྣམ་གྲངས་བསྟན་ཚུལ་མི་འདྲ་བ་དང་བརྡ་དོན་དང་མཚོན་དོན་དེ་བཞིན་འགྲེལ་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་པའི་ཁོངས་ནས་རང་གིས་མཇལ་བ་འགའ་ཞིག་གསུང་རབ་རྣམས་ལས་བཏུས་ཏེ་སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་ཏུ་འབོད་པས་བཀོད་པ་རེ་ཞིག་རྫོགས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།