སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་གྱི་ཕོ་བྲང་དང་དེ་འབྲེལ་གྱི་གནའ་ཤུལ།

[ཟླ་ཚེས། 2023-10-09 20:37:26][རྩོམ་པ་པོ། གནམ་ལྕགས་ཕུར་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  མ་པང་གཡུ་མཚོའི་ཤར་ངོས་བཀྲག་ཅེས་པའི་གཙང་པོའི་གཞུང་དེད་དེ་སྤྱི་ལེ་བཅུ་ཐལ་ཙམ་ཕྱིན་ཚེ། བྱེ་བྲག་དཀར་པོ་སྣེ་མོ་ཆུ་ལ་ཟུག་པ་མདུན་ཐད་དཀན་གཟར་ཞིང་། དེའི་སྟེང་ཚོ་གཉིས་ལྟ་བུའི་གནའ་ཤུལ་རྒྱ་མི་ཆུང་བ་ཞིག་མཆིས། དེ་དག་ནི་རྡོ་གོང་ལས་གྲུབ་པ་ཤ་སྟག་ལ། ལོ་ཟླ་མང་དུ་བདས་པས་རྩིག་རྨང་གི་ཤུལ་མངོན་ཙམ་འགའ་ཤས་ལས། ཕལ་ཆེ་བ་རྡོ་ཕུང་སྤུངས་པའམ་འཐོར་བ་ལྟ་བུར་སྣང་། རྡོ་ཕུང་དང་རྩིག་ཤུལ་ཤས་ཆེར་མངོན་པའི་བྲག་རིའི་རྒྱབ་ནི། ཧ་ཤོར་ལྟ་བུའི་ཉག་ག་ལུང་ཕྲན་ཙམ་ཞིག་བཏོན་འདུག་པས། སྤྱིར་ན་དེ་འདྲའི་སྣང་ཚུལ་ནི། གནའ་བོའི་རྒྱལ་མཁར་ཁྱུང་ལུང་དངུལ་མཁར་དང་གུ་གེའི་རྩ་ཧྲང་མཁར་ལྟ་བུ་ཕལ་ཆེ་བའི་ལྟག་རྒྱབ་ན་ཡོང་གིན་འདུག མཁར་ལྟག་མི་འབེབས་པའི་དགྲ་ཟོན་ཆེད་དུ་མིས་ཉག་ག་གཏོད་པ་ཞིག་ཡིན་ནམ་སྙམ།

མཁར་མོ་ཆེའམ་སྟག་སྣ་རྫོང་མཁར།

  གནའ་ཤུལ་དེའི་མདུན་ན་བཀྲག་གི་གཙང་པོ་ལྷུང་ལྷུང་དུ་འབབ་ཅིང་། གཙང་འགྲམ་གྱི་སྤང་ཐང་ངམ་ན་གཞུང་ནི་ཁོད་ཡངས་ལ། གཞུང་ཐག་རིང་བས་རྟ་ནོར་སྟོང་ཕྲག་གི་རྩྭ་ས་འོས་ངེས་སུ་སྣང་ལ། གཙང་པོའི་བྱང་ངོས་ཀྱི་ཐང་གཞུང་དུ་གནའ་བོའི་མི་སེར་འདུས་སྡོད་ཀྱི་ཤུལ་ཡིན་ནམ་སྙམ་པའི་རྩིག་རྨང་ཙམ་ངོས་ཆོད་དུ་ཡོད་པའི་གནའ་ཤུལ་མང་དུ་སྣང་ཞིང་། དེ་བས་ཤར་ངོས་སུ་ཅུང་ཟད་ཕྱིན་ཚེ་མངའ་རིས་ཀྱི་བྱང་ངོས་རྫོང་ཁག་ཏུ་ཡོད་པའི་གནའ་བོའི་བང་སོའམ་དུར་མཆོད་སྟེགས་བུའི་རྣམ་པ་དང་ཤིན་ཏུ་འདྲ་བའི་གནའ་ཤུལ་ཞིག་ཀྱང་འདུག ཧོམ་དུ་རྡིབ་པའི་ཀོང་མོ་དང་རྡོ་ཕུང་བྱུར་བའི་ཚོམ་བུ་མང་དུ་སྣང་བས། དེའི་ཐང་གཞུང་གི་རྒྱུད་ལ་བང་སོ་མི་ཉུང་བ་ཡོད་ངེས་སུ་འདུག

ལ་ངག་མཚོ་འགྲམ་བང་སོའི་རྡོ་རིང་རེད།

བང་སོའི་དུར་མཆོད་རི་མོ།

གནའ་མིའི་འདུས་སྡོད་ཤུལ་དང་བང་སོའི་ཚོམས།

  གནའ་ཤུལ་དེའི་ནུབ་ངོས་ཀྱི་ལུང་ཤུར་ན་ཕུག་པ་འགའ་ཤས་འདུག་ཅིང་། དེའི་གཡས་གཡོན་གྱི་བྲག་ངོས་སུ་བོན་གྱི་གསལ་བ་དགུ་འཛབ་དང་འགའ་ཤས་སར་མ་ཎི། ཡ་མཚན་སྐྱེ་འོས་པ་ཞིག་ལ་དེང་བོན་པོ་རྣམ་པས་རྟག་ཏུ་བརྗོད་པའི་ཞང་ཞུང་གི་ཡི་གེ་སྨར་ཆེན་དང་ཤིན་ཏུ་འདྲ་བའི་ཡི་གེ་རབ་རིབ་ཅིག་སྣང་། གསལ་བ་དགུ་འཛབ་དང་སྨར་ཡིག་ལྟ་བུ་འདི་དག་དུས་གང་ཙམ་བྲིས་པ་ཞིག་ཡིན་པ་ཤོད་ཚོད་དཀའ་ཡང་ཉེ་རབས་ཤིག་ལ་བྲིས་པ་ནི་མིན་པའི་ཚོར་བ་ངམ་ཤུགས་སུ་སྟེར།

གསལ་བ་དགུ་འཛབ་བོད་ཡིག་དང་སྨར་ཆེན།

  སྐབས་འདིར་གསལ་བ་དགུ་འཛབ་ཀྱི་སྐོར་ཅུང་ཟད་ཞུས་ན་འདི་ལྟར་ཏེ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོཾ་འདུ། ཞེས་ཡི་གེ་འབྲུ་བཅུ་ཡོད་པ་ལྟར་སྣང་ན་ཡང་། འཛབ་བཤད་སལེ་ནི་གཅིག་ཏུ་འདྲེན་པས་དེ་ལ་གསལ་བ་དགུ་འཛབ་ཅེས་བརྗོད་སྲོལ་ཡོད། དེ་ནི་བོན་གྱི་དཔེ་ཆ་སྙན་བརྒྱུད་ཞི་བ་ཨ་གསལ་ཞེས་པའི་ནང་གི་ཡི་དམ་ལྷ་གཙོ་བོ་ཀུན་བཟང་རྒྱལ་བ་འདུས་པའི་མཚན་སྔགས་ཡིན་ལ། ཀུན་བཟང་རྒྱལ་བ་འདུས་པ་ནི་ཞལ་ལྔ་ཕྱག་བཅུ་ཡོད་པའི་བདེ་གཤེགས་ཀུན་འདུས་ཀྱི་ལྷ་ཞིག་ཡིན་པར་བཤད། སྙན་བརྒྱུད་ཞི་བ་ཨ་གསལ་ཟེར་བའི་དཔེ་ཆ་དེ་ནི་དུས་རབས་བཅུ་པའི་གཡས་གཡོན་ཙམ་ལ། ཡུལ་ཞང་ཞུང་ནས་ཡིན་པའི་གྲུབ་ཐོབ་གྱེར་མི་ཉི་འོད་ཟེར་བས་སྙན་རྒྱུད་དུ་ཕབ་པའི་དཔེ་ཆ་ཞིག་ཡིན་ཞིང་། ཁོང་ནས་སྤྲུལ་སྐུ་ལུང་བོན་ལྷ་གཉན་ལ་བརྒྱུད་དེ་དར་ཁྱབ་ཕྱིན་པ་ཞིག་ཡིན། ཁོང་གིས་སྙན་རྒྱུད་དེ་གསུངས་སྐབས་དགུང་ན་ཉི་བརྒྱ་ལྷག་ཙམ་ཕེབས་ཡོད་པར་བཤད་ལ། གྱེར་མི་ཉི་འོད་ནི་དུས་རབས་བརྒྱད་པའི་སྐབས་ཀྱི་དྲན་པ་ནམ་མཁའི་སློབ་མ་ཡིན་པ་ཡང་གསལ། ཡང་ལུགས་གཅིག་ལྟར་ན་ཞང་ཞུང་མེ་རི་ལས། མགོན་པོ་དང་བླ་མ་དབྱེར་མེད་དུ་བསྒྲུབ་པའི་གཟུངས་སྔགས་ཡིན་ཞིང་། དེ་ནི་གྱེར་སྤུངས་སྣང་གཞེར་ལོད་པོས་ཞང་ཞུང་སྙན་རྒྱུད་དང་དུས་མཚུངས་པར་ཡི་གེར་བཏབ་པ་ཞིག་ཡིན་པ་གསུངས། སྣང་གཞེར་ལོད་པོ་ནི་བོན་རང་ལུགས་ལྟར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཞིང་། ཏུན་ཧོང་གཏེར་ཡིག་ལྟར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ཞང་ཞུང་རྗེ་ལིག་མིག་རྐྱ་དང་དུས་མཉམ་པ་ཞིག་ཡིན།

  ཡ་མཚན་སྐྱེ་འོས་པ་ཞིག་ལ་ཉེ་དུས་མངའ་རིས་ཆོས་རྒྱལ་གྱི་ལྟེ་བའི་ཕོ་བྲང་དཀར་དུང་སྐུ་མཁར་ཉི་ཟུང་དང་ཉེ་བའི་མན་ཐང་ཞིག་གི་སྟེང་གསལ་བ་དགུ་འཛབ་ཀྱི་རྡོ་བརྐོས་འགའ་ཞིག་རྙེད་ཡོད་ལ། དེ་ལས་གཅིག་མངའ་རིས་ས་ཁུལ་རྟེན་རྫས་བཤམ་སྟོན་ཁང་ནང་ཉར་ཚགས་གནང་ཡོད།

མངའ་རིས་ས་ཁུལ་རྟེན་རྫས་བཤམ་སྟོན་ཁང་ཉར་བའི་གསལ་བ་དགུ་འཛབ་རྡོ་བརྐོས།

  ཉེ་འཁོར་གྱི་མི་མང་ལ་བཅར་འདྲི་བྱས་པར་མཁར་དེའི་མིང་ལ་མཁར་མོ་ཆེ་ཞེས་ཟེར་ཞིང་ཕུག་པ་དེ་ལ་བོན་མོ་ཕུག་ཅེས་བརྗོད་པར་གྲགས། ཡང་འགའ་ཞིག་གི་མཁར་དང་ཕུག་པ་བཅས་པར་བུ་མོ་མཁར་དང་བུ་མོ་ཕུག་ཅེས་ཟེར་ཞིང་བོན་པོ་རྣམས་ཀྱི་གནས་རེད་ཅེས་བརྗོད་པར་བྱེད། གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་ཞང་ཞུང་སྤོས་རི་ངད་ལྡན་དང་ཉེ་བར། སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་གྱི་ཕོ་བྲང་ཡོད་ཅིང་། ཁོང་སྟངས་དབྱལ་གཉིས་ལ་རིང་ཞིག་སྲས་མ་འཁྲུངས་པས་ཡར་དཀོན་མཆོག་ལ་ཕྱག་མཆོད། མར་ངན་སློང་ལ་སྦྱིན་པ་སོགས་ཆུང་སྲིད་འཛིན་པའི་དམར་དོད་དུ་ཐབས་གང་དྲགས་བྱས་མཐར། རེ་ཞིག་ཙམ་ན་སྲས་མོ་ཞིག་འཁྲུངས་པར་མཚན་བོན་མོ་སྟག་ཟ་ལི་ཝེར་ཞེས་སྲོལ། ཁོང་ཡང་བུ་མིན་པའི་ཡུས་ཀྱི་བོན་མོ་ཕུག་ཏུ་བསྙེན་བསྒྲུབ་ལ་བརྩོན་པས་འབྲས་རྟགས་ལྟ་བུར། བུ་མོ་ནས་བུ་ལ་འགྱུར་བས་མཚན་ལ་ལི་ཤུ་སྟག་རིང་ཞེས་ཞུ་ཞིང་། བོན་གྱི་བླ་དཔོན་མཁས་པ་ཆེན་པོ་ཞིག་ཏུ་འགྱུར་ཞེས་གྲགས། ཁོང་འཁྲུངས་པ་ནས་ལོ་ཉིས་སྟོང་ལྔ་བརྒྱའི་སྐབས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་ཆོས་བསྣུབས་པའི་འགོ་ཚུགས་ཞེས་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་གསུངས། དེ་ལྟར་ན་ལི་ཤུ་སྟག་རིང་བྱོན་ནས་མ་མཐར་ཡང་ལོ་ངོ་སུམ་སྟོང་བརྒྱད་ཙམ་འགྲོ་དགོས་པ་གསལ། བྱ་རུ་ཅན་གྱི་རྒྱལ་པོ་ལས་སྟག་སྣ་རྒྱལ་པོ་ནི་དུས་དེ་ཙམ་ལ་བྱོན་པ་འདོད་དགོས།དེ་བས་མཁར་དང་ཕུག་པར་བོན་མོ་མཁར་དང་བོན་མོ་ཕུག་ཅེས་ཐོགས་ཞེས་བོན་རྣམས་ལ་གྲགས།

  མཁར་ཤུལ་དེ་ནས་གཙང་ཆུ་དེད་དུ་ནུབ་ངོས་སུ་ཅུང་ཟད་ཕྱིན་ཚེ། ཆུ་བོའི་བྱང་ངོས་ན་རི་བོ་ཆེན་པོ་སོག་པོའི་གུར་ཕུབ་པ་ལྟ་བུ་ཞིག་མཆིས་ཤིང་། དེ་ནི་བོན་པོ་རྣམས་ཀྱི་དབྱིངས་ཀྱི་ཡུམ་ཆེན་མོ་གནམ་ཕྱི་གུང་རྒྱལ་མའི་ཕོ་བྲང་ཡིན་ཞེས་རྩ་ཆེ་བར་བརྩི། གནམ་ཕྱི་གུང་རྒྱལ་མ་ནི་སྲིད་པའི་ལྷ་རབས་བསྐྱེད་པའི་ལྷ་མོ་དང་པོའི་གྲས་ཤིག་ཡིན་ཞིང་། འཇིག་རྟེན་སྟེང་གི་བཙོག་ཡུགས་འབག་སྨེ་ནལ་མནོལ་དམེ་སོགས། མི་གཙང་བའི་གྲིབ་རྣམས་དག་པར་བྱེད་པའི་ཁྲུས་ཀྱི་ལྷ་མོ་ལྟ་བུ་ཞིག་ཡིན་ལ། དགུ་ཚིགས་ཀྱི་ཁ་ན་བཞུགས་ཏེ་དུས་ངེས་མེད་དུ་གྲིབ་སེལ་བདུད་རྩིའི་ཆར་རྒྱུན་གཡུ་ཤུག་ལོ་མས། འཇིག་རྟེན་ཁམས་སུ་བྲན་པར་བྱེད་ཅེས་བོན་གྱི་གསུང་རབ་ན་རྒྱུན་དུ་གསལ་བ་ཡིན། བོན་གྱི་ཤོད་སྲོལ་དེ་དག་གོ་དུས། རིག་བྱེད་ཀྱི་སྒྲུང་ལས་རྒྱལ་པོ་སྐལ་ལྡན་ཤིང་རྟས། ཆུ་མོ་གངྒ་མི་ཡུལ་དུ་དྲངས་པའི་གཏམ་རྒྱུད་དག་བློ་ངོར་འཆར་ཡོང་ཞིང་། རྒྱ་གར་བས་གངྒས་སྡིག་གྲིབ་དག་ནུས་པ་དང་། བོན་པོའམ་བོད་པ་དག་གིས་ཁྲུས་ཀྱིས་མི་གཙང་མནོལ་གྲིབ་དག་ནུས་པའི་བསམ་ཚུལ་དག་ནི་མཚུངས་པར་སོང་འདུག་ལ། རྒྱ་གར་བས་རྨ་བྱའི་སྒྲོས་ཁྲུས་ཆུ་གཏོར་ཞིང་། བོན་པོ་དག་གིས་གཡུ་ཤུག་ལོ་མའམ་གོང་མོའི་སྒྲོས་ཁྲུས་ཆུ་གཏོར་བ་ནི། ཡུལ་ལུང་མི་འདྲ་བའི་ཤེས་རིག་གི་སྣང་ཚུལ་ཞིག་ཀྱང་ཡིན་པར་སྣང་། གནམ་ཕྱི་གུང་རྒྱལ་མར་སྤུན་སྲིང་མོ་བརྒྱད་ཡོད་ཅིང་། ཁོང་ནི་ཆེ་ཤོས་ཡིན་ལ་གནས་འབབ་ཀྱང་མཐོ་ཤོས་ཡིན་པ་རེད། དེ་མིན་ཁོང་གི་འོག་མ་ནི་གནམ་སྨན་དཀར་མོ་ཞུ་ཞིང་ཁོང་ནི་རང་རེའི་གླིང་སྒྲུང་ནང་གི་གེ་སར་རྒྱལ་པོའི་ནེ་ནེ་ཡིན་པ་གསལ་བས་ལྷ་མོ་དེ་ཀུན་བོན་པོ་གཅིག་བསྟེན་པ་ཞིག་མ་རེད།

  དཀྱུས་སུ་འཇུག་པར་བྱ་སྟེ། གནམ་ཕྱི་གུང་རྒྱལ་མའི་ཕོ་བྲང་དུ་འདོད་བའི་རི་བོའི་མདུན་གཞོལ་གདུང་སྣ་ཞིག་གི་སྟེང་། རྡོ་རྩིག་མཆོད་རྟེན་གསུམ་ཙམ་འདུག་ཅིང་། དེ་དག་གི་ནང་སོ་བཏང་བའི་རྫ་མའི་ས་ཙྪ་མི་ཉུང་བ་མཆིས། ཤོད་སྲོལ་ལ་དེའི་མདུན་གཞོལ་ན་མའི་ནང་། ས་ཙྪ་མཐེའུ་ཆུང་གི་རྩེ་ཙམ་ཡོད་པ་ཐོར་རེ་བ་རྙེད་དུ་ཡོད་ལ། སྨན་ཏྲི་ཕྱག་ཙྪ་ཞེས་མཚོན་སྲུང་ཐུབ་པར་གྲགས་ཤིང་ཤིན་ཏུ་རྩ་ཆེ་བའི་བྱིན་རྟེན་ལ་བརྩི་སྲོལ་ཡོད།

སྨན་ཏྲིའི་ཕྱག་ཙྪ།

  ས་ཙྪ་དེ་ནི་སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བཏབ་པར་འདོད་ལ། འགས་པཎྜི་ཏ་སྨྲི་ཏི་ཛྙ་ནས་བཏབ་པ་ཡིན་ཞེས་ཀྱང་ཟེར། ཇོ་བོའི་ལམ་ཡིག་ཁག་ན་འགོ་ཚུགས་ཀྱི་ཕུག་མོ་ཆེར་ཇོ་བོ་རྗེ་ཉིན་བདུན་བཞུགས་ཏེ། ཁཱ་སར་པ་ཎི་ཆུ་སྦྱིན་མཛད་ཅེས་གསལ་བ་ལས། ཤར་ངོས་སུ་བཞུགས་ཡོད་མིན་ནི་ཞིབ་ཆ་མི་གསལ། པཎྜི་ཏ་སྨྲི་ཏི་ཛྙ་ན་མངའ་རིས་སུ་ཕེབས་ཡོད་མིན་གྱི་སྐོར་ཞིབ་པར་ཞུ་རྔོ་མ་ཐོགས་ཀྱང་། བོན་རྣམས་ཀྱིས་ས་ཙྪ་དེ་དག་ནི། སྔོན་ཞང་ཞུང་གི་དུས་སུ་སྟག་གཟིག་ནས་ཕེབས་པའི་དྲང་སྲོང་ཡེ་ཤེས་ཚུལ་ཁྲིམས་ཞུ་བས། ཞང་ཞུང་ཙི་ནའི་སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་གྱིས་སྦྱིན་བདག་མཛད་ནས། ད་ལྟའི་བཀྲག་གཙང་པོའི་ལུང་པའི་འགོ་རྔ་ཙམ་ལ་ལི་ངུར་ལྷ་རྩེ་སོགས། བོན་གྱི་དྲང་སྲོང་འདུས་པའི་དགོན་སྡེའམ་གསས་མཁར་མི་ཉུང་བ་བཏབ་ཅིང་། སྐབས་དེར་དྲང་སྲོང་རྣམས་ཀྱིས་བཞེངས་པའི་ས་ཙྪ་ཡིན་ཞེས་ཀྱང་ཟེར་བས། གང་ཡིན་མཐའ་གཅིག་ཏུ་ངེས་དཀའ་ཡང་ཤོད་སྒྲོས་འགའ་ཞིག་ཡོད་པ་ནི་དངོས་བདེན་ཡིན།

  མཁར་དང་གནའ་ཤུལ་དེ་དག་ཀུན། འབྲི་གུང་པ་ཞི་བའི་བློ་གྲོས་ཞབས་ཀྱིས་མཛད་པའི་གངས་རི་དཀར་ཆག་ཤེལ་དཀར་མེ་ལོང་ལྟར་ན། སྤོས་རི་ངད་ལྡན་དུ་འབོད་པའི་རི་བོ་དེའི་མདུན་ན་མཆིས་ཤིང་། རྒྱབ་རི་རྩེ་འཛིན་ནི་རི་བོ་དེ་ཉིད་ཡིན་ལ། མདུན་ན་བཀྲག་གི་གཙང་པོ་དལ་གྱིས་འབབ་ཅིང་མཐོངས་ཡངས་ལ་བརྗིད་ཆགས་པ། ལྷག་པར་དེ་དང་ཉེ་བར་རང་བྱུང་གི་ཆུ་ཚན་མང་བས། འཚོ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པོ་ཞིག་ཆགས་ཡོད།

རི་བོ་སྤོས་ངད་ལྡན།

གནམ་ཕུར་བས་མ་ཕམ་གཡུ་མཚོའི་འགྲམ་ནས་སྦྱར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།