བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ཀྱི་ཤོད་སྲོལ་ལས་བརྒལ་བའི་གནའ་རྫས་མང་པོ་ཐོན་བཞིན་ཡོད།

[ཟླ་ཚེས། 2023-08-25 20:56:56][རྩོམ་པ་པོ། བཀྲ་ཤིས་ཚེ་རིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  དེའང་ཕྱི་རབས་རྗེས་འཇུག་པ་ཚོས་སོ་སོའི་གྲུབ་མཐའི་ཆེ་བ་འདོན་ཕྱིར་དང་། ཆོས་སྲིད་ཟུང་འབྲེལ་བ་ཚོས་བོད་འབངས་རྣམས་རྨོངས་སུ་འཇུག་ཅིང་། སྐྱེས་ཆེན་དམ་ཁག་གི་མཚན་སྙན་གཡར་ཏེ་ལོ་རྒྱུས་ལྷ་སྒྲུང་དུ་གྱུར་བའི་《བཀའ་ཆེམས་ཀ་ཁོལ་མ》དང《མ་ཎི་བཀའ་འབུམ》ལྟ་བུའི་བོད་ཀྱི་ལོ་རྒྱུས་ཁག་ཏུ་ཡོངས་གྲགས་ལྟ་བུ་ཆགས་པའི་བོད་ཀྱི་ལོ་རྒྱུས་ལྷད་བསྲེས་པ་མང་པོ་ཡོད་ཀྱང་གལ་ཆེ་བ་འགའ་ཞིག་འགོད་ན།

  དང་པོ་མཐོ་སྒང་གངས་ཅན་བསིལ་མོའི་ལྗོངས་སུ་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ་མཐོ་སྒང་བོད་ཡུལ་དུ་འགྲོ་བ་མི་མེད་པར་བཤད་པ་དང་། གཉིས་པ་འབྲུ་སྣ་ལྔའི་ས་བོན་འཕགས་པ་སྤྱན་རས་གཟིགས་སམ་རྒྱ་ཟ་ཀོང་ཇོས་ཁྱེར་ཡོང་བ་དང་། གསུམ་པ་དར་སྣ་ལྔ་རྒྱ་ཟ་ཀོང་ཇོས་བསྣམས་ཡོང་བ་དང་། བཞི་པ་སྲོང་བཙན་སྒམ་པོའི་ལོ་རྒྱུས་རྫུན་བཟོ་དང་འབྲེལ་བའི་ཡི་གེ་ཐོན་མི་སམ་བྷོ་ཊས་གསར་དུ་བཟོས་ཏེ་བརྩམས་པ་དང་། ལྔ་པ་ཇ་དང་དཀར་ཡོལ་འདུས་སྲོང་མང་པོ་རྗེའི་སྐབས་སུ་རྒྱ་ཡུལ་ནས་བོད་དུ་དྲངས་པ་དང་། དྲུག་པ་ལྷ་སྐུའི་བཟོ་རྒྱུན་ནི་ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་ཀྱི་བུ་དང་བུ་མོ་མཛེས་ཤོས་བདམས་ཏེ་ལྷ་སྐུ་བཟོ་སྲོལ་བྱུང་བ་དང་། བདུན་པ་ཐོག་ལྕགས་ཀྱི་རིགས་ནི་གནམ་ནས་ཐོག་རྒྱབ་སྟེ་ས་ལ་ལྷུང་ཞིང་ཕྱིས་སུ་ས་ཐོག་ཏུ་ཕྱིར་ཐོན་པ་དང་། བརྒྱད་པ་གཟི་ནི་འབུ་སྲིན་ཁྲ་བོའི་རིགས་གཟི་རུ་གྱུར་པ་དང་། དགུ་པ་མི་ལ་རས་པ་དང་ན་རོ་བོན་ཆུང་གི་བར་དུ་གྲུབ་རྩལ་འགྲན་པ་དང་། བཅུ་པ་རིག་པའི་གནས་ཆེན་ལྔའི་ཐ་སྙད་ཀྱི་སྡོམ་ཚིག་ནི་ས་པཎ་གྱིས་གཏན་ལ་ཕབ་པའི་ཚུལ་བཅས་སོ།།

  གོང་གི་དོན་ཚན་དང་པོ་ནས་བཞི་པའི་བར་གྱི་ཤོད་སྲོལ་ཐོག་མར་《བཀའ་ཆེམས་ཀ་ཁོལ་མ》དང《མ་ཎི་བཀའ་འབུམ》ལས་བྱུང་ཞིང་། དེས་ནས་འདིར་《བཀའ་ཆེམས་ཀ་ཁོལ་མ》དང《མ་ཎི་བཀའ་འབུམ》མཚམས་སྦྱོར་རོམ་ཙམ་གླེང་ན་འདོད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། སྲོང་བཙན་སྒམ་པོའི་གསུང་དུ་འདོད་པའི་《བཀའ་ཆེམས་ཀ་ཁོལ་མ》དང《མ་ཎི་བཀའ་འབུམ》གཉིས་ཀྱིས་བོད་མི་རིགས་དང་རྒྱལ་པོའི་ཁུངས་ནི་ཆོས་ཀྱི་འགོ་ཁུངས་དང་མཐུན་པར་རྒྱ་གར་ལ་གཏུགས་ཏེ། ཆབ་སྲིད་ཀྱི་དགོས་དབང་ལྟར་བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་དང་མ་ལག་བསྐྱར་བཟོ་ཐེངས་གཅིག་བྱས་ཡོད་ཚོད་འདུག ཅེས་གསུངས་པས་དོན་ལ་གནས་ཤིང་མཁས་དབང་མཆོག་གིས་དྲང་བདེན་གྱི་གསུངས་ཤིག་ཏུ་ངེས། དེ་བཞིན་ཁ་རྒྱུན་དུ། ཆུ་ཚོག་པའི་སྣོད་ཡོད་ནའང་། གཏམ་ཚོག་པའི་སྣོད་མེད། ཅེས་ཤོད་སྲོལ་ལྟར། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཀ་བཀོལ་མའི་ཕྱི་མོ་ནུབ་ནས་ཕྱིས་ལྷ་སའི་དཀོན་གཉེར་གྱི་ངག་ལས་བྲིས་ཟེར་བ་སོགས་དུ་མ་སྣང་བའི་ཕྱིར་རོ།། ཞེས་གསུངས་པས་《བཀའ་ཆེམས་ཀ་ཁོལ་མ》དང《མ་ཎི་བཀའ་འབུམ》གཉིས་ཀྱི་འགོ་ནས་འཇུག་གི་བར་དུ་དཀོར་གཉེར་ཁ་བདེ་ཅན་ཞིག་གིས་རྟེན་བཤད་རྒྱབ་པའི་ལྷ་སྒྲུང་གི་རྣམ་པ་ཞིག་ལས་དོན་དངོས་ཀྱི་ལོ་རྒྱུས་ཤིག་ཏུ་མིན་པ་ནི། སྤུ་རྒྱལ་སྲོང་བཙན་སྒམ་པོའི་སྐོར་གྱི་ལོ་རྒྱུས་ནི་ཏུན་ཧོང་གི་ཡིག་རྙིང་དང་། རྒྱ་ནག་གི་ཐང་ཡིག་གསར་རྙིང་། བོད་ཀྱི་ལོ་རྒྱུས་ཡིག་རྙིང་རིན་ཐང་ཅན་དང་ཕན་ཚུན་དཔྱད་སྡུར་གྱིས་དང་ཧ་གོ་དོན་གསལ་ལྟར་ཡིན་ཞིང་། དུང་དཀར་ཚིག་མཛོད་ཆེན་མོ་ལས། 《ཀ་ཁོལ་མ》བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ལོ་རྒྱུས་དཔེ་ཆ་ཞིག་གི་མིང༌། འདི་ལ་ཡོངས་གྲགས་ཀྱི་བཤད་སྲོལ་ནི། རྒྱལ་པོ་སྲོང་བཙན་སྒམ་པོ་མྱ་ངན་ལས་འདས་ཁར་དབོན་སྲས་མང་སྲོང་མང་བཙན་དང༌། མོང་བཟའ། ཐོན་མི། བློན་པོ་རྣམས་དང༌། བོད་འབངས་སྤྱི་བཅས་ལ་ཞལ་ཆེམས་སུ་གསུངས་པ་རྣམས་ལྷ་ས་གཙུག་ལག་ཁང་གི་ཀ་བ་ཤིང་ལོ་ཅན་གྱི་གསེབ་ཏུ་སྦས་ནས་བཞག་པ་དུས་རབས་བཅུ་གཅིག་པའི་མགོར་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ནས་ལྷ་སར་བཞུགས་པའི་སྐབས་ཤིག་སྤྲང་མོ་སྨྱོན་མ་ཞིག་གིས་ལུང་བསྟན་པ་ལྟར། དེའི་ནང་ནས་བཏོན་པ་གནང་ཐོག རྣལ་འབྱོར་པ་སོགས་སློབ་མ་བཞི་ལ་ལས་བགོས་ཀྱིས་ཉིན་གཅིག་ལ་བཤུ་གང་ཐུབ་མཛད་རུང་མཇུག་ཅུང་ཟད་བཤུ་མ་ཐུབ་པར་ལུས་ཤིང༌། སླར་ཡང་སྔར་གྱི་རང་གནས་སུ་འཇོག་པ་གནང་བ་དེ་ལས་དཔེ་རྒྱུན་རིམ་པར་འཕེལ་བས《བཀའ་ཆེམས་ཀ་ཁོལ་མ》ཞེས་གྲགས་པ་ཡིན་ཟེར། ཡང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་མཁས་པ་འགའ་ཞིག་གིས་གསུང་རྒྱུན་ལ་སྐབས་དེའི་མ་དཔེ་མང་པོ་འཕེལ་རྒྱས་མ་བྱུང་བའི་ཐོག་ཉུང་ཤས་ཡོད་པ་དེ་ཚོ་བརླག་སྟོར་སོང་སྟེ་དེང་སང་མཐོང་རྒྱུ་ཡོད་པའི་བཀའ་ཆེམས་འདི་གཙུག་ལག་ཁང་གི་དཀོན་གཉེར་ཞིག་གི་ངག་རྒྱུན་ལྟར་བྲིས་པ་ཡིན་སྟབས་ཁུངས་མ་དག་པ་དང་ཡི་གེ་ནོར་བ་མང་པོ་ཡོད་པའི་རྒྱུ་མཚན་དེ་ཡིན་གསུངས། གང་ལྟར་དེའི་ནང་གལ་ཆེའི་ལོ་རྒྱུས་མང་པོ་གསལ་བ་དཔེར་ན། རྒྱལ་པོ་སྲོང་བཙན་སྒམ་པོ་དགུང་ལོ་ཞེ་བཞི་ལས་མ་བཞུགས་པ་དང༌། བཙུན་མོ་བགྲེས་ཤོས་མོང་བཟང་ཡིན་པ་དེ་ལ་གུང་རི་གུང་བཙན་འཁྲུངས་པ། བལ་བཟའ་བཙུན་མོ་ལྔ་པ་དང་རྒྱ་བཟའ་བཙུན་མོ་དྲུག་པ་ཡིན་པ། གཙུག་ལག་ཁང་གི་ཀ་གདུང་ངོས་སུ་བྲིས་པའི་གབ་ཚིག་གི་ནང་དོན་དང་རི་མོའི་འགྲེལ་བཤད་གསལ་པོར་བྲིས་པ་སོགས་རེད། འོན་ཀྱང་དེའི་ནང་དུ་དམངས་ཁྲོད་ཀྱི་ངག་རྒྱུན་ཁུངས་མེད་པ་འགའ་ཞིག་བྲིས་ཡོད་པ་དེ་ཚོ་ནི་ལོ་རྒྱུས་ཀྱི་འཁྱོག་བཤད་བྱས་པ་ཞིག་ཡིན་པས་འདིར་བཀོད་ཀྱང་དགོས་པ་མི་འདུག་སྙམ་ནས་མ་བྲིས་སོ། །ཞེས་པ་རྣམས་ནི་མཁས་དབང་གི་དུང་དཀར་མཆོག་གིས་གསུངས་ཡིན་ཤ་དག་ཡིན་ཞིང་། དེ་བཞིན《མ་ཎི་བཀའ་འབུམ》ནི་གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མ་དུ་གྲགས་ཀྱང་། དོན་དུ་དཔེ་ཆ་འདི་ཉིད་ནི་གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་ཆོས་མང་དག་ཅིག ཉང་རལ་ཉི་མ་འོད་ཟེར་གྱིས་བསྲེ་ལྷད་བསྒྱུར་གསུམ་བྱས་པའི་ལོ་རྒྱུས་ཡོད་པ་དང་། འདི་ནི་བཀའ་ཆེམས་ཀ་ཁོལ་མ་ལ་ཕུག་བཅོལ་ཏེ་ཉང་རལ་གྱིས་བྲིས་པ་ཞིག་ཡིན་ངེས་འདུག་ལ། དེ་བཞིན་གཏེར་ཆོས་ཀྱི་སྐོར་ནི། ལྷ་བླ་ཡེ་ཤེས་འོད་ཁུ་དབོན་དང་། འགོས་ཁུག་པ་ལྷས་བཙས། ཆག་ལོ། བུ་སྟོན་རིན་ཆེན་གྲུབ་པ། འབྲི་གུང་དཔལ་འཛིན་སོགས་ཀྱིས་སྔགས་ལོག་གཏེར་རྫུན་སུན་འབྱིན་གྱི་རྩོམ་ཡིག་མང་པོ་བྱུང་བ་ལྟར་གུ་རུའི་བཀའ་ཐང་རྫུན་མ་དང་སྔགས་ལོག་མང་དུ་བྱུང་བའི་ཚུལ་གསུངས་པར་དཔྱད་རིན་ཤིན་ཏུ་ཆེ། མདོར་ན་བཀའ་ཆེམས་ཀ་ཁོལ་མ་ནི་ལོ་རིང་བའི་དབང་དུ་གཏོང་ནའང་སྤྱི་ལོའི་དུས་རབས་བཅུ་གཅིག་དང་བཅུ་གཉིས་ནས་ལས་མི་བརྒལ་མོད། ཤོད་སྲོལ་དེ་དག་གི་རྗེས་སུ་འབྲངས་མཁན་གྱི་བོད་ཀྱི་གྲགས་ཅན་ཆོས་འབྱུང་ནི། བཀའ་གདམས་ཆོས་འབྱུང་། ཐུབ་བཀྭན་གྲུབ་མཐའ། ལྡེའུ་རྒྱ་བོད་ཆོས་འབྱུང་། བཀའ་ཐང་སྡེ་ལྔ་སོགས་སློབ་དཔོན་པདྨའི་བཀའ་ཐང་ཀུན། ཤེས་བྱ་ཀུན་ཁྱབ། བཤད་མཛོད་ཆེན་མོ། རྒྱ་བོད་ཡིག་ཚང་ཆེན་མོ། རྒྱལ་རབས་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོ། རྒྱལ་རབས་གསལ་བའི་མེ་ལོང་། རྒྱལ་རབས་གསེར་གྱི་ཕྲེང་བ། སྔོན་གྱི་གཏམ་མེ་ཏོག་ཕྲེང་བའམ་ནེའུ་ཆོས་འབྱུང་། ཆོས་འབྱུང་མེ་ཏོག་སྙིང་པོའམ་ཉང་གི་ཆོས་འབྱུང་། དེབ་ཐེར་སྔོན་པོ། དེབ་ཐེར་དཀར་པོ། ཡར་ལུང་ཇོ་བོའོ་ཆོས་འབྱུང་། ཀློང་ཆེན་ཆོས་འབྱུང་། པད་དཀར་ཆོས་འབྱུང་། བུ་སྟོན་ཆོས་འབྱུང་། ལེགས་བཤད་ནོར་ཕྲེང་། ལྡེའུ་ཇོ་སྲས་ཆོས་འབྱུང་། ཆོས་འབྱུང་མཁས་པའི་དགའ་སྟོན། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་ཀླུ་དབྱངས། ཆོས་འབྱུང་བསྟན་པའི་ཉིན་བྱེད་སོགས་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་གྲགས་ཅན་ཁག་གིས་ཕུགས་བཅོལ་ས་གཙོ་བོའི་ཡིག་ཆ་འདི་ཡིན་ཞིང་ཕྱི་རབས་པ་ཚོས་འདི་དག་ནི་ལོ་རྒྱུས་ཡང་དག་ཅིག་ཡིན་ཤར་ཤར་བྱས་ཡོད། དེས་ན་ད་ལྟ་ང་ཚོས་མིག་མཐོང་ལག་ཟིན་ལྟར་《བཀའ་ཆེམས་ཀ་ཁོལ་མ》དང《མ་ཎི་བཀའ་འབུམ》གཉིས་ནས་གོང་གི་ཤོད་སྲོལ་དེ་ནི་ལྷ་སྒྲུང་ཤིག་ལས་ལོ་རྒྱུས་དངོས་མ་མིན་པའི་སྒྲུབ་བྱེད་དཔེར་མཚོན་ཙམ་དུ་ཡ་ཟུང་གླེང་ན།

  དང་པོ་མཐོ་སྒང་གངས་ཅན་བསིལ་མོ་ལྗོངས་སུ་འགྲོ་བ་མི་ནི། ད་ལྟ་མངོན་སུམ་ཚན་རིག་གི་བདེན་དཔང་བྱས་པའི་དེང་མི་ནི་མདོ་སྨད་རྒན་བྲག་དཀར་ནས་ཐོན་པའི་མིའི་འགྲམ་རུས་ལ་མི་ལོ་གཅིག་འབུམ་དྲུག་ཁྲིའི་ཡན་ཕྱིན་ཡོད་པ་དང་། བོད་ལྗོངས་ཤན་རྩ་རྫོང་གི་ཉྭ་དེའུ་གནའ་ཤུལ་དུ་ལོ་བཞི་ཁྲིའི་གོང་དུ་འགྲོ་བ་མི་འཚོ་གནས་བྱས་པའི་བདེན་དཔང་རྙེད་ཡོད། སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་ནས་ད་བར་དུ་ལོ་གཉིས་སྟོང་ལྔ་བརྒྱ་ལྷག་ཙམ་བྱུང་མེད་པ་ནི་ལོ་རྒྱུས་ཡོངས་གྲགས་སུ་ཆགས་པས། སྟོན་པ་བཅོམ་ལྡན་འདས་ཀྱི་སྐབས་སུ་བོད་ཡུལ་དུ་འགྲོ་བ་མི་མེད་ཅེས་པ་དེ་ལྷ་སྒྲུང་དུ་ཆགས་ཟིན་ཏོ།།

  གཉིས་པ་འབྲུ་སྣ་ལྔ་དང་གསུམ་པ་དར་ཟབ་ནི། ཆབ་མདོ་མཁར་རོ་གནའ་ཤུལ་དུ་ལོ་ངོ་བཞི་སྟོང་གོང་དུ་འབྲུ་སྣ་རྙེད་སོན་བྱུང་བ་མ་ཟད། ལྷ་སའི་ཆུ་གོང་གནའ་ཤུལ་དུ་ལོ་ངོ་བཞི་སྟོང་གོང་དུ་ཞིང་ལས་ཀྱི་ཤེས་དཔལ་ཚད་གཞི་གང་མཚམས་མཐོ་པོ་སླེབས་ཡོད་པའི་ར་སྤྲོད་བྱས་ཡོད། དེ་བཞིན་མངའ་རིས་ཁུལ་དུ་གནའ་བོའི་བང་སོའི་ཁྲོད་དུ་རྫ་ཆས། ཤིང་ཆས། ལྕགས་གསེར་ཟངས་ལིའི་ཆས་དང་། གཟི་གཡུ་ཤེལ་མཆོང་གི་རྒྱན་ཆས། དར་ཟབ་ཀྱི་རིགས་མི་འདྲ་བ་དུ་མ། འབྲུ་སྣ་ལྔའི་རིགས་སོགས་དངོས་རྫས་འབོར་ཆེན་ཐོན་པས། དེ་དག་ལོ་ངོ་སུམ་སྟོང་ལྔ་བརྒྱའི་གོང་ནས་ལོ་ངོ་ཐུང་ཤོས་དག་གཅིག་སྟོང་སུམ་བརྒྱའི་གཡས་གཡོན་བར་གྱི་དངོས་རྫས་ཡིན་པའི་དཔྱད་འབྲས་ཐོན་ཡོད། འདིར་དཔེར་མཚོན་ཙམ་ལས་དེ་བཞིན་བོད་ཡུལ་སྟོད་སྨད་དུ་ལོ་ངོ་སྟོང་ཕྲག་མང་པོ་གོང་གི་གནའ་བོའི་དངོས་རྫས་ཐོན་པ་བརྗོད་ཀྱིས་མི་ལང་ངོ་།།

  བཞི་པ་ནི་སྤུ་རྒྱལ་སྲོང་བཙན་སྒམ་པོ་ནི་ཕོ་རྩལ་སྣ་དགུ་འཛོམས་པའི་ཆབ་སྲིད་པ་གྲགས་ཅན་ཞིག་ཏེ། མཐོ་སྒང་བསིལ་མོའི་ལྗོངས་སུ་ཁ་ཐོར་དགུ་ཐོར་དུ་སོང་བའི་རྒྱལ་ཕྲན་ཚང་མ་གཅིག་གྱུར་ཏུ་བཟོ་མཁན་གྱི་དཔའ་བོ་སྙིང་རྗེ་མེད་མཁན་ཞིག་ཡིན་པ་ལས། དབུ་ལ་འོད་དཔག་མེད་ཀྱི་དབུ་མངའ་བའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པའི་ལྷ་ཆོས་དགེ་བཅུའི་ཁྲིམས་སྲོལ་བཙུགས་མཁན་གྱི་བྱང་ཆུབ་སེམས་དཔའ་ཞིག་དང་། བུད་མེད་ཀྱི་ཁ་ལ་ཉན་ཞིང་གོ་རའི་རྩ་རུ་སྡོད་བཏང་མཁན་གྱི་རྒྱལ་པོ་མདོ་མེད་ཅིག་མིན་ལ། དགུང་ལོ་སུམ་ཅུ་སོ་དྲུག་ནས་སོ་བཞི་བར་དུ་བཞུགས་པའི་ཚུལ་ནི་ཏུན་ཧོང་ཡིག་རྙིང་དང་རྒྱའི་ཐང་ཡིག་བོན་གྱི་དཔེ་རྙིང་རྣམས་སུ་གསལ་བས་དགུང་ལོ་བརྒྱད་ཅུ་རྩ་གཉིས་བཞུགས་པའི་ལོ་རྒྱུས་དེ་རྫུན་སྒྲུང་དུ་གྱུར་ཟིན། མ་ཟད་སྲོང་བཙན་གྱི་སྐབས་སུ་བོད་ཀྱི་ཡི་གེ་ཞེས་པའི་མིང་དེ་གསར་དུ་བཟོས་སྲིད་ཡོད་ནའང་། ཐོན་མི་སམ་བྷོ་ཊ་ཟེར་བའི་བློན་པོ་བོད་ཡིག་བཟོ་མཁན་གྱི་ལོ་རྒྱུས་མི་སྣ་ཞིག་《བཀའ་ཆེམས་ཀ་ཁོལ་མ》ཡི་གོང་གི་ཡིག་ཆའི་ཁྲོད་དུ་མིང་ཙམ་དུ་ཐོན་མེད་ནའང་ཕྱིས་སུ་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་གྱུར་པས། བློ་གཟུ་བོར་གནས་པའི་མི་བུ་ཞིག་ཡིན་ཚུན་དཔྱད་པ་གཏོང་རིན་ཤིན་ཏུ་ན་ཆེ། ད་ལྟ་བོད་ཡུལ་སྟོད་སྨད་དུ་རྡོ་རིང་ཡི་གེ་དང་། དངོས་རྫས་ཐོག་ཏུ་ཡི་གེ་ཡོད་པ་དང་། གནའ་བོའི་བྲག་རྐོས་བྲག་ངོས་ཡི་གེ་སོགས་བོད་ཡིག་ཡོད་པའི་གནའ་རྫས་མང་པོ་ཞིག་ཚན་རྩལ་གྱིས་ལོ་ཚིག་གཏན་ཁེལ་ཐུབ་ཡོད་ནའང་། བང་སོའི་རྡོ་རིང་དང་བང་སོའི་ནང་དུ་ཐོན་པའི་ཡི་གེ ཤིང་བྱང་ཡི་གེ། བྲག་རྐོས་དང་རི་མོའི་ཡི་གེ་མང་པོ་ཞིག་ཐོན་དང་བཞིན་པ་ཡིན་ནའང་ཚན་རྩལ་འཕྲུལ་ཆས་ཀྱིས་བརྟག་དཔྱད་མ་ཐུབ་ལུས་པ་དང་། གོ་སྐབས་མ་ཐོབ་ཅིང་དཔྱད་འབྲས་མ་ཐོན་པ་མ་གཏོགས། གནའ་ཤུལ་དང་གནའ་རྫས་ཀྱི་ཁྲོད་དུ་བོད་ཡིག་མ་ཐོན་པ་རྩ་ནས་མིན་ཞིང་། དེ་ནི་བོན་གྱི་ཡིག་རྙིང་ཁག་ལ་ཡིད་ཆེས་མེད་པའི་སྐྱོན་ཙམ་དུ་མ་ཟད། བོད་པའི་ཞིབ་འཇུག་པ་དང་མི་ཆེན་མང་པོ་ཞིག་གིས་ད་ལྟ་བོད་འདི་ཤེས་དཔལ་ལྡན་པའི་ལོ་རྒྱུས་ཐུང་དུ་གཏོང་ཅི་ཐུབ་ཏུ་བྱེད་དོན་ནི། བོད་ཀྱི་ལོ་རྒྱུས་མང་པོ་ཞིག་རྫུན་སྒྲུང་དུ་གྱུར་ཏེ་རྩ་སློག་གཏོང་ཡོང་སྙམ་པའི་སེམས་ཚབ་ཀྱིས་ཁྱབ་བསྒྲགས་བྱེད་འདོད་མེད་པ་ནི་ཤེས་གསལ་ལྟར་ཡིན་ནའང་། ད་དུང་སོ་སོའི་སློབ་མ་རྣམས་ལ་སློབ་གསོ་ནན་ལྟར་དུ་འདེབས་ཤིང་ལ་རྒྱ་དུ་འཛིན་པའི་ཚུལ་འདི་ནི་འུ་ཐུག་པའི་གཏམ་ཞིག་ཅི་ལ་མིན། ད་དུང་རྒྱ་བཟའ་འུན་ཤིང་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་གྱི་ལོ་རྒྱུས་རྫུན་སྒྲུང་དུ་བཟོས་པའི་སྐོར་སོགས་འཁོད་ཡོད་ནའང་འདིར་ཡིག་ཚོགས་མང་བར་དོགས། དེས་ན་སྤུ་རྒྱལ་སྲོང་བཙན་སྒམ་པོ་ལྟ་བུའི་གྲགས་པ་ཆེ་བའི་རྒྱལ་པོ་ཞིག་གིས་མིང་གཡར་ཏེ《བཀའ་ཆེམས་ཀ་ཁོལ་མ》དང《མ་ཎི་བཀའ་འབུམ》གཉིས་ཀྱིས་ཕྱིས་སུ་ཆོས་སྲིད་ཟུང་འབྲེལ་སྐབས་ཀྱི་མངའ་འབངས་བློ་དམན་བ་རྣམས་ལ་རྨོངས་སུ་འཇུག་བྱེད་ཀྱི་ལོ་རྒྱུས་ངོ་མ་ཞིག་ཏུ་ཆགས་ཡོད་ནའང་། ཁ་རྒྱུན་དུ། ནམ་ལངས་པར་སྤར་མོས་འགེབས་མི་ཐུབ། ཅེས་པའི་དཔེ་ལྟར་ད་ལྟའི་ཚན་རྩལ་གྱི་སྤྱི་ཚོགས་ཁྲོད་དུ་གནའ་བོའི་མཐོ་སྒང་བོད་ཀྱི་ཤེས་དཔལ་གྱི་ལོ་རྒྱུས་རིང་དུ་རིང་དུ་འགྲོ་བའི་བདེན་དཔང་ལོ་ལྟར་མང་དུ་མང་དུ་འགྲོ་བའི་ཚུལ་འདིས། བོད་ཀྱི་མཁས་རྒན་མང་པོ་ཞིག་གིས་ལ་རྒྱ་མི་དོར་དཀའ་མེད་དུ་ཆགས་བཞིན་ཡོད་པས་ཏོག་ཙམ་བག་ཡོད་དུ་བཞུགས་ཤེས་ནས་མི་ལེགས་སམ། སྔོན་གྱི་སྤྱི་ཚོགས་ནང་ལྟར་མི་ཆེན་ཚོས་འབངས་ལ་གང་བཤད་བཤད་ལྟར་ད་ལྟའི་སྤྱི་ཚོགས་དང་མི་འདྲའོ།།

  ལྔ་པ་ཇ་དང་དཀར་ཡོལ་ནི་དུས་རབས་བརྒྱད་པར་འདུས་སྲོང་མང་པོ་རྗེའི་སྐབས་སུ་རྒྱ་ཡུལ་ནས་བོད་དུ་དྲངས་པའི་ཚུལ་ནི་སྟག་ཚང་དཔལ་འབྱོར་བཟང་པོས་བརྩམས་པའི་རྒྱ་བོད་ཆོས་འབྱུང་སོགས་ལ་འཁོད་ཅིང་བོད་ཀྱི་དམངས་ཁྲོད་དུ་གྲགས་ཆེ་བ་ཞིག་ཡིན་མོད། དེ་ནི་བོན་གྱི་ལོ་རྒྱུས་ནང་དུ་ཇའི་ལོ་རྒྱུས་རིང་པོ་ཡོད་པའི་ཚུལ་འཁོད་པ་མ་ཟད་༢༠༠༦ལོའི་གུ་རུ་གྱམ་གྱི་བང་སོ་ཁྲོད་དུ་རིག་དངོས་རྩ་ཆེན་མང་པོ་ཐོན་པའི་ཁྲོད་དུ་ཇ་ལོ་ཐོན་པས། དངོས་རྫས་དེ་དག་ས་འོག་ཏུ་ལོ་ངོ་གཅིག་སྟོང་བདུན་བརྒྱའི་གཡས་གཡོན་དུ་ཕྱིན་པ་དང་། ་ཇ་ལོ་ནི་ད་ལྟའི་བར་དུ་ལོ་ངོ་གཅིག་སྟོང་བརྒྱད་བརྒྱའི་གཡས་གཡོན་དུ་འགྲོ་བའི་ཚན་རིག་པས་དཔྱད་འབྲས་ཀྱི་བདེན་དཔང་བྱུང་ཞིང་། ཀྲུང་གོའི་ནུབ་་ཁུལ་ཏུ་ཇ་ལོ་སྔ་ཤོས་དེ་ཡིན་པ་ཡོངས་གྲགས་སུ་ཆགས་པ་དང་འགའ་ཞིག་གིས་ཀྲུང་གོ་ཁྱོན་ཡོངས་ཀྱི་མངོན་སུམ་སྟོན་རྒྱུ་ཡོད་པའི་ཇ་ལོ་ནི་གུ་རུ་གྱམ་གྱི་བང་སོར་ཐོན་པའི་ཇ་ལོ་དེ་སྔ་ཤོས་སུ་ཡིན་པར་བརྗོད་དོ།།

  དྲུག་པ་ལྷ་སྐུའི་བཟོ་རྒྱུན་ནི་ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་ཀྱི་བུ་དང་བུ་མོ་མཛེས་ཤོས་བདམས་ཏེ་བཟོས་པའི་སྐོར་པདྨ་བཀའ་ཐང་སོགས་བོད་ཀྱི་ལོ་རྒྱུས་ཤོད་སྲོལ་དུ་འབུར་དུ་ཐོན་པ་ཞིག་ཡིན་ནའང་། ༢༠༠༤ལོར་མངའ་རིས་ཁུལ་ལོ་རྒྱུས་ནང་ནས་བྱུང་བའི་ཞང་ཞུང་གི་མཁར་ཁྱུང་ལུང་དངུལ་མཁར་ཏེ་མཁར་གདོང་གི་གནའ་ཤུལ་དུ། བོད་ལྗོངས། སི་ཁྲོན། མཉམ་འབྲེལ་གྱིས་ཀྲུང་གོ་དང་ཨ་རི་བའི་ཆེད་མཁས་པས་བསྔོག་འདོན་བྱས་པའི་ཁྲོད་དུ་ལོ་ངོ་གཅིག་སྟོང་ལྔ་བརྒྱའི་གཡས་གཡོན་ཙམ་ས་འོག་ཏུ་ལུས་པའི་མཁར་བ་ལས་གྲུབ་པའི་བུད་མེད་ཀྱི་སྐུ་ཞིག་རྙེད་སོན་བྱུང་བ་དང་། མཁར་གདོང་ནས་ཐོན་པའི་བོན་གྱི་ལོ་རྒྱུས་ཀྱི་ནང་དུ་ཞང་ཞུང་དྲན་པ་ནམ་མཁའི་སྐུ་རྟེན་དུ་གྲགས་པའི་རྡོ་སྐུའི་དབུ་དང་སྐུ་བསྟོད་དེ་ཉིད་དཔྱད་འབྲས་ལྟར་ན། ཀྲུང་གོ་གནའ་རྫས་རྟོགས་ཞིབ་པ་གྲགས་ཅན་ཝུན་ཡུས་ཁྲེང་གིས་ཀྲུང་གོ་ལོ་རྒྱུས་ཐོག་ཏུ་ལྷ་སྐུ་ལོ་རིང་ཤོས་སུ་དེ་རེད་ཅེས་བཤད་ཅིང་། མདོར་ན་མཐོ་སྒང་བསིལ་མོའི་ལྗོངས་འདིར་ཞང་ཞུང་གི་རྒྱལ་རབས་སྐབས་སུ་ལྷ་སྐུ་བཟོ་རྒྱུན་གྱི་བདེན་དཔང་ནི་མངོན་སུམ་དུ་བྱུང་ཡོད་པས་སོ།།

  བདུན་པ་ཐོག་ལྕགས་ཀྱི་རིགས་ནི་གནམ་ནས་ཐོག་རྒྱབ་སྟེ་ས་ལ་ལྷུང་ཞིང་ཕྱིས་སུ་ས་ཐོག་ཏུ་ཐོན་པ་དང་། བརྒྱད་པ་གཟི་ནི་འབུ་སྲིན་ཁྲ་བོའི་རིགས་གཟི་རུ་གྱུར་པའི་ཚུལ་གྱི་ཤོད་རྒྱུན་ནི་ཆོས་སྲིད་ཟུང་འབྲེལ་གྱི་གནད་ཡོད་མི་སྣ་ཚོས་དེ་སྔོན་དུ་བོད་ཀྱི་དམངས་ཁྲོད་དུ་ས་ཁྱབ་རྡོ་ཀྱབ་ལྟ་བུར་ཁྱབ་བདལ་དུ་བཏང་ཡོད་ནའང་།། ད་ལྟའི་སྐབས་སུ་གཟི་དང་གནམ་ལྕགས་ཀྱི་རིགས་ནི་མིས་བཟོས་པའི་རྒྱན་ཆ་ཞིག་དང་ནད་གདོན་སོགས་ཀྱི་འགོག་སྲུང་ཡིན་པ་ནི་དེང་སྐབས་སུ་ཡོངས་གྲགས་སུ་ཁྱབ་བཞིན་པ་མ་ཟད། ཆེས་རིན་ཐང་ཆེ་བའི་གཟི་དང་གནམ་ལྕགས་ཀྱི་རིགས་ནི་མཐོ་སྒང་བསིལ་མོའི་ལྗོངས་སུ་ཐོན་ཞིང་ད་ལྟ་འཛམ་བུ་གླིང་པའི་ཁྲོད་དུ་བོད་གཟི་དང་གནམ་ལྕགས་ཀྱི་རིགས་ནི་གནའ་རྫས་ཀྱི་ཁྲོད་དུ་གོ་གནས་གལ་ཆེན་་ཟིན་ཡོད་པ་ཀུན་གྱི་ཤེས་གསལ་ལྟར་རོ།། མདོར་ན་གོང་གི་གནའ་རྫས་དེ་དག་གིས་མཐོ་སྒང་བསིལ་མོའི་ལྗོངས་ཀྱི་མེས་པོ་གོང་མ་དག་ནི་ཁྱིམ་མཚེས་རྒྱལ་ཁབ་དག་དང་འཚོ་བ་མཉམ་བསྐྱལ་མཉམ་གནས་ཞིག་ལས། རྒྱ་གར་གྱི་ལོ་རྒྱུས་འཆད་སྲོལ་བཞིན་ལྷ་སྒྲུང་དུ་འདྲེས་པའི་བོད་ཀྱི་ཆོས་འབྱུང་ཁག་ཏུ་བྱུང་བ་ལྟར། མཐོ་སྒང་གི་བོད་འདི་དུས་རབས་བདུན་པའི་གོང་དུ་ཆེས་མཐའ་འཁོབ་དང་ཀླ་ཀློ་ཞིག་དང་། ཆེས་རྗེས་ལུས་ཏེ་བོད་ཡུལ་མུན་པའི་གླིང་ཞིག་ཏུ་ཡིན་པའི་ལོ་རྒྱུས་ངོས་འཛིན་དེ་དག་ཕལ་ཆེ་བ་ནི་ལྷ་སྒྲུང་དང་རྫུན་སྒྲུང་དུ་གྱུར་ཟིན་ཏོ།།

  དགུ་པ་མི་ལ་རས་པ་དང་ན་རོ་བོན་ཆུང་གི་བར་དུ་གྲུབ་རྩལ་འགྲན་པའི་སྐོར་སྔ་ཤོས་ནི་རྗེ་བཙུན་མི་ལའི་རྣམ་ཐར་མཛོད་ནག་ཉུང་ངུ་ཞིག་བྱུང་བ་དང་། དེ་ནས་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱིས་བརྩམས་པའི་རྗེ་བཙུན་མི་ལའི་མགུར་འབུམ་ནང་དུ་ཞིབ་ཏུ་བཀོད་ཡོད་ནའང་། དེའི་གོང་དུ་བྱུང་བའི་རྗེ་བཙུན་གྱི་རྣམ་ཐར་ཁག་རྣམས་ལས་རྗེ་བཙུན་མི་ལ་རས་པ་ན་རོ་བོན་ཆུང་དང་གྲུབ་རྩལ་འགྲན་པའི་སྐོར་ཕར་ཞོག རྗེ་བཙུན་མི་ལ་གངས་ཏི་སེ་ལ་ཕེབས་པའི་རྣམ་ཐར་ཞིག་མཐོང་དུ་མེད་པ་མ་ཟད། རྗེ་བཙུན་མི་ལ་རས་པ་ནི་ལྷག་མེད་ཀྱི་སངས་རྒྱས་པའི་ཚུལ་གསུངས་པས་གྲུབ་མཐའི་ཁ་འཛིན་མཛད་དེ་ང་ཆེ་ཁྱོད་ཕམ་གྱི་རྣམ་ཐར་དེ་ཉིད་རྨོངས་དད་ཅན་ལ་རྨོངས་སུ་འཇུག་བྱེད་ཀྱི་ལག་ཆ་རྩེ་གྲས་ཤིག་ཡིན་ནའང་། སངས་རྒྱས་ཀྱི་གྲུབ་མཐར་ཧ་གོ་མཁན་གྱི་ངོས་སུ་བཤད་ནས་སྐྱེས་ཆེན་དམ་པ་རྗེ་བཙུན་མི་ལ་རས་པའི་མཚན་སྙན་གཡར་ཏེ་བླ་མ་ཟོག་པོ་གཏོང་བའི་ཚུལ་ཞིག་ཡིན་པ་ནི་གོ་ནུས་ངེས་སུ་འདུག་ལ། སྤྱིར་རྗེ་བཙུན་མི་ལ་རས་པ་དང་ན་རོ་བོན་ཆུང་བར་གྱི་ལྷ་སྒྲུང་ལྟ་བུའི་རྩལ་འགྲན་པའི་སྐོར་ཤོད་སྲོལ་གྱི་ཁུངས་ནི་བལ་ཡུལ་གྱི་མོན་རྟ་མང་བ་དང་། ཡུན་ནན་གྱི་གཏོ་པའི་ཆོས་ལུགས་སུ་འབྲེལ་བ་དེའི་སྟོན་པའམ་མི་སྣའི་དབར་རྩལ་འགྲན་པ་ལྟ་བུའི་ཤོད་སྲོལ་གྱི་སྒྲུངཞིག་བྱུང་འདུག་པས་དེ་རྗེ་བཙུན་མི་ལའི་རྣམ་མགུར་ལ་སྦྱར་ཡོད་པར་ངེས་སོ།།

  བཅུ་པ་རིག་པའི་གནས་ཆེན་ལྔའི་ཐ་སྙད་ཀྱི་སྡོམ་ཚིག་ནི་ས་པཎ་གྱིས་གཏན་ལ་ཕབ་པའི་སྐོར་ནི་དེང་གི་བོད་རིག་པའི་ཞིབ་འཇུག་པའི་ཁྲོད་དུ་ཅུང་ཙམ་གྲགས་ཆེ་བ་ཞིག་ཡིན་མོད། དེ་ནི་བོན་གྱི་དཔེ་ཆ་ཁག་ལ་ཞིབ་འཇུག་མ་བྱས་པའམ་ཡང་ན་ཡིད་ཆེས་མེད་པའི་སྐྱོན་ཁོ་ན་ཡིན་ཏེ། བོན་གྱི་ལོ་རྒྱུས་ཁྲོད་དུ་སྟོན་པ་གཤེན་རབ་མི་བོ་ཆེས་ཐོག་མར་རིག་པའི་གནས་ཆེན་ལྔའི་གཞུང་གཏན་ལ་ཕབ་ཅིང་དེ་ནས་བོན་གྱི་ཐེག་པ་དགུ་གསུངས་བའི་ཚུལ་ཡོངས་གྲགས་སུ་ཡིན་པ་མ་ཟད། དངོས་གཙོ་རིག་པའི་ཞིབ་འཇུག་གི་ངོས་ལ་བཤད་ན། རིག་པའི་གནས་ཆེན་ལྔའི་ཡ་གྱལ་ཕྱི་རིག་པའི་བོན་སྡེ་གཙུག་ལག་དཔལ་འབུལ་དཀར་པོ་དང་། རྒྱ་ཆེན་ཀུན་འབུམ་གོ་འབྱེད་ཀྱི་ཀུན་འབུམ་ཁྲ་བོའི་དཔེ་ཆ་ལས། སྟོན་པ་གཤེན་རབ་ཀྱི་རྣམ་ཐར་དང་། དེ་བཞིན་རིག་པའི་གནས་ཆེན་ལྷ་སྲིད་པ་ཡེ་དབང་རིག་ལྔ་དང་རིག་པའི་གནས་ཆེན་ལྔའི་སྐོར་གྱི་འགྲེལ་བཤད་ཁ་གསལ་འཁོད་ཡོད་ཅིང་། དཔེ་ཆ་དེ་ནི་བོན་གྱི་ལོ་རྒྱུས་ཁྲོད་དུ་གཏེར་དུ་མ་སོང་བའི་བོན་སྡེ་བཀའ་མའི་གྲལ་དུ་ཡིན་པ་མ་ཟད། སྤྱི་ལོ་༩༥༦ལོར་སྐུ་འཁྲུངས་པའི་རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་ཕྱག་ཏུ་འབྱོར་བའི་དཔེ་ཆ་ཞིག་ཡིན། གལ་སྲིད་དཔེ་ཆ་དེ་གཤེན་རབ་ཀྱི་བཀའ་ཡིན་པའི་ཡིད་ཆེས་མེད་སྲིད་ནའང་། ས་པཎ་གྱི་འཁྲུངས་འདས་ནི་སྤྱི་ལོ་༡༡༨༢ནས༡༢༥༡བར་ཡིན་པས། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་དང་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་བར་ལ་འཁྲུངས་ལོ་གཉིས་བརྒྱ་ཉེར་དྲུག་གི་སྔ་ཕྱི་ཤོར་བས། ས་པཎ་སྐུ་མ་འཁྲུངས་པ་ལོ་གཉིས་བརྒྱ་ལྷག་གི་གོང་དུ་རིག་པའི་གནས་ཆེན་ལྔའི་ལྷ་ཚོགས་དང་འགྲེལ་བཤད་གསལ་པོ་ཡོད་པ་ནི་མངོན་སུམ་ཡིན་པས་སོ།།

དཔྱད་སྡོམ།

  གོང་གི་ལོ་རྒྱུས་དང་འབྲེལ་བའི་རྙིང་མའི་ཁུངས་གཏུག་ས་ཨོ་རྒྱན་གྱི་སློབ་དཔོན་གུ་རུ་པདྨ་འབྱུང་གནས་དང་། བཀའ་གདམས་པ་སྲོལ་འབྱེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། བཀའ་བརྒྱུད་པའི་ཁུངས་གཏུག་ས་རྗེ་བཙུན་མི་ལ་རས་པ། ས་སྐྱ་བ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་སོགས་ཚད་མའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་མ་ཟད་ལོ་རྒྱུས་ཀྱི་ནང་དུ་ཤིན་ཏུ་གྲགས་ཆེ་བའི་མི་སྣ་ཤ་དག་ཡིན་པ་ནི་དངོས་གནས་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་ཡིན་ནའང་། གོང་གི་སྐྱེས་ཆེན་དེ་དག་སོ་སོའི་གྲུབ་མཐའ་དང་འབྲེལ་བའི་ཕྱི་རབས་རྗེས་འཇུག་པ་འགའ་ཞིག་གིས། མི་རབས་ནས་མི་རབས་དུ་བརྒྱུད་དེ་རྣམ་ཐར་དང་ལོ་རྒྱུས་དང་ལྷད་བསྲེས་ཏེ་ཇེ་མང་ཇེ་མང་དུ་ཕྱིན་པས་ད་ལྟ་ལོ་རྒྱུས་དང་ལྷ་སྒྲུང་གི་བར་དུ་ཁ་གསལ་གྱི་དབྱེ་བ་མི་ཆོད་པར་གྱུར་ཅིང་བོད་ཀྱི་ལོ་རྒྱུས་ལ་གོད་ཆག་ཚབ་ཆེན་ཕོག་ཡོད།།

  དེའང་སྤྱིར་མཐོ་སྒང་བོད་ཀྱི་ལོ་རྒྱུས་ནི་གྲུབ་མཐའ་དག་བཅོས་ཀྱི་གོད་ཆགས་དང་། ཆབ་སྲིད་ཀྱིས་བྱས་པའི་རིག་གཞུང་གི་གོ་ཆགས་དང་རྩ་བའི་གོད་ཆེན་པོ་རིགས་གཉིས་བྱུང་ཡོད་པ་རེད། དང་པོ་དཔེར་ན་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་གྱིས་ཐུབ་པའི་བསྟན་པ་དག་ཐེར་གནང་སྐབས་སུ། དེ་སྔོན་ཕ་མྱེས་རྒྱུན་སྲོལ་རིག་གནས་དང་བླ་མེད་རྒྱུད་སྡེ་དང་རྫོགས་ཆེན་གྱི་གྲུབ་མཐའ་ལ་གོད་ཆགས་ཧ་ཀྱང་ཆེན་པོ་བྱུང་བ་ཞིག་རེད། དེ་ལྟ་བུ་ནི་ཆབ་སྲིད་ཀྱི་ཆེད་དུ་མིན་ཞིང་། ལྷ་བླ་ཁུ་དབོན་གྱི་སྐབས་སུ་རྒྱ་གར་དུ་དཔལ་ན་ལེནྡྲ་ལ་ནང་བསྟན་གནས་མུས་བཞིན་པ་ནས། བོད་དང་རྒྱ་གར་གྱི་ནང་བསྟན་བར་ལ་ཁྱད་པར་ཆེན་པོ་ཡོད་པ་ཁོང་རྣམ་པས་དགོངས་ལྟར། རྫོགས་པ་ཆེན་པོའི་གྲུབ་མཐའ་དཔལ་ན་ལེནྡྲ་རུ་མེད་པ་མ་ཟད་གསང་སྔགས་ཀྱི་གྲུབ་མཐའ་ནི་སྟོན་པ་བཅོམ་ལྡན་འདས་མ་གསུངས་པར་ངེས་པ་གོ་ཞིང་། དེའི་སྐབས་སུ་ཨར་རྫོ་བན་དེ་བཅོ་བརྒྱད་ཟེར་བ་སོགས་བོད་ཀྱི་བན་བོན་གྱི་སྔགས་པ་ཚོས་བོད་དུ་རྫོགས་ཆེན་དང་བླ་མེད་རྒྱུད་སྡེ་ལྟ་བ་མཐོ་སྙོབས་ལ་བསྲིངས་ཏེ་སྤྱོད་པ་སྦྱོར་སྒྲོལ་སོགས་རྩིང་ཆོས་མང་དུ་མང་དུ་དར་བས། རྒྱལ་པོས་དབང་ཆ་བེད་སྤྱད་དེ་རྫོགས་ཆེན་དང་གསང་སྔགས་བླ་མེད་ཀྱི་གྲུབ་མཐའ་བསྣུབ་ཅིང་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དག་ཐེར་གནང་བ་དེ་ནི་ཆབ་སྲིད་ཀྱི་ཆེད་དུ་མིན་པ་ཤེས་གསལ་ལྟར་མོད། ཡིན་ནའང་མཐོ་སྒང་བསིལ་མོའི་ལྗོངས་ཀྱི་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་ལ་གོད་ཆགས་ཚབ་ཆེན་ཕོག་ཡོད་པ་ནི་སྣོན་གསབ་ཐུབ་ཐབས་མེད། དེ་ལྟ་བུའི་རིགས་ནི་མཐོ་སྒང་བོད་ཀྱི་ལོ་རྒྱུས་ནི་གྲུབ་མཐའ་དག་བཅོས་ཀྱི་གོད་ཆགས་ཤིག་ཏུ་འདོད་དོ།།

  གཉིས་པ་ནི་ཐོག་མར་གྲུབ་མཐའ་སོ་སོ་རང་རང་གི་ཆོས་བརྒྱུད་ལ་དད་པ་དང་དག་སྣང་བླ་ལྷག་ཏུ་སྐྱེ་རྒྱུའི་ཆེད་དུ་སྔོན་གྱི་སྟོན་པ་དང་སྐྱེས་ཆེན་བླ་མ་དམ་པ་ཁག་གི་མཚན་གཡར་ཏེ་བཟོས་པའི་ལོ་རྒྱུས་རིགས་གཅིག་དང་། རིག་གཞུང་དང་གྲུབ་མཐའ་རྐུ་བཤུས་བྱས་ཏེ་གཏེར་རྫུན་པ་སོགས་ཀྱིས་བཟོས་པའི་རིགས་སོགས་འདྲ་མིན་སྣ་ཚོགས་བཟོས་ཏེ་བྱུང་བའི་ལོ་རྒྱུས་མང་པོ་བྱུང་ཡོད། དེ་ནི་བོད་ཀྱི་དམངས་ཁྲོད་དུ་དོན་དངོས་ལོ་རྒྱུས་ནི་ཡིད་ལ་སིམ་པོ་དེ་ཙམ་མེད་ཅིང་ལོ་རྒྱུས་ལྷ་སྒྲུང་ལྟ་བུ་ལ་ཡིད་ཆེས་དང་རྣ་བར་སིམ་པ་ཞིག་ཡིན་པས། རྫུན་མ་དེ་དག་ནི་སྤྱི་ཚོགས་རྨོངས་དད་ཅན་ཚོའི་ཁྲོད་དུ་ཅུང་ཙམ་གྲགས་ཆེ་བར་གྱུར་རྗེས་སུ། ཆབ་སྲིད་པ་ཚོས་ཆབ་སྲིད་ཀྱི་ཆེད་དུ་བེད་སྤྱོད་བྱེད་པར་ལག་ཆ་ཡག་ཤོས་སུ་གྱུར་ཅིང་། དམངས་ཁྲོད་དུ་ཡོངས་གྲགས་ལྟ་བུ་ཆགས་ཐབས་བྱས་ཡོད་པ་རེད། དེ་ལྟར་དངོས་བྱུང་ལོ་རྒྱུས་དང་རིག་གནས་ནག་བསུབ་དང་ལྷད་འདྲེས་ཤིང་དབྱེ་བ་མི་ཆོད་པ་གྱུར་ཏེ་བོད་ཀྱི་ལོ་རྒྱུས་དང་ཤེས་རིག་གོད་ཆགས་ཚབ་ཆེན་བྱུང་ཡོད། དཔེར་ན་དབའ་བཞེད་དམ་སྦ་བཞེད་ལྟ་བུར་ཕྱིས་སུ་ཏོག་ཙམ་ལྷད་ཞུགས་ཡོད་ནའང་ལོ་རྒྱུས་ཀྱི་ཡིག་ཆ་ཞིག་ཡིན། འོན་ཏང་ཕལ་ཆེ་བ་ལ་ལྷ་སྒྲུང་དུ་བྱས་པའི་བཀའ་ཆེམས་ཀ་ཁོལ་མ་དང་མ་ཎི་བཀའ་འབུམ། པདྨ་བཀའ་ཐང་ལྷད་ཅན་འགའ་ཞིག་ལྟ་བུ་བྱུང་ཡོད་པ་དེ་རྣམས་ནི་བོད་དུ་གྲགས་ཆེ་བར་བྱུང་ཡོད། རྒྱུ་མཚན་དེས་བོད་ཀྱི་ལོ་རྒྱུས་ངོ་གདོང་ངོ་མ་ཉིད་མཐོང་བར་དཀའ་ལས་ཁག་པོ་གྱུར་ཡོད། གཞན་དུ་ན། ལོ་ངོ་སྟོང་ཕྲག་གཅིག་ཙམ་གཡས་གཡོན་ཚུན་དུ་བཅོས་ལྷད་དུ་མ་སོང་བའི་ཏུན་ཧོང་ཡིག་རྙིང་ལྟ་བུ་ནི་གནའ་བོའི་མཐོ་སྒང་བོད་ཀྱི་ལོ་རྒྱུས་འབྲི་སྟངས་ཀྱི་དཔེ་མཚོན་ཞིག་ཏུ་རྩི་ཆོག་ནའང་། ཕྱིས་སུ་བོད་བརྒྱུད་ནང་བསྟན་དང་མཉམ་དུ་རྒྱ་གར་གྱི་གོམ་གཤིས་ཀ་ཤན་ཤུགས་ཆེན་པོ་ཐེབས་པར་བརྟེན། བོད་ཀྱི་ལོ་རྒྱུས་ལྷ་སྒྲུང་དུ་བསྲེས་ཏེ་ཕྱིས་ཀྱི་བོད་ཀྱི་ལོ་རྒྱུས་ཀྱི་འཆད་སྲོལ་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་ནི་རྩ་བའི་དམིགས་ཡུལ་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྤྱི་ཚོགས་ཡུན་རིང་དུ་གནས་ཐབས་ལ་འབད་དེ་བོད་འབངས་རྣམས་རྨོང་དད་ཀྱི་གནས་སུ་ལྷུང་བར་འབད་པ་ཙམ་ལས། དེ་ནི་བཅོམ་ལྡན་འདས་སམ་སངས་རྒྱས་ཀྱི་བསྟན་པ་དང་མཐུན་མིན་གྱི་བསམ་བློ་དེ་ཙམ་འཁོར་བསྐོར་མེད། ཡིན་ནའང་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་བོད་བརྒྱུད་ནང་བསྟན་ནི་སངས་རྒྱས་བསྟན་པ་ཡང་དག་པ་ཞིག་ཡིན་པའི་ཡིད་ཆེས་དང་། སྒྲུང་དང་འདྲེས་པའི་བོད་ཀྱི་ལོ་རྒྱུས་ནི་ལོ་རྒྱུས་ཡོངས་གྲགས་ཤིག་ཏུ་ཆགས་ཏེ་ད་ལྟར་ལོ་རྒྱུས་ངོ་མ་སངས་རྒྱས་ཀྱི་བསྟན་པ་ངོ་མ་ལ་གསེད་དཀྲོལ་བྱེད་པར་དཀའ་ལས་ཤིན་ཏུ་ཁག་པོ་ཆགས་ཤིང་། ལྷ་སྒྲུང་དང་འདྲེས་པའི་ལོ་རྒྱུས་བོད་ཀྱི་སྤྱི་ཚོགས་ཀྱི་ཁྲོད་དུ་ཡོངས་གྲགས་ཤིག་ཏུ་གྱུར་ཏེ། དོན་དངོས་ཀྱི་ལོ་རྒྱུས་འཁོད་ཡོད་པའི་དཔེ་ཆ་རེ་ཙམ་ཡོད་ནའང་དཔྱད་གཞིའི་ཡིག་ཆ་ཙམ་དུ་གྱུར་མེད། དེ་ལྟར་གོང་དུ་ལོ་རྒྱུས་དང་གྲུབ་མཐའ་རྫུན་བཟོ་བྱེད་མཁན་དེ་དག་གིས་དེའི་ཚེ་དེའི་དུས་ཀྱི་ཆོས་སྲིད་ཟུང་འབྲེལ་སྐབས་ལྟར་བོད་ཀྱི་སྤྱི་ཚོགས་བོད་འབངས་ཕལ་ཆེ་བ་དེ་ཡིག་རྨོངས་དང་རྨོངས་དད་ཀྱི་ངང་མུས་སུ་རྒྱུ་སྡོད་རྒྱུ་ཙམ་གྱི་དགོངས་པ་བཞེས་པ་ཙམ་ལས། མ་འོངས་པར་འཕེལ་རྒྱས་སུ་འགྲོ་དགོས་པ་དང་ད་ལྟའི་སྤྱི་ཚོགས་ལྟ་བུའི་འཕེལ་རྒྱས་སུ་འགྲོ་བའི་ཚོད་བགམ་བྱེད་མ་ཐུབ་པའི་སྐྱོན་དུ་ཟད་དོ།།

  མདོར་ན་སྤྱི་ལོའི་དུས་རབས་བརྒྱད་པ་ནས་བཟུང་བོད་བརྒྱུད་ནང་བསྟན་ནི་གཅིག་ལས་གཅིག་འགྲན་པའི་ཚུལ་དུ་འཕེལ་རྒྱས་གང་མཚམས་ཤིག་ཕྱིན་ཡོད་ནའང་། ཁ་བ་གངས་ཅན་པའི་ཆབ་དཔལ་རིག་འབྱོར་ནི་རིམ་བཞིན་ཉམས་རྒུད་དུ་ཕྱིན་པའི་ཚུལ་ནི་ང་ཚོས་ད་དུང་མ་ཤེས་ཁས་དང་མ་ཚོར་པ་མ་ཟད་ད་དུང་བོད་ཀྱི་མི་ཆེས་སོ་སོར་འབྲེལ་བའི་གྲུབ་མཐའ་ཁག་ལ་ཆེ་རབས་དང་སྙན་རབས་ཤོད་དེ་སོ་སོའི་སློབ་མ་རྣམས་སློབ་གསོ་གང་ཐུབ་རྒྱག་བཞིན་པ་ལས། གནའ་བོའི་བོད་ཀྱི་ཆབ་དཔལ་རིག་འབྱོར་གྱི་སྐོར་དོན་དངོས་ཀྱི་ཞིབ་འཇུག་བྱེད་པར་ཕར་ཞོག གནའ་ཤུལ་དང་གནའ་རྫས་ཀྱི་ཁྲོད་དུ་བོད་ཀྱི་ལོ་རྒྱུས་ཁག་གི་བཤད་པ་ལྟར་མིན་པའི་གནའ་ཤུལ་ཅི་ལྟར་ཐོན་ཡོང་སྙམ་པའི་སེམས་ཚབ་དང་། གནའ་རྫས་དེ་དག་ནི་མི་རིགས་གཞན་དང་རྒྱལ་ཁབ་གཞན་བྱུང་བའི་ཚུལ་གྱི་འགྲེལ་བཤད་ཅི་ལྟར་ཞིག་རྒྱག་དགོས་སམ་སྙམ་སྟེ་འགྲེལ་བཤད་གནང་བཞིན་པ་ཡིན། བདེན་དཔང་དེ་དག་གིས་བོད་རིག་པའི་ཞིག་འཇུག་པ་མང་པོ་ཞིག་གིས་བསམ་བློའི་རྡོག་ཁྲིས་ལྟ་བུ་ཞིག་ཆགས་ཡོད། དངོས་གནས་བསམ་བློ་སྐོར་ཤེས་མཁན་ཞིག་ཡིན་ན། ལྷ་སྒྲུང་དང་འདྲེས་པའི་བོད་ཀྱི་ལོ་རྒྱུས་ཁག་ནས་གང་བཤད་པ་དེའི་སྒྲུབ་བྱེད་རྙེད་དགོས་དོན་མེད་ཅིང་ལོ་རྒྱུས་གང་བྱུང་བ་དེ་ཕྱོགས་རིས་མེད་པའི་སྒོ་ནས་ཞིབ་འཇུག་བྱེད་རྒྱུ་དེ་གལ་ཆེ་བ་ཡིན་ནམ། ཡང་ན་གནའ་ཤུལ་དང་གནའ་རྫས་ཀྱི་དངོས་པོ་དག་ལ་ཐོད་ཐུག་པའི་ལོ་རྒྱུས་དེ་འབུར་དུ་གཏོང་ཞིང་བོད་ཀྱི་ལོ་རྒྱུས་ཡང་དག་ཞིབ་འཇུག་བྱེད་པར་གལ་ཆེ་བ་ཡིན་ནམ། བསམ་གཞིག་ཡང་དག་ཅིག་བྱོས་དང་མཁས་རྒན་ཚོ། ཀྱེ་ཀྱེ་ཀྱེ། འབོད་ཅིང་སྐུལ་བར་འདོད་དོ།། ཞེས་བཀྲ་ཤིས་ཚེ་རིང་གིས་༢༠༢༣ལོ་ཟླ་༨པའི་ཚེས་༢༥ཉིན་བྲིས་ཏེ་སྤེལ་བའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།