ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་གི་ལས་རྟགས་རི་མོའི་མཚོན་དོན་རྟེན་འབྲེལ་སྣང་བ་འབུམ་ལྡན།

[ཟླ་ཚེས། 2020-09-12 21:27:42][རྩོམ་པ་པོ། གདོང་བཙུན་རྒྱ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁམས་ཉག་རོང་དཔལ་གཤེན་བསྟན་རྒྱ་ཞིག་འབྲུག་གྲགས་དགོན་ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་གི་ལས་རྟགས་རི་མོའི་མཚོན་དོན་རྟེན་འབྲེལ་སྣང་བ་འབུམ་ལྡན་ཞེས་བྱ་བ་བཞུགས་སོ།།

གཅིག

  དེང་སང་དགོན་སྡེ་ཁག་དང་སློབ་གྲྭ་ཁག་དེ་བཞིན་དུ་བཤད་གྲྭ་ཁག་དང་ཚོགས་སྡེ་ཆེ་ཆུང་དུ་མས་རང་རང་གི་ཚོགས་པའི་ལས་གནས་དང་འབྲེལ་བའི་ལས་རྟགས་འདྲ་མིན་སྣ་ཚོགས་རི་མོའི་ལམ་དུ་ཐོན་པར་བྱས་ཏེ། ལས་རྟགས་རེ་འབྲི་སྲོལ་ཡོད་པ་ལྟར། ངེད་ཅག་ཁམས་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་པ་ཞེས་གནའ་བོའི་བོན་དགོན་ཆེས་རྙིང་ཞིང་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བའི་དགོན་སྡེ་འདིས་ཀྱང་། རང་དགོན་དུ་སྤྱི་ལོ ༢༠༡༢ ལོར་ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་ཞེས་ཞང་བོད་ཀྱི་ཐུན་མིན་ཐུན་མོང་གི་རིག་ཚན་སྤྱི་ལ་ཐོས་བསམ་སློབ་གཉེར་བྱ་བའི་ཁོར་ཡུག་ཅིག་གསར་དུ་བསྐྲུན་པ་དང་བསྟུན། དགོན་སྡེ་འདི་དང་སློབ་གླིང་འདིའི་ནང་གི་འཆད་ཉན་དང་རྩ་བའི་གྲུབ་མཐའ་མཚོན་དོན་དུ་བྱས་པའི་ལས་རྟགས་རི་མོ་ཞིག་གསར་དུ་བཞེངས་པ་ཡིན། རི་མོ་འདི་ཡང་གང་དྲན་ཡིད་ལ་བྱས་པའི་གཟུགས་བརྙན་ཞིག་བྲིས་པ་ཙམ་མ་ཡིན་པར། སྤྱིར་ལས་རྟགས་འདི་འདྲ་རེ་འབྲི་བཞེངས་བྱ་རྒྱུ་དེ་དེང་སང་འཛམ་གླིང་སྤྱིའི་འགྲོ་ཕྱོགས་དང་སྒོ་བསྟུན་པ་བྱས་པ་དང་། བྱེ་བྲག་ལས་རྟགས་འདིའི་རི་མོ་རེ་རེའི་ངོས་ནས་ཀྱང་ནང་དོན་རེ་རེ་མཚོན་ཐབས་བྱས་ཏེ་སོ་སོ་ལ་ཐུན་མོང་མ་ཡིན་པའི་འགྲེལ་བཤད་ཀྱིས་མི་དབུལ་བ། རི་མོ་སྤྱིའི་རྣམ་པའི་ཆ་ནས་ཀྱང་བལྟ་བ་མིག་ལ་མཛེས་ཤིང་དོན་གྱི་སྙིང་པོས་ཡོངས་སུ་ཕྱུག་པའི་ལས་རྟགས་ཤིག་ཡིན་ཚུལ་གཤམ་དུ་འགྲེལ་བཤད་ཅུང་ཙམ་བྱ་རྒྱུ་ཡིན།


གཉིས།

  ཞང་བོད་ཀྱི་ནང་བསྟན་རིག་གནས་ཞེས་པ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་སྟེ་རྒྱལ་བའི་བཀའ་ཡི་བརྗོད་སྙིང་ཡོད་ཚད་དང་རྗེས་འཇུག་བཀའ་བརྟེན་གྱི་རིག་གནས་མཐའ་དག་ཞང་བོད་ནང་བསྟན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་། ལྷག་པར་ཞང་བོད་ནང་བསྟན་ཞེས་གླེང་ཡོང་དུས་རིག་གནས་ཀྱི་གླེགས་བམ་གཏིང་ཧ་ཅང་ཟབ་མོ་ཞིག་ཡིན་པ་དང་། དེ་ཉིད་གསལ་བོར་བསྟན་པའི་བདག་ཉིད་དམ་པ་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་དང་། དེའི་བསྟན་པ་གཡུང་དྲུང་གི་བོན་རིན་པོ་ཆེ་གཉིས་ཏེ་སྟོན་པ་དང་བསྟན་པ་རྣམ་གཉིས་ཀྱི་འབྲེལ་བ་ནི་ང་ཚོས་ངེས་ཅན་དུ་ཤེས་དགོས་པ་ཞིག་ཀྱང་ཡིན།

གསུམ།

  སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཆེ་རྟག་གཟིགས་འོལ་མོ་ལུང་རིང་དུ་ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ(སྤྱི་ལོའི་སྔོན་གྱི༡༦༠༡༧ལོ)སྐུ་འཁྲུངས་ནས་མཛད་ཆེན་བཅུ་གཉིས་དང་། མཛད་ཕྲན་དྲུག་ཅུ་ལ་སོགས་ཀྱི་སྒོ་ནས་གདུལ་བྱའི་དོན་རྒྱ་ཆེན་མཛད་ཅིང་། “གཡུང་དྲུང་བོན་གྱི་བསྟན་པ”གསར་བཏོད་གནང་བ་ཡིན་ཚུལ་དེ་རྩོད་མེད་ཡོངས་ལ་གྲགས་པ་དང་། བསྟན་པ་དེ་ལ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་། ཐེག་པ་རིམ་དགུ། ཕྱི་ནང་གསང་གསུམ་སོགས་ཀྱི་ཐ་སྙད་དང་གཞུང་ལུགས་ཡོད་པ་ཡང་འདོད་པ་གཅིག་མཚུངས་སུ་ཆགས་ནས་ཡོད་པ་ཞིག་རེད།


བཞི།

  ལས་རྟགས་ཀྱི་རི་མོ་འདི་ལ་མཚོན་ན་སྤྱི་ཡི་ངོས་ནས། ༡ པྨད་དང་། ༢ གཡུང་དྲུང་། ༣ གླེགས་བམ། ༤ དར་དཔྱང། ༥ རལ་གྲི་སོགས་རི་མོ་མི་འདྲ་བ་ལྔ་ཙམ་གྱིས་གྲུབ་པའི་རི་མོ་ཞིག་ཡིན་ལ། དེ་ཡང་པད་མའི་རི་མོ་འདིས་མཚོན་དོན་ནི། པྨད་ནི་འདམ་གྱི་ཁྲོད་དུ་ཅི་ཙམ་གནས་དགོས་བྱུང་ཡང་འདམ་གྱི་དྲི་མས་ཡེ་ནས་གོས་མ་མྱོང་བ་ལྟར། གཡུང་དྲུང་གི་བོན་རིན་པོ་ཆེའི་གྲུབ་མཐའ་འདི་ཉིད། ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའི་ཁྲོད་དུ་ཕམ་རྒྱལ་རྩོད་པ་དང་། བོད་ཀྱི་ཡུལ་དུ་ཡང་དར་རྒུད་ཉམས་དམས་ཀྱི་ཆགས་ཆེན་ཉམ་ང་ཅི་ཙམ་བྱུང་ཡང་གྲུབ་མཐའ་གཞན་གྱི་འདོད་བློས་བསྒྱུར་དུ་མ་བཏུབ་པར་བསྲེག་བཅད་བརྡར་བའི་གསེར་བཞིན་ཁྱད་དུ་འཕགས་ཤིང་རྒྱས་ནས་ཡོད་པ་མཚོན་ཞིང། ཡང་པྨད་དེ་ཉིད་ས་སྟེང་དུ་འཕགས་པའི་ཚུལ་དུ་འདབ་བརྒྱའི་ཁོ་ལག་རྣམས་ཀྱང་འཛུམ་གྱིས་གྲོལ་ནས་ཡོད་པ་དེ་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའམ་གྲུབ་མཐའ་འདི་ཉིད་ས་ཆེན་པོའི་རྒྱན་དུ་འཕགས་ཤིང་། ས་སྟེང་འགྲོ་བ་ཡོངས་ཀྱིས་ཐུན་མོང་གིས་བཀུར་བའི་ཞིང་མཆོག་ཅིག་ཡིན་པར་མཚོན་ཡོད་དོ།།

  གཡུང་དྲུང་གི་རི་མོ་དེས་ནི། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་མཚོན་པར་བྱས་ཡོད་དེ། ནམ་རྒྱུན་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཆེ་ལྟ་བུ་ཡིན་ན། གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར་བ་པོ་ཡིན་པའི་མཚོན་བྱེད་དུ་ཕྱག་ན་གཡུང་དྲུང་ཆག་ཤིང(གཡུང་དྲུང་ཆག་ཤིང་ནི། གཡུང་དྲུང་བོན་གྱི་བརྡ་རྟགས་གཙོ་བོ་ཞིག་ཡིན་ལ། དབྱིབས་ཀྱི་ཆ་ནས་གཡས་གཡོན་གཉིས་ལ་གཡུང་དྲུང་རེ་དང་། བར་དུ་ལྕུམ་བཞོགས་དང་ལྡན་པ་ཞིག་འབྲི་བཞེངས་བྱ་སྲོལ་ཡོད་པ་དེ། དོན་ལ་མདོ་སྔགས་སེམས་གསུམ་གྱི་མཚོན་དོན་ཡིན་ཏེ། གཡུང་དྲུང་ཟུང་གིས་མདོ་སྔགས་གཉིས་མཚོན་ཞིང་། ལྕུམ་བཞོགས་ཀྱིས་སེམས་སྡེ་བླ་མེད་རྫོགས་པ་ཆེན་པོ་མཚོན་པས། འདི་ཉིད་འཆང་བ་པོ་ཞིག་ཡིན་ན་མདོ་གསུམ་རྫོགས་གསུམ་བོན་གྱི་འཁོར་ལོ་བསྐོར་པ་པོ་ཡིན་པར་མཚོན་བཞིན་ཡོད།)རེ་བསྣམས་སྲོལ་ཡོད་པ་བཞིན་དང་། ཡང་གཡུང་དྲུང་གི་རི་མོ་འདིའི་དབུས་སེར་པོ་གསེར་གྱི་རང་མདངས་དང་། ཤར་དཀར་པོ་དུང་གི་ཁ་དོག བྱང་ལྗང་ཁུ་གཡུ་ཡི་མདངས་དང། ནུབ་དམར་པོ་བྱུ་རུའི་མདོག ལྷོ་སྔོན་པོ་བཻཌྲུརྱའི་ཁ་དོག་སོགས་ཀྱི་མདངས་སུ་བྱས་པ་འདིས། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གདུལ་ཞིང་མཚོན་པ་སྟེ། སེར་པོས་དབང་ཆེན་གསེར་གྱི་ས་གཞི་དང། དཀར་པོས་ཤར་ལུས་འཕགས་པོ། ལྗང་ཁུས་བྱང་སྒྲ་མི་སྙན། དམར་པོས་ནུབ་བ་ལང་སྤྱོད། སྔོན་པོས་ལྷོ་འཛམ་བུ་གླིང་སོགས་སུ་གནས་པའི་འགྲོ་བ་ཡོད་དོ་ཅོག་རྣམས་བསྟན་པ་འདི་དང་སྟོན་པ་འདིའི་གདུལ་བྱའམ་གདུལ་ཞིང་ཡིན་པ་མཚོན་པ་ཡིན་ལ། དེ་ལྟ་བུའི་གཡུང་དྲུང་གི་རི་མོ་འདིས་དགོན་སྡེ་འདི་དང་། སློབ་གླིང་འདི་ཉིད་ཀྱང་གཡུང་དྲུང་བོན་གྱི་གྲུབ་མཐའི་རྗེས་འཇུག་པ་དང་། གཡུང་དྲུང་བོན་ལ་ཐོས་བསམ་སློབ་གཉེར་བྱ་བའི་གླིང་ཚན་ཞིག་ཡིན་པ་ཡང་མཚོན་པར་བྱས་ཡོད།

  གླེགས་བམ་རིམ་པ་དགུའི་རི་མོ་བྲིས་ཡོད་པ་དེས། གཡུང་དྲུང་གི་བོན་རིན་པོ་ཆེ་ལ་བོན་སྒོ་བཞི་མཛོད་ལྔ་དང་། ཐེག་པ་རིམ་དགུ། ཕྱི་ནང་གསང་གསུམ་ལ་སོགས་ཀྱི་དབྱེ་ཚུལ་མང་དུ་ཡོད་མོད། འདིར་ཐེག་པ་རིམ་དགུའི་དབང་དུ་བྱས་ཏེ་གླེགས་བམ་དགུ་བྲིས་ཤིང་། དེ་ཡང་གཡུང་དྲུང་རི་མོའི་གཡས་གཡོན་གཉིས་སུ་གླེགས་བམ་རིམ་པ་བཞི་རེ་བྲིས་པ་འདིས། གཡས་ཀྱིས་རྒྱུ་ཐེག་བཞི( ༡ ཕྱྭ་གཤེན་གྱི་ཐེག་པ། ༢ སྣང་གཤེན་གྱི་ཐེག་པ། ༣ འཕྲུལ་གཤེན་གྱི་ཐེག་པ། ༤སྲིད་གཤེན་གྱི་ཐེག་པ་དང་བཞིའོ།།)དང་། གཡོན་པས་འབྲས་ཐེག་བཞི(༥ དགེ་བསྙེན་གྱི་ཐེག་པ། ༦དྲང་སྲོང་གི་ཐེག་པ། ༧ ཨ་དཀར་གྱི་ཐེག་པ། ཡེ་གཤེན་གྱི་ཐེག་པ་དང་བཞིའོ།།)མཚོན་པར་བྱས་ཤིང་གླེགས་བམ་བཞི་གཉིས་བརྒྱད་བརྩེགས་པའི་སྟེང་དུ་གླེགས་བམ་གཅིག་བཞག་ཡོད་པ་འདིས། རྒྱུ་འབྲས་བླ་མེད་ཀྱི་ཐེག་པ(༩ རྫོགས་ཆེན)མཚོན་པར་བྱས་ནས་གླེགས་བམ་བྱིངས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་འདུས་མདོ་ཐེག་པ་རིམ་དགུ་མཚོན་པར་བྱས་ཡོད།

  ཡང་ལས་རྟགས་ཀྱི་ཀླད་དུ་ཤེས་རབ་ཀྱི་རལ་གྲི་མེ་དཔུང་དགུང་དུ་མཆེད་བཞིན་པ་ཞིག་བྲིས་པ་དེས། སྤྱིར་ན་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་བྱས་པ་ལས། དུག་ལྔའི་ཚང་ཚིང་བསྲེག་པའི་ཤེས་རབ་ཀྱི་ཡེ་ཤེས་མེ་བཞིན་འབར་ཐུབ་པ་མཚོན་ཞིང་། དགོན་སྡེ་འདི་དང་སློབ་གླིང་འདིའི་སློབ་གཉེར་བ་རྣམ་པས་ཀྱང་འཆད་ཉན་ཚུལ་བཞིན་བྱས་པའི་འབྲས་བུས་རང་རྒྱུད་ཀྱི་མ་རྟོག་ལོག་པའི་དུག་ཤིང་རྨང་ནས་བསྲེག་པའི་ཤེས་རབ་གོང་ནས་གོང་འཕེལ་འགྲོ་ཐུབ་པ་ཡང་མཚོན་ལ། ཁྱད་པར་དུ་ཐོས་བསམ་སློབ་གཉེར་བའི་སྐབས་ཀུན་ཏུ་ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་བཙལ་ཏེ་རྣམ་འབྱེད་བློ་གྲོས་ཀྱི་ཤེས་རབ་རྙེད་དོན་ལས་བྱུང་བའི“ཤེས་རབ་ཡེ་ཤེས་མེ་ལྟར་འབར་བ་ཡིས། བཤད་སྒྲུབ་བསྟན་པ་འཛིན་སྐྱོང་སྤེལ་ནུས”པའི་ངོ་བོ་ཡང་མཚོན་ཡོད། ལྷག་པར་མདོ་ལས། ལྟ་བ་ནི་ཡས་ཕུབ་ཅིག ཅེས་སོགས་གསུངས་པ་ལྟར། གཡུང་དྲུང་བོན་གྱི་ལྟ་བ་ཀུན་གྱི་ཡང་རྩེ། ཐེག་པ་ཀུན་གྱི་རྒྱལ་པོ། གྲུབ་མཐའ་ཀུན་གྱི་ཡང་གསང་དེ་ནི་བླ་མེད་རྫོགས་པ་ཆེན་པོའི་གནས་ལུགས་རྨད་དུ་བྱུང་བ་ལ་འཇོག་པ་བཞིན། ཤེས་རབ་རལ་གྲི་རྣོན་པོ་དེ་ཉིད་ཀྱིས་གཡུང་དྲུང་བོན་གྱི་ལྟ་བ་བླ་ན་མེད་པ་དེ་མཚོན་པར་བྱས་ཡོད།

  གཞན་ཡང་ལས་རྟགས་འདི་ཉིད་རབ་མཛེས་པྨད་བདུན་གྱིས་ཞབས་ནས་བཏེགས་བཞིན་ཡོད་པ་དེས། ࿏༖རིན་ཆེན་ནོར་བདུན(༡ རྟ་མཆོག་རིན་པོ་ཆེ། ༢ ནོར་བུ་རིན་པོ་ཆེ། ༣ གླང་པོ་རིན་པ་ཆེ། ༤ རྒྱལ་པོ་རིན་པ་ཆེ། ༥ བཙུན་མོ་རིན་པོ་ཆེ། ༦ བློན་པོ་རིན་པོ་ཆེ། ༧ དམག་དཔོན་རིན་པོ་ཆེ་བཅས་སོ།། )གྱིས་ལས་རྟགས་འདི་ཉིད་ཞབས་ནས་བཏེགས་བཞིན་ཡོད་པ་མཚོན་པར་བྱས་ཤིང་། གཡས་གཡོན་གཉིས་སུ་པད་མའི་འདབ་མ་ལྗང་ཁུ་བཞི་གཉིས་བརྒྱད་དང་ལྡན་པ་བཀྲ་བ་དེས། ལས་རྟགས་འདི་ལ། བཀྲ་ཤིས་རྟགས་བརྒྱད(༡ དཔལ་བེའུ་དང་། ༢ པད་མ། ༣ གདུགས། ༤ དུང་དཀར། ༥ འཁོར་ལོ། ༦ རྒྱལ་མཚན། ༧བུམ་པ། ༨ གསེར་ཉ་བཅས་སོ།།)ཀྱི་མཆོད་པ་བསམ་བཞིན་བཤམས་ནས་མཆོད་བསྟོད་བྱས་ཡོད་པ་མཚོན་ནོ།།

ལྔ།

  དེ་ལྟར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་སྟོན་པ་གཤེན་རབ་མི་བོ་ཆེ་དང་། དེའི་བསྟན་པ་གཡུང་དྲུང་གི་བོན་རིན་པོ་ཆེ། དེའི་ཆེ་བ་བཀའ་རྒྱ་ཆེ་བ་ལུང་གྲངས་མང་ན་ཡང་། ཐེག་པ་ཐམས་ཅད་བསྡུ་བའི་དབང་དུ་བྱས་ན་ཐེག་པ་རིམ་པ་དགུ་ལ་སོགས་ཀྱི་རྣམ་གྲངས་གཏན་ལ་ཕབ་ནས་ཡོད་པ་ལྟར་དང་། བསྟན་པ་དེའི་གདུལ་ཞིང་ལ་ཡང་ཕྱོགས་དང་རིས་སུ་མེད་པ་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ལྷར་བཅས་འགྲོ་བ་མ་ལུས་པ་ཐམས་ཅད་ཀྱིས་བསོད་ནམས་གསོག་པའི་ཞིང་དུ་གྱུར་ནས་ཡོད་པ་ལ་སོགས་རི་མོ་འདིས་མཚོན་ཞིང་རི་མོ་འདིས་བསྟན་བྱ་ཉག་གཅིག་ཏུ་གྱུར་ནས་ཡོད་པ་ཡིན་ལ། (རི་མོ་འདིའི་འགྲེལ་བཤད་འདི་ལས་རྒྱས་ཙམ་འགྲེལ་ན། སྟོན་པའི་མཛད་རྣམ་དང་། དེའི་བསྟན་པ་བཤད་སྒྲུབ་ཟུང་གི་ཆེ་བ། བཀའ་དང་བཀའ་བརྟེན་གྱི་ངོ་སྤྲོད་དང་། བོན་སྒོ་ཕྱི་ནང་གསང་གསུམ་མམ་ཐེག་དགུའི་རྣམ་བཤད། དམིགས་བསལ་རྒྱ་ཞིག་དགོན་པའི་ལོ་རྒྱུས་དང་བཤད་སྒྲུབ་བསྟན་པ་དར་རིམ། གཞན་ཡང་རྟགས་བརྒྱད་ནོར་བདུན་གྱི་བྱུང་རིམ་ལ་སོགས་རིམ་པས་བཤད་ན་ཚིག་གི་སྤྲོས་པ་རྒྱ་ཆེ་ཞིང་། དོན་གྱི་བརྗོད་གཞི་གཏིང་ཟབ་པའི་གླེགས་བམ་ཤིན་ཏུ་ཆེ་བ་ཞིག་འབྲི་བཞེངས་བྱ་ཆོག་པ་ཞིག་ཀྱང་ཡིན་ནོ།།) རང་གཞན་ཚང་མས་རི་མོ་འདི་ཉིད་དེ་དང་དེ་འདྲའི་དམིགས་རྟེན་དུ་བཤམས་ཏེ་འདི་ལ་མཆོད་པ་འབུལ་བ་དང་། ཕྱག་ཕུལ་བ། དད་མོས་བསྒོམ་པ་ལ་སོགས་གང་ཞིག་བྱས་ན་བྱས་ཆོག་དང་དྲན་ན་དྲན་ཆོག་ཡིན་པའི་གསལ་བྱེད་དུ།

འདི་ཡང་གདོང་བཙུན་གྱི་ན་བ་ཤེས་རབ་བློ་གྲོས་ཀྱིས་སྤྱི་ལོ ༢༠༢༠ ལོའི་ཟླ ༧ པའི་ཚེས ༢༡ ཉིན་རྔ་ཡུལ་སྣང་ཞིག་བཀྲ་ཤིས་གཡུང་དྲུང་གླིང་དུ་ཤར་མར་སྦྱར་བ་དགེ་གྱུར་ཅིག བཀྲ་ཤིས་སོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།