འཛམ་གླིང་ན་དཀོན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་གླེང་བ།

[ཟླ་ཚེས། 2020-02-03 21:57:05][རྩོམ་པ་པོ། དགེ་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  དགེ་སློང་བསྟན་པ་འབྲུག་གྲགས་ལགས་ནི་1958ལོར་ཡབ་སྒང་བ་དགྲ་བླ་དང་ཡུམ་ཤིང་འགབ་ཀླུ་རིས་གཉིས་ཀྱི་སྲས་སུ་ངོ་མཚར་དང་ལྟས་བཟང་ཅི་ཡང་མེད་པར་སྤྱིར་བཏང་གི་མི་བུ་ནང་བཞིན་མགོ་ཆེ་ལྕོག་གི་ཀད་ག་ཚང་ཅེས་པའི་དུད་ཁྱིམ་ཞིག་ཏུ་ཚེ་སྲོག་གི་དབྱངས་རྟ་ཕྲ་མོ་ཐོག་མར་ཐིམ་པ་ནས་བཟུང་། རིག་གནས་ཀྱི་གཡང་སྒམ་ཆེན་པོ་ཞིག་བོད་ན་ལྷུང་ཡོད་ཅེས་བཤད་ན་འུར་མི་ཆེ་སྙམ། རྒྱུ་མཚན། ཁོང་གི་འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་གལ་གཟས་ནས་བལྟས་པ་ཡིན་ན། སྒྱུ་རྩལ་གྱི་གླེགས་བམ་ཆེན་པོ་ཞིག་གི་ཁ་འབྱེད་པ་དང་ཀུན་ནས་མཚུངས་པར་ཀློག་པོ་ཁྱེད་རང་སྒྱུ་རྩལ་གྱི་ཞིང་ཁམས་ཞིག་ཏུ་ཁྲིད་ངེས་ཡིན་ལ། ད་རུང་སྣང་ཞིག་དགོན་ཆེན་ན་དེ་འདྲའི་སྒྱུ་རྩལ་གྱི་སྐྱེས་བུ་དམ་པ་གང་མང་མང་ཞིག་ཡོད་དམ་ཞེས་བླ་ཐབས་དྲི་བ་མི་སྐྱེ་རང་སྐྱེ་ཡིན། ཁོང་གིས་གཞན་དང་མ་བསྟུན་པའི་འབད་བརྩོན་གྱིས་དཔར་རྐོ་རིག་གནས་ལ་ཤི་འཐམ་རོ་འཐམ་བྱས་ཤིང་། དུས་ཚོད་ཡོད་ཚད་དཔར་རྐོའི་ལས་རིགས་ལ་ཕུལ་ནས། ཏག་ཏག་རང་ལོ་བཅུ་དྲུག་ནས་བཟུང་སྟེ། ལས་རིགས་དེའི་ཕྱོགས་ལ་འབད་འབུངས་བྱས་པས་ད་ལྟ་འུ་ཚོས་བལྟས་ན་མིག་གིས་མཐོང་བའི་འབྲས་བུ་འདི་དག་བྱུང་བ་རེད། ཁོང་གིས་བརྐོས་པའི་ཤིང་བརྐོས་ལ་གཞན་དང་མ་བསྟུན་པའི་ཁྱད་ཆོས་མངོན་གསལ་ཡོད་ཅིང་། བརྐོས་པའི་ཤིང་ཡིག་གི་གོང་འགབ་དོ་མཉམ་ཞིང་ཞིབ་ཚགས་ལྡན་པ། བརྐོས་པའི་ཤིང་ལྷ་ཡིན་ནའང་། ཕྱོགས་གང་ནས་བལྟས་ན་གསལ་ཆ་དོད་པོ་དང་བརྟད་པ་གཞན་ལ་ཡིད་འགུག་གི་ནུས་པ་སྟེར་བའི་ཁྱད་ཆོས་ཤིག་ཤིང་དཔར་གྱི་སྟེང་ལ་ཁ་མིན་དོན་གྱིས་གྲུབ་ཡོད། དེ་ཡང་ལོས་ཡོད་དེ། ལྷ་བཟོའི་པིར་ཆུད་ས་ན་དགེ་སློང་བསྟན་པ་འབྲུག་གྲགས་ལགས་ཀྱི་རྐོ་གྲི་ཆུད་ཅེས་ང་ཚོ་འདི་གའི་མི་དག་ལ་གཏམ་དཔེ་རུ་ཆགས་ཡོད། སྤྱིར་ན་ཁོང་གིས་ལྷ་ཞལ་གཅིག་དཔར་དུ་བརྐོས་དགོས་ན་དུས་ཚོད་ཐུང་ཐུང་ཅིག་གི་ནང་དུ་འགྲུབ་ངེས་ནའང་། མགྱོགས་རྒྱུ་གཙོ་བོར་མ་ཡིན་པར་ཁོང་གིས་ཞིབ་ཚགས་གཙོ་བོར་བཟུང་ནས་ཏག་ཏག་ཉི་མ་གཅིག་གི་དུས་ཚོད་བེད་སྤྱད་ནས་རྐོ་ཡི་ཡོད། དེར་བལྟས་ནའང་ཁོང་ངེས་པ་དོན་གྱི་དཔར་རྐོ་པ་ཞིག་ཡིན་པར་མཚོན་གྱིན་ཡོད།

  ཡང་གཅིག་བཤད་ན། ཁོང་འཚར་ལོངས་བྱུང་བའི་ལོ་རབས་ལ་མཚོན་ན། སྐྱ་ཆད་སྔོ་སྡུག་གི་ལོ་ཟླ་ཞིག་ཡིན་པ་མ་ཟད། དུས་ཚོད་ཡོད་ཚད་མཉམ་ལས་ཞེས་པའི་ཁོར་ཡུག་ཅིག་ནས་མི་འདོད་པ་བཞིན་དུ་ཟད་འགྲོ་བའི་དུས་རབས་ཤིག་ཏུ་ཁེལ་ཡོད་ཅིང་། ཐ་ན་སོས་དལ་བག་ཡོད་ཀྱིས་ངལ་གསོ་ཁོམ་ཡང་མེད། ཡིན་ནའང་། ཁོང་གིས་རང་ཉིད་ལ་དབང་བའི་དུས་ཚོད་ཅིག་རང་གིས་བཙལ་ནས་དཔར་རྐོ་རིག་གནས་ལ་ལུས་ཕུལ་སེམས་ཕུལ་བྱས་ནས་སྔར་གྱི་ཆོད་སེམས་ལ་འགྱུར་བ་གཅིག་ཀྱང་མ་བྱུང་བར་ཞིབ་ཚགས་ངང་ཤིང་དཔར་སྣ་མང་ནས་འཐུས་ཚང་དུ་བརྐོས་པ་མ་ཟད། རིམ་བཞིན་ནར་སོན་ནས་ཁོང་གི་མི་ཚེའི་ཕུགས་འདུན་རིང་མོ་དཔར་རྐོ་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་ཏུ་བླ་ཐབས་མ་ཡིན་པར་དབང་བར་བྱས་པས་མི་རིགས་རིག་གནས་ཀྱི་སྟོང་ཆ་ཆེན་པོ་ཞིག་གི་ཁ་སྐོང་བྱས་ཡོད། ཏག་ཏག་དགུང་ལོ་བཅུ་དྲུག་ཐོག་མཁས་པའི་དབང་པོ་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་ཀྱི་བཀའ་དྲིན་ལས་དཔར་རྐོ་སྒྱུ་རྩལ་ལ་དུངས་བའི་བག་ཆགས་སྔར་ལས་ཇེ་ཟབ་ཏུ་བཏང་ཞིང་། ལོ་དེར་དགེ་རྒན་དམ་པ་སྨྲར་ར་ཞལ་གོ་ལགས་སློབ་དཔོན་དུ་བསྟེན། ཁོང་གི་དགེ་རྒན་དམ་པ་སྨྲར་ར་ཞལ་གོ་ལགས་ནི་རྨེའུ་རྒྱལ་པོས་བཀོད་སྒྲིག་འོག་ཏུ་རྗེ་ཙོང་ཁ་པ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་བོ་དཔར་དུ་རྐོ་མཁན་གྱི་མི་དྲུག་ཅུ་ལྷག་གི་གྲས་ནས་དཔར་རྐོ་བཟང་ཤོས་ཤིག་ཡིན། ཁོང་གིས་ཀྱང་སྐབས་དེར་སློབ་ཞོར་རྐོ་ཞོར་བྱས་ནས་ཟླ་བ་ལོ་ལ་མཐུད་ནས་ཁ་འདོན་སྐོར་སོགས་བརྐོས་ནས་སྦྱངས་བ་མི་དམན་པ་བྱས་ཤིང་། ཁོང་གི་དགེ་རྒན་དང་ལས་གྲོགས་ཚོས་མཐར་ཏག་ཏག་མི་ལོ་བཅུ་བདུན་རིང་དུ་བརྐོས་ནས་གསུང་འབུམ་ཆ་ཚང་ལེགས་འགྲུབ་བྱུང་། ཁོང་གི་སྔ་གཞུག་ཏུ་ག་ས་གང་གི་འབྲོག་པ་དང་རོང་བ་དག་གི་འདོད་པ་བཞིན་དུ་བན་བོན་གྱི་ཁ་འདོན་སྣ་མང་དཔར་དུ་བརྐོས་ནས་རིམ་བཞིན་བྱང་ཆ་མེད་པ་ནས་ཡོད་པའི་ལམ་དུ་བསྐྱོད་དེ་ཉིན་རེ་ནས་ཉིན་རེ་བཞིན་དཔར་རྐོའི་ལག་ཤེས་ཇེ་འཛོམས་སུ་གྱུར་སྟེ་ག་ས་གང་ནས་དཔར་རྐོ་བསྟན་པ་འབྲུག་གྲགས་ཞེས་མི་ཤེས་མཁན་གཅིག་ཀྱང་མེད་པར་གྱུར།

  དགུང་ལོ་ཉེར་དྲུག་ཐོག་འབྲོག་དགེ་དགོན་གྱི་ཨ་ཁུ་མཚན་ལེགས་ཚང་ལ་ཁོང་དང་དཔར་རྐོ་སྐོར་ཞིག་གིས་བརྒྱད་སྟོང་པ་ཆ་ཚང་ཞིག་བརྐོས་པ་མ་ཟད་ཁོང་གིས་བརྐོ་རྒྱུ་དེ་ཡང་ཞིབ་ཚགས་རང་བཞིན་ཅན་དུ་སོང་བས་ཨ་ཁུ་མཚན་ལེགས་ཚང་གི་ཐུགས་ཡིད་ཚིམ་སྟེ་ཁོང་ལ་བཀའ་དྲིན་ཚད་མེད་ཞུས་པ་མ་ཟད་རྐོ་གླའང་ལྡབ་འགྱུར་གྱིས་གནངས། དེ་ནས་ཡང་ལོ་འགའི་རྗེས་ལ་མཁས་པའི་དབང་པོ་སྣང་སྟོན་ནམ་མཁའ་བློ་གྲོས་དཔལ་བཟང་བོ་མཆོག་གི་སྐྱེས་ཚོགས་ཤིང་དཔར་དུ་རྐོ་འགོ་བརྩམས་ཤིང་། ཏག་ཏག་མི་ལོ་ཧྲིལ་བོ་བརྒྱད་ཀྱི་དུས་ཚོད་བེད་སྤྱད་ནས་ཟས་སྐྱུད་གཉིད་གཅོག་གི་དཀའ་བ་བྱས་ཏེ་མཇུག་ལེགས་པར་གྲུབ་ཅིང་། ད་ལྟ་སྣང་ཞིག་དགོན་ཆེན་གྱི་འདུ་ཁང་དུ་བཞུགས། དེར་བརྟེན་རིམ་བཞིན་ཁོང་གི་སྤོབས་པ་ཡང་སྔར་ལས་ཇེ་ཆེ་རུ་གྱུར་སྟེ་རླབས་ཆེན་གྱི་བྱ་བཞག་ལ་འཇུག་འགོ་བརྩམས་ཤིང་། དཔར་རྐོ་བ་ཞིག་ལ་མཚོན་ན། དཔར་ཡག་པོ་ཞིག་བརྐོ་རྒྱུ་དམིགས་ཡུལ་གཙོ་བོ་ཡིན་པ་མ་ཟད་ལས་རིགས་དེའི་ཐོག་ནས་མི་ལུས་བླངས་བའི་དོན་གོ་ཆོད་པ་ཞིག་བྱ་རྒྱུའང་འུ་ཚོ་ཐུན་མོང་ལ་ལས་ཀྱིས་སྤྲད་པའི་འགན་འཁྲི་ཞིག་ཡིན་པའི་འདུ་ཤེས་ཀྱི་འོག་ནས། ཁོང་གིས་ཀྱང་མིའི་རིགས་ལ་རིག་གནས་ཀྱི་ཞབས་ཞུ་ཞིག་དང་སྒྱུ་རྩལ་བརྩམས་ཆོས་ཆེན་མོ་ཞིག་གིས་ཐོག་མར་ཁོང་གིས་མི་ལུས་བླངས་བའི་དོན་གོ་ཆོད་ཡོད་ཅེས་ཀུན་ལ་བརྡ་ཞིག་གི་ཚུལ་དུ། དགུང་ལོ་ཉེར་བརྒྱད་ཐོག་ནས་རྐང་གཉིས་མི་ཡི་གཙོ་བོ་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་གི་རྣམ་པར་ཐར་བ་རྒྱས་འབྲིང་བསྡུས་གསུམ་ལས་བསྡུས་པ་མཛད་བཅུའི་རྣམ་ཐར་དཔར་དུ་རྐོ་འགོ་བརྩམས་ཤིང་། དེ་ཡང་རྐོ་དགོས་ན་ཆ་རྐྱེན་ངེས་ཅན་ཞིག་འཛོམས་དགོས་མ་ཟད། རྐོ་ཤེས་པ་ཙམ་གྱིས་མི་ཆོག་པར་མཛད་བཅུའི་མ་དཔེ་ཡག་པོ་ཞིག་ལག་ལ་རག་རྒྱུ་མ་མཐའི་ཆ་རྐྱེན་ཡིན། དེ་བས་ཁོང་ག་ས་གང་ལ་ཞབས་ཐང་དུ་བསྐྱོད་དེ། དེའི་སྐོར་ནས་འབྲེལ་ཡོད་དག་ལ་རྒྱུས་ལོན་བྱས་མཐར། སྐྱབས་རྗེ་མཐོང་བ་དོན་ལྡན་སྣང་སྟོན་ནམ་མཁའ་བློ་གྲོས་ཀྱི་དངོས་སློབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་གིས་རྔ་ཡུལ་རྟོགས་ལྡན་དགོན་གྱི་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཚང་ལ་ལྷ་བཟོ་དབའ་ཡིས་བྲིས་པའི་མ་དཔེ་ཡག་པོ་ཞིག་ཡོད་རབས་གསུངས་པར་བརྟེན། དགེ་སློང་བསྟན་པ་འབྲུག་གྲགས་ལགས་རྔ་ཡུལ་རྟོགས་ལྡན་དགོན་ཆེན་དུ་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཚང་གི་སྐུ་མདུན་དུ་བཅར་ནས། དེའི་སྐོར་གྱི་སྙན་ཞུ་བྱས་ཤིང་། ཁྲི་བ་ཚང་གིས་ཀྱང་ཐུགས་དགྱེས་དགྱེས་བྱས་ནས་ཁྱོད་ཀྱི་བྱ་བ་འདི་ཧ་ལས་པ་ཡག་རབས་དང་སྤྱིར་ན་རིག་གནས་ཀྱི་ཞབས་ཞུ་ཞིག་དང་ནང་སྒོས་སུ་རྒྱལ་བ་གཤེན་གྱི་བསྟན་པ་ལ་ཕན་ཐོགས་པའི་བྱ་བ་རླབས་ཆེན་ཞིག་ཡིན་པས་ངས་ཁྱོད་ལ་རྒྱུ་ཚེགས་གང་གིས་མཐུན་རྐྱེན་བསྒྲུབ་དགོས་ཀྱང་ཆོག་ཅེས་ཐོག་མའི་རྟེན་འབྲེལ་དུ་སྒོར་བཅུ་གསུམ་དང་དར་ཁ་ཞིག་དགེ་སློང་བསྟན་པ་འབྲུག་གྲགས་ལགས་ལ་ཕུལ་བའོ།།

  དེ་ནས་ཁྲི་བ་ཚང་གིས་གཡར་བའི་མཛད་བཅུའི་ཐང་ཀ་མ་དཔེ་བྱས་ནས་ལྷ་བཟོ་རྒྱ་མཚོ་ལགས་ལ་ཐང་ཀ་རེ་ལ་སྒོར་བརྒྱ་ཡར་མར་རེ་བྱིན་ནས་བྲིས་ཞིང་། ལོ་དེ་ཡང་ཛམ་ཐང་དུ་རྐོ་ཤིང་འཐུ་རུ་སོང་། རྐོ་ཤིང་ཚང་མ་མི་བཞི་ཡིས་ཉི་མ་བདུན་གྱི་དུས་ཚོད་བེད་སྤྱད་ནས་འཐུས་རྗེས་ཕྱིར་རང་དགོན་དུ་ལོག ལོ་དེར་སྣང་ཞིག་དགོན་ཆེན་གྱི་ཞལ་ངོ་ལས་ཐོགས་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་ཚང་ལ་མཛད་པ་བཅུ་གཉིས་ཀྱི་ཤིང་དཔར་སྐོར་ནས་སྙན་ཞུ་བྱས་ཞིང་། དགེ་བཤེས་ཚང་གིས་ཀྱང་ཐུགས་དགྱེས་དགྱེས་ངང་ནས་ཡག་རབས་དང་རྟེན་འབྲེལ་འགྲིག་རབས་ཀྱི་རིམ་པ་མང་པོ་ཞིག་གསུངས་ཞིང་། ད་ལོ་ཡིན་གཅིག་མིན་གཅིག་གིས་གྲྭ་ཚང་འདུས་པ་རྒྱ་མཚོར་སྙན་ཞུ་བྱེད་དགོས་ཞེས་སྙན་ཞུ་བྱས་པ་མ་ཟད། མ་འོངས་བ་ཡིན་ན་མཛད་བཅུའི་ཤིང་དཔར་གྱི་མཇུག་ལེགས་པར་འགྲུབ་དགོས་ཞེས་ལྷ་སྲུང་རྣམས་ལ་འཕྲིན་བཅོལ་ཞུས། དེ་ནས་བཟུང་ད་དབར་དུ་ཏག་ཏག་མི་ལོ་སུམ་ཅུ་སོ་ལྔ་འགྲོ་ཡི་ཡོད་ལ། ལོ་དེ་དག་གི་རིང་དུ་ཁོང་གི་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ཡོད་ཚད་དཔར་རྐོར་ཕུལ་ནས། ཐ་ན་ཉིན་གཅིག་ལའང་སོས་དལ་བག་ཡོད་ངང་འདུག་ཁོམ་མེད་པར། ནངས་སྔ་ལངས་དང་དགུང་འཕྱི་ཉལ་བྱས་ནས། གཟི་བརྗིད་དང་རྒྱལ་ཁའི་ངང་ནས་འཛམ་གླིང་ན་དཀོན་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཆེན་པོ་ཞིག་གམ། མ་འོངས་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་དུ་འགྱུར་བཏུབ་པའི་དཔར་ཤིང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་གི་མཛད་པ་བཅུ་གཉིས་ཀྱི་དཔར་ཤིང་ཅིག་འགྲུབ་ལ་ཉེ་བ་འདི། ངེས་པ་དོན་གྱི་དཔར་རྐོ་པ་ཆེན་མོ་ཁོང་གིས་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཞིག་གི་འོག་ནས་མ་བཙལ་ལྷུན་གྱིས་གྲུབ་སྟེ་རྙེད་པ་ཞིག་ག་ནས་ཡིན་ཏེ། མི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་དུ། དཀའ་བ་སྟོང་ཕྲག་གི་ལམ་ཆེན་མང་པོ་ཞིག་བརྩོན་འགྲུས་དང་སྙིང་སྟོབས་ཀྱིས་བརྒལ་ཏེ་འོང་བ་ཞིག་ཡིན་པས། ང་ཚོ་འགྲོ་བ་མི་ཞིག་ཡིན་ཕྱིན་ཁ་མིན་དོན་གྱིས་ཁོང་ལ་སོར་བཅུའི་ཐལ་མོ་སྤྱི་གཙུག་ན་སྦྱར་ཏེ་བཀའ་དྲིན་ཆེ་ཞུ་འོས་སོ།། ཞེས་བདག་གི་དགེ་སྤུན་དམ་པ་མཁྱེན་རབ་རྒྱ་མཚོ་འམ་རྒྱལ་གཤེན་བོན་སྒྲའི་རྩོམ་སྒྲིག་པ་རྔ་རང་རིག་ལགས་ཀྱི་ལྷག་བསམ་རྣམ་དག་གིས་བསྐུལ་བ་ལ་བརྟེན་ནས་ངོ་སྤྲོད་རྒྱས་པ་འདི་དགེ་བློ་གྲོས་ཀྱིས་བྲིས་པ་འཛམ་གླིང་རྒྱན་དུ་འགྱུར་བའི་དཔལ་དུ་ཤོག ། ༢༠༡༩/༡༢/༢ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།