ཞང་ཞུང་ཤེས་རིག་ཁྲོད་ཀྱི་གཡུང་དྲུང་ཞེས་པའི་བརྡ་ཆད་འཚོལ་བ།

[ཟླ་ཚེས། 2015-09-22 20:59:54][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

webwxgetmsgimgFG1RJUIM.jpg

     བོད་རིག་པའི་ཞིབ་འཇུག་གི་བྱ་བཞག་ཁྱོན་ཡོངས་ནས་གཏིང་ཟབ་གོང་འཕེལ་དུ་ཕྱིན་པའི་རྣམ་པ་བཟང་པོའི་འོག བོད་ཀྱི་ཆོས་དང་ཤེས་རིག་གི་གྲུབ་ཆ་གཙོ་གྲས་སམ་ལོ་རྒྱུས་ཀྱི་འབྱུང་ཁུངས་གལ་ཆེན་ཡིན་པའི་ཞང་ཞུང་རིག་གནས་ཞིབ་འཇུག་གི་བྱ་བཞག་ཀྱང་འཁྲུག་ཆ་དོད་པའི་སྣང་ཚུལ་དང་བཅས་ཞིབ་འཇུག་གི་དུས་རབས་གསར་བ་ཞིག་ཏུ་བསླེབས་ཡོད་པས་མ་ཚད། ཞང་ཞུང་ཤེས་རིག་གི་བསམ་བློའི་དཔལ་ཡོན་གྱི་སྒྲོམ་གཞིའི་ཁྱབ་ཁོངས་ནང་གི་རིག་ཚན་ཁག་ཅིག་ལ་འབུར་དུ་ཐོན་པའི་རིག་གཞུང་ཞིབ་འཇུག་གི་འབྲས་བུའང་དགའ་འོས་པ་བྱུང་དང་འབྱུང་བཞིན་པ་བརྒྱུད། ད་ཆར་འཛམ་གླིང་སྟེང་གི་བོད་རིག་པའི་གཟུར་གནས་མཁས་ཆེན་མང་པོ་ཞིག་གིས་ཀྱང་ཞང་ཞུང་ཤེས་རིག་གི་དོན་དངོས་ཀྱི་གཞི་རྐང་གི་རིན་ཐང་ལ་ཞིབ་འཇུག་གི་ལག་འཇུ་བྱེད་པའི་མགོ་རྩོམ་ཞིང་། བོད་ཀྱི་ཆོས་རིག་གཙོས་པའི་ཁ་བ་གངས་ཅན་པའི་ཡ་ཐོག་ལོ་རྒྱུས་སྤྱི་ཡི་འཕེལ་རིམ་ལ་རྒྱུ་མཚན་གྱི་ཐོག་ནས་བསྐྱར་ཞིབ་དོ་ནན་གཏིང་ཟབ་བྱེད་དགོས་པའི་ཕྱོགས་སུ་བློ་ཁ་གཏོད་བཞིན་ཡོད་པ་སོགས་ནི། མཚོ་བོད་མཐོ་སྒང་གི་གནའ་བོའི་བསྐལ་བའི་དུས་ཀྱི་ཆོས་སྲིད་ལོ་རྒྱུས་ཀྱི་བྱུང་བ་དང་། དད་མོས་ཕུགས་འདུན་གྱི་བསམ་བློའི་དཔལ་ཡོན་ཇི་སྙེད་ཡོད་མེད་མཚོན་པའི་ཞང་ཞུང་ཤེས་རིག་གི་བཞིན་རས་རྣལ་མ་ཡུན་རིང་བག་ལ་ཞ་བ་གང་ཞིག མི་འགྱང་བའི་དུས་རབས་ཀྱི་ཆར་དཔྱོད་ལྡན་དག་གི་མིག་ངོར་སྔར་ལས་གསལ་བར་ལྷང་ལ་འབུད་ཐུབ་པའི་ལོ་རྒྱུས་རང་བཞིན་གྱི་རྟགས་མཚན་དགའ་འོས་པ་ཞིག་ཏུ་མཐོང་ཐུབ་ཅིང་། དེ་ལ་འདིར་ཁོ་བོས་ཀྱང་རང་ཉིད་དཔྱོད་ངོར་གོམས་པའི་ལོ་རྒྱུས་སྨྲ་བ་ཞིག་ཀུན་ནས་མིན་ཞིང་ཁྱད་པར་ཞང་ཞུང་ཤེས་རིག་གི་བརྗོད་གཞི་ཆེན་པོ་དེའི་ཐོག་ལ་མཁས་པ་གང་ཡང་མ་ཡིན་པའི་ཚུལ་ལ་མ་བལྟོས་པར། བོད་མི་རིགས་ཀྱི་བསམ་བློའི་ཤེས་རིག་གི་འཚོ་བའི་རླབས་རྒྱུན་ཁྲོད་ན་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྲག་རྒྱུན་གྱི་འཕར་རྩ་ལྟ་བུའི་རིག་གཞུང་གི་ངོ་བོ་སྟོན་པར་དབང་བའི་ཞང་ཞུང་ཤེས་རིག་ཁྲོད་ཀྱི་རྒྱུན་མཐོང་གི་བརྡ་ཆད་ཅིག་སྟེ། གཡུང་དྲུང་ཞེས་པའི་ཐ་སྙད་ཀྱི་བརྗོད་བྱའི་སྙིང་པོ་ཅི་ཡིན་ཐད་ལ་རྒྱ་ཆེའི་མཁས་དབང་རྣམ་པའི་མདུན་སར་དཔྱད་བརྗོད་རགས་ཙམ་སྤེལ་བར་ཞུགས་རྒྱུ་ཡིན།

གཅིག གཡུང་དྲུང་ཞེས་པའི་ཐ་སྙད་ཀྱི་གོ་དོན།

     ཞང་ཞུང་ཤེས་རིག་ཁྲོད་ཀྱི་དྲུང་མུའམ་བོད་ཀྱི་བརྡར་གཡུང་དྲུང་དུ་འབོད་པའི་ཐ་སྙད་དང་ཐ་སྙད་དེའི་གོ་དོན་མཚོན་ཐུབ་པའི་གཡུང་དྲུང་གི་རི་མོའི་རྟགས་མཚན་ཙམ་ནི། གནའ་དཔྱད་རིག་པའི་དཔྱད་ཞིབ་བྱས་པར་གཞིག་ན་མཚོ་བོད་མཐོ་སྒང་གཙོས་པའི་འཛམ་གླིང་གི་ཡུལ་གྲུ་མང་དག་ཅིག་ལ་སྔ་མོ་ནས་ཡོད་ངེས་ཡིན་པར་ཚོམ་པ་ཅི་ཡང་གནང་མི་དགོས་ནའང་། རིགས་དང་སྐྱེས་རྒྱུད་ཁ་དོག་མི་གཅིག་པའི་མི་རིགས་སོ་སོའི་བསམ་གཞིག་གི་འདུ་ཤེས་སམ་དད་འདུན་དང་རིག་གནས་ཀྱི་ཁོར་ཡུག་མི་འདྲ་བའི་དབང་གིས། གཡུང་དྲུང་གི་རི་མོའི་མཚོན་དོན་ཐད་ལ་འདི་ཞེས་ངོས་འཛིན་གཅིག་གྱུར་བ་ཞིག་བྱུང་མེད་པ་ཟེར་བལྟས་ལེབ་མཐོང་གི་དཔེ་རུ་ཤིན་ཏུ་གསལ་བོར་སྣང་། གང་ལྟར་ཡང་འདིར་ཁོ་བོའི་བསམ་པར་ཞང་ཞུང་ཤེས་རིག་གི་མཚན་གཞིར་གྱུར་བའི་གཤེན་བསྟན་རིང་ལུགས་འཛིན་པ་རྣམས་ལ་མཚོན་ན་གཡུང་དྲུང་ཞེས་པའི་བརྡ་དོན་ལ་གནའ་ནས་བཟུང་ངེས་ཤེས་ཀྱི་རིག་གདེང་གཞན་དྲིང་མི་འཇོག་པ་ཅིག་རྙེད་པ་བརྒྱུད་ཁོ་ཚོས་གཡུང་དྲུང་ལ་དུས་ནམ་ཡང་ཀུན་ནས་དང་བ་དང་གཙིགས་ཆེན་བླ་མེད་བྱེད་པའི་ལྟ་བ་སྙིང་ལ་བཅར་བས་མ་ཚད། གཡུང་དྲུང་གི་རི་མོ་འདི་ཉིད་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ཞང་ཞུང་བོན་པོའི་ཆོས་ལུགས་མཚོན་རྟགས་ཀྱི་ཁྱད་འཕགས་རི་མོ་ཉག་གཅིག་ཏུ་ཡོངས་སུ་བཀུར་བ་ནི་བོན་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་རེད་སྙམ། དེའི་རྒྱུ་མཚན་ཡང་བོན་གྱི་གཞུང་ལུགས་མང་པོའི་བསྟན་དོན་ལྟར་ན་གཡུང་དྲུང་ཞེས་པའི་མིང་ཚིག་ལ་བརྟེན་ནས་འཁོར་འདས་ལམ་གསུམ་གྱི་བོན་ནམ་བློའི་ཡུལ་དུ་བྱ་རུང་བའི་ཤེས་བྱ་མཐའ་དག་གི་སྣང་བ་རྟེན་འབྱུང་ཀུན་རྫོབ་མ་འགག་པའི་ཆ་དང་། དེའི་རང་བཞིན་ནམ་དོན་དམ་ཇི་ལྟ་བའི་གནས་ལུགས་ཀྱི་ཁྱད་བོན་གཏན་ལ་འབེབ་ཐུབ་པས་ཡིན་དགོས་པ་སྟེ། དེ་ཡང་བོན་ཐམས་ཅད་ཀྱི་གནས་ལུགས་བདེན་གཉིས་དོ་མཉམ་མམ་སྐྱེ་འགག་གཉིས་མེད་ཀྱི་དོན་སྟོན་པའི་རིགས་སུ་གནས་པ་ནི་གཡུང་དྲུང་གི་བསམ་བློའི་ཤེས་རིག་གི་ངོ་བོའམ་གོ་དོན་རྣལ་མ་ཉག་ཅིག་དེ་ཡིན་ངེས་ཤིང་། གཡུང་དྲུང་ཆག་ཤིང་ནི་གཡུང་དྲུང་གི་མཚན་གཞི་ནོར་འཛོལ་གྱི་ཆ་དང་བྲལ་བ་ཡིན་པ་ཕྱོགས་གང་ནས་དཔྱད་ཀྱང་དོན་ལ་ལེགས་པར་གནས་པ་ཞིག་རེད། གཡུང་དྲུང་བོན་གྱི་དགོན་སྡེ་མང་པོར་མཐོང་རྒྱུ་འདུག་ཅིང་བཤད་མ་ཐག་པའི་གཡུང་དྲུང་ཆག་ཤིང་ལ་མཚོན་ན། གཡུང་དྲུང་ཆག་ཤིང་གི་སྣེ་གཉིས་ཀྱི་གཡུང་དྲུང་གི་རི་མོས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་མཚོན་པར་བྱེད་ལ། བར་གྱི་ལྕུམ་བཞོགས་ཀྱིས་སེམས་སྡེ་བླ་མེད་རྫོགས་པ་ཆེན་པོའི་དགོངས་པ་མཚོན་པ་ཡོངས་གྲགས་ཀྱི་ལྟ་བར་ཆགས། དེ་བས། སེམས་ཅན་གྱི་རྒྱུད་ཀྱི་མ་རིག་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲ་བ་རྣམས་ཟིལ་གྱིས་གནོན་པའི་ཐབས་ལམ་ཉག་ཅིག་སྟེ་གཡུང་དྲུང་བོན་ཞེས་འབོད་པའི་བོད་ཀྱི་ཆོས་རྒྱུད་དེ་ནི། མདོ་སྔགས་རྫོགས་གསུམ་གྱི་ལམ་ནས་གྲུབ་མཐའི་རྣམ་བཞག་སྨྲ་བར་དབང་བའི་ཐེག་པ་ཆེན་པོའི་རིང་ལུགས་འབའ་ཞིག་ཏུ་ཡོད་པ་གཡུང་དྲུང་ཆག་ཤིང་གིས་མཚོན་པར་བྱེད་ཅིང་། གཡུང་དྲུང་ལ་ངེས་ཚིག་གམ་སྒྲ་བཤད་ཀྱང་འཇོག་ཏུ་ཡོད་དེ། ཇི་སྐད་དུ། མདོ་གཟེར་མིག་ལས། གཡུང་ཞེས་བྱ་བ་དོན་ལས་མི་ཡེངས་པ། །དྲུང་ཞེས་བྱ་བ་རྟག་ལས་མི་འགྱུར་བ། །ཞེས་ཚིག་རྐང་དང་པོས་དོན་དམ་སྐྱེ་མེད་དང་། ཚིག་རྐང་གཉིས་པས་ཀུན་རྫོབ་འགག་མེད་དེ་མཐར་གཏུག་ན་བོན་ཐམས་ཅད་བདེན་གཉིས་དོ་མཉམ་ཟུང་འབྲེལ་དུ་འབྱུང་བའི་རིག་གཞུང་གི་ལྟ་བ་གཏིང་ཟབ་ཏུ་སྟོན་པར་བྱེད་ལ། མདོར་ན་གཡུང་དྲུང་ཞེས་པ་ནི་བློས་ཡིད་དུ་བྱ་རུང་བའི་ཤེས་བྱའམ་དངོས་པོ་སྟེ་བོན་ཐམས་ཅད་ཀྱི་བོན་ཉིད་དོན་གྱི་གནས་ལུགས་མི་འགྱུར་བར་མཚོན་པའི་ཤེས་བྱའི་བརྡ་དོན་གྱི་ཐ་སྙད་ཅིག་ཡིན་པར་མ་ཟད། མཚོ་བོད་མཐོ་སྒང་ཆེན་པོའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཤེས་རིག་གི་རྩ་བའི་བརྟན་གཞིའམ་ཆོས་རིག་ལྟ་གྲུབ་ཀྱི་བསམ་བློའི་འབྱུང་ཁུངས་རྣལ་མ་སྟེ། གཡུང་དྲུང་བོན་གྱི་ཆོས་རྒྱུད་གྲུབ་མཐའི་ངོ་བོ་སྟོན་ཐུབ་པའི་ལོ་རྒྱུས་ཤེས་བྱའི་ཐ་སྙད་གལ་ཆེན་ཞིག་ཀྱང་ཡིན་ལ། འཁོར་འདས་བརྟན་གཡོའི་རང་རྐང་གི་དབང་དུ་བྱས་པའི་བོན་ནམ་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་གཤིས་ཀྱི་གནས་ལུགས་ནི་ཡེ་ནས་འགྱུར་བ་དང་མཐའ་བརྒྱད་ཀྱི་ཞེན་ཡུལ་མཚན་མ་ལས་ཡོངས་སུ་གྲོལ་ནའང་། དངོས་དོན་དུ་བདེན་པར་ཡོད་པ་མ་ཡིན་ཡང་འཇིག་རྟེན་སྒྱུ་མའི་ངོ་བོར་བདེན་པའི་དོན་ལྟར་སྣང་བའི་ཀུན་རྫོབ་བོན་ཅན་གྱི་སྣང་བ་ཙམ་ཞིག་རྟེན་ཅིང་འབྲེལ་འབྱུང་གི་སྒོ་མ་འགག་པར་སྣང་སྟོང་ཟུང་འཇུག་ཏུ་འབྱུང་བར་བཞེད་པའི་ཆོས་རྒྱུད་ལྟ་གྲུབ་ཀྱི་ཁྱད་དབང་གིས་བཏགས་པའི་གཞུང་ལུགས་ཀྱི་ཐ་སྙད་གལ་ཆེན་ཞིག་ཀྱང་ཡིན་པ་སྨོས་ཅི་ལ་དགོས། 
     གོང་གི་རྒྱུ་མཚན་དེ་དག་གིས་ཕྱིར་ན་གཡུང་དྲུང་གི་ཐ་སྙད་འདིས་དམིགས་ཤིང་གཞོལ་ལ་རྗེས་སུ་འཛིན་པའི་དྲུང་མུའམ་གཡུང་དྲུང་གི་བསྟན་དོན་གཞར་ཡང་མི་འདོར་བ་ཞིག་ལ། གཡུང་དྲུང་གི་རིག་སྟོབས་ཀྱིས་ཁྱབ་པའི་ཤེས་རབ་ཀྱི་འོད་སྣང་ངམ་གཡུང་དྲུང་གི་གནས་ལུགས་ནི་བྱེད་པ་པོ་དང་བློས་དཔག་པའམ་མཐའ་ལ་སོགས་རིགས་དང་མུའི་མཚན་མ་ལས་ཡེ་ནས་འདས་པས་ན་མུ་མེད་པར་འདོད་པ་དང་། དེ་བཞིན་གཡུང་དྲུང་གི་གནས་ལུགས་དེ་ཉིད་ཀུན་ལ་ཁྱབ་ཅིང་རྒྱ་ཆེ་བས་བློ་ལས་འདས་པ་སྟེ་འབྱམས་ཡས་པར་འདོད་པ། གཡུང་དྲུང་གི་ངོ་བོ་ཕྱོགས་ལྷུང་གི་སྤྲོས་པའི་མཚན་མ་དང་གདོད་ནས་བྲལ་བས་ན་རྒྱ་མ་ཆད་པར་འདོད་པ། གཡུང་དྲུང་ལ་དྭངས་སྙིགས་ལ་སོགས་བཟང་ངན་གྱི་སྤྲོས་པ་མེད་པས་ཁ་གཏིང་མེད་པར་འདོད་པ། གཡུང་དྲུང་གི་དོན་ནི་རྟོག་དཔྱོད་དང་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་ན་འདི་ཞེས་སུས་ཀྱང་དཔག་ཏུ་མེད་པར་འདོད་པ། གཡུང་དྲུང་གི་ཀློང་ལ་མ་ཤོང་བ་དང་ཡངས་དོག་གི་མཚན་མ་དང་བྲལ་བས་ཀུན་ལ་དོག་པ་མེད་པར་འདོད་པ། གཡུང་དྲུང་གི་དབྱིངས་ནི་བཟུང་འཛིན་གཉིས་སྣང་གི་མཚན་མ་མེད་པ་ལས་དུས་རྟག་ཏུ་མི་གཡོ་བས་བདལ་བ་ཆེན་པོར་ཡོད་པར་འདོད་པ། གཡུང་དྲུང་གི་རང་བཞིན་ནི་རྟག་ཆད་ཀྱི་མཚན་མས་ནམ་ཡང་ཟག་པ་དང་བྲལ་བས་དུས་གསུམ་དུ་ཟད་པ་མེད་པར་འདོད་པ། གཡུང་དྲུང་གི་གནས་ལུགས་ནི་དུས་དང་གནས་སྐབས་ཐམས་ཅད་ལ་འགྱུར་ལྡོག་གི་སྤྲོས་པའི་མཚན་མ་དང་བྲལ་བས་ན་གདོད་ནས་འགྱུར་བ་མེད་པར་འདོད་པ་སྟེ། མདོར་ན་གནས་ལུགས་མ་རྟོགས་པའི་བློ་ཡི་ངོར་བོན་ཅན་མཚན་མར་འཛིན་པའི་བློ་ལྡོག་ཅིང་བོན་ཉིད་ཀྱི་གནས་ལུགས་མཚན་མ་མེད་པ་མངོན་སུམ་དུ་རྟོགས་པའི་གནས་ལུགས་སོགས་ནི་གཡུང་དྲུང་གི་ཐ་སྙད་ཀྱིས་བསྟན་པའི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཞང་ཞུང་ཤེས་རིག་གི་ཁྱབ་ཁོངས་ཆེན་པོའི་ནང་གི་གཡུང་དྲུང་གི་བསམ་བློའི་དགོངས་དོན་བླ་ན་མེད་པ་ཞིག་རེད།
     དེས་མ་ཚད་གཡུང་དྲུང་གི་ཐ་སྙད་ཀྱི་མིང་ཚིག་རེ་རེ་བའི་དབང་དུ་བྱས་པའི་གཡུང་ཞེས་པ་ནི་དོན་དམ་བདེན་པ་སྟོན་པའི་བརྡ་ངག་སྟེ། དེ་ཡང་དོན་དམ་བདེན་པ་ཞེས་པའི་ཚིག་གིས་སྣང་ཞིང་སྲིད་པའི་བོན་ཐམས་ཅད་ཀྱི་བོན་ཉིད་དམ་གནས་ལུགས་ནི། དུས་དང་རྣམ་པ་ཀུན་ཏུ་རང་བཞིན་སྐྱེ་མེད་དང་། སྨྲ་བསམ་བརྗོད་བྲལ། བློ་འདས་ཕྱོགས་ལྷུང་རྒྱ་ཆད་དང་བྲལ་བའི་དོན་སྟོན་པར་དབང་བར་བྱེད་ཅིང་། དྲུང་ཞེས་པ་ནི་ཀུན་རྫོབ་བདེན་པ་སྟེ་བོན་ཐམས་ཅད་ཀྱི་བོན་ཅན་རྒྱུ་འབྲས་འགག་མེད་རྟེན་འབྱུང་གི་ཚུལ་དུ་ནམ་ཡང་བསླུ་བ་མེད་པར་འབྱུང་བའི་དོན་མཚོན་པ་སྟེ། གཏན་ཚིགས་ནི་ཇི་སྐད་དུ། མདོ་གཟེར་མིག་ལས། གཡུང་ནི་དོན་དམ་སྐྱེ་བ་མེད། །དྲུང་ནི་ཀུན་རྫོབ་འགག་པ་མེད། །ཅེས་འབྱུང་བ་ལྟར་ཡིན་ཞིང་མདོར་ན་གཡུང་དྲུང་གི་བརྡ་དོན་ནི་བོན་ཐམས་ཅད་ཀྱི་རང་བཞིན་སྐྱེ་མེད་ཀྱི་ངོ་བོར་བརྟན་ཞིང་དམ་པའི་དོན་ལ་འགྱུར་བ་མེད་པ་དང་། དེ་དག་ཐམས་ཅད་ཀྱང་སྣང་བ་ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་དུ་བྱས་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད་བོན་ཅན་མཚན་མའི་ཀློང་ན་ནམ་ཡང་ཞི་བདེ་འཆམ་མཐུན་་དང་། བདེན་པ་མཉམ་གནས། ཟབ་བརླིང་དཀྱེལ་ཡངས། རྒྱ་ཆད་ཕྱོགས་ལྷུང་མེད་པར་ཡུག་གཅིག་ཏུ་གནས་པ་མཚོན་པའི་བཀྲ་ཤིས་ཀྱི་རྟགས་མཚན་གལ་ཆེན་ཞིག་ཀྱང་ཡིན་ངེས་པ་དེ་རེད།

གཉིས། གཡུང་དྲུང་གི་རི་མོ་བྱུང་འཕེལ་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།

     སྤྱིར་གཡུང་དྲུང་གི་རི་མོར་མཚོན་ནའང་ཞང་བོད་ཆོས་རིག་གི་འཕེལ་རྒྱས་དང་དེའི་རིག་གཞུང་གི་བསམ་བློའི་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་པའི་བོད་ཀྱི་སྤྱི་ཚོགས་ཁྲོད་གཡུང་དྲུང་གི་རི་མོའི་འཁོར་ཕྱོགས་ལ་ཐབས་ཤེས་ཀྱི་དོན་མཚོན་ཕྱིར་གཡས་གཡོན་འདྲ་མིན་གང་ལྟར་དུ་བརྐོས་ཤིང་བྲིས་ཡོད་པ་མཐོང་རྒྱུ་སྣང་ཡང་། ཐ་སྙད་འདིའི་ནང་དོན་རྣལ་མ་ད་ལྟའི་ཆར་ཡང་སྤྱི་ཁྱོན་གྱིས་བལྟས་ན་བོད་དུ་ལྟོས་བཅས་ཀྱིས་རྒྱུད་འཛིན་གང་ལེགས་དང་དེ་ལ་བརྩི་མཐོང་འགངས་ཆེན་བྱེད་པས་མ་ཚད། གཡུང་དྲུང་གི་ཐ་སྙད་དང་ཐ་སྙད་དེ་མཚོན་བྱེད་ཀྱི་གཡུང་དྲུང་གི་རི་མོ་སོགས་ལ་ཡང་བོད་པའི་སྤྱི་ཚོགས་ཀྱི་བསམ་བློའི་གཏིང་དུ་དགའ་ཞེན་གྱི་བག་ཆགས་མཐུག་པོ་ཞིག་ཡོད་པ་ངང་ངམ་ཤུགས་ཀྱིས་མཐོང་ཐུབ་ཅིང་། དམུ་རིགས་རྒྱལ་པོའི་རྒྱལ་སྲས་ཏེ་སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོའི་ཐུགས་རྒྱུད་ཀྱི་གཞན་ཕན་སྙིང་རྗེ་དང་ཤེས་རབ་བླ་མེད་མཚོན་བྱེད་ཀྱི་ཐུགས་ཀའི་མཚན་དཔེ་དེ་ཡང་གཡུང་དྲུང་བོན་འཁོར་གྱི་རི་མོའི་རིས་སུ་འཇིག་རྟེན་ན་མངོན་པར་བཀྲ་ལ་ལྷང་ངེར་གསལ་བ་དང་། དོན་དེས་མཚོན་གཡུང་དྲུང་གི་རི་མོ་ལ་བོན་གྱི་འཁོར་ལོ་རྟག་ཏུ་བསྐོར་བའི་ནང་དོན་ཀྱང་འདུ་ལ། སངས་རྒྱས་ཀྱི་ཐུགས་རྗེ་འགྲོ་ལ་འཕྲོ་བའང་གཡུང་དྲུང་གི་རི་མོའི་ལམ་ནས་ཡོངས་སུ་མཚོན་ཐུབ་ཅིང་། གཡུང་དྲུང་ནི་རྐྱེན་ངན་གདོན་བགེགས་འཇོམས་བྱེད་ཀྱི་ལྷ་ཡི་ཕྱག་མཚན་རྩ་ཆེན་ཞིག་དང་། ཚེ་དཔལ་ལས་ཀླུང་གི་ཕྱྭ་གཡང་རྒྱ་མཚོ་འགུགས་པར་བྱེད་པའི་བཀྲ་ཤིས་པའི་རིགས་རྟགས་ཁྱད་མཚར་བ་ཞིག་ཏུ་ལུང་ལས་ཀྱང་ཡང་དག་པར་བསྟན།
     དེ་ལས་ཀྱང་ང་ཚོས་བསམ་ཞིང་དཔྱོད་པར་འོས་པ་ཞིག་ལ་ཞང་ཞུང་ཤེས་རིག་འཕེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྟར་ན་གཡུང་དྲུང་གི་རི་མོའམ་རྟགས་མཚན་ནི་སྲིད་པ་ས་ཆགས་ཀྱི་སྲིད་པའི་གངས་རྒན་དང་འགྲོགས་ཏེ་བྱུང་བ་ཞིག་ཡིན་པར་གདོན་མི་ཟ་སྟེ། དེ་ཡང་ཟླུམ་གཟུགས་གོ་ལའི་ཁྱོན་ན་རི་ཆེན་སྟོང་གི་ཡབ་མྱེས་སུ་འབོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤེས་རིག་གི་ཁྱབ་ཁོངས་དེའི་ལྟེ་གནས་སུ་གྱུར་བའི་ཞང་ཞུང་སྲིད་པའི་བླ་རི་འཛམ་གླིང་གནས་ཆེན་གངས་དཀར་ཏེ་སེ་རུ་འབོད་པའི་རི་བོ་དེ་ཉིད། དོན་ལ་རང་བྱུང་གི་སའི་ཆགས་རིམ་གྱི་དངོས་ཡོད་གནས་ཚུལ་ལྟར་ནའང་གཡུང་དྲུང་དགུ་བརྩེགས་ཀྱི་རི་བོའི་རིས་སུ་བརྟན་ཞིང་བརླིང་ལ་བརྗིད་དང་ལྡན་པར་ཆགས་ཡོད་ལུགས་མདོ་འདུས་ཀྱི་ལུང་ལས་གསལ་བར་བསྟན་འདུག་ཅིང་། མ་ཚད་རི་བོ་གཡུང་དྲུང་དགུ་བརྩེགས་སམ་གནས་ཆེན་གངས་དཀར་ཏེ་སེ་ཆེན་པོའི་ས་ཁམས་ཆགས་དབྱིབས་ཀྱི་གཡུང་དྲུང་གི་ར་བཞིའི་རྣམ་པའི་རི་རྒྱུད་ཀྱི་ཁྱབ་ཁོངས་ལས་ཆུ་ཆེན་ཁྲི་ཡི་འགོ་ཁུངས་སུ་གྱུར་བའི་ཁ་འབབ་ཆུ་བོ་རྣམ་བཞི་རུ་གྲགས་པ་དེ་རིགས་ཀྱང་། མིའི་རིགས་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་དབུ་ཁྱུད་སྦྲུམ་པའི་མ་ཡུམ་ཆུ་བོའི་ཚུལ་དུ་ཕྱོགས་བཞིར་བཀྱེ་ནས་ཉི་འོག་གི་རྒྱལ་ཁམས་ཀུན་ལ་བཞུར་ཞིང་འབབ་པའི་ལོ་རྒྱུས་ཀྱི་གཏན་ཚིགས་རིང་མོ་འགྱུར་མེད་གཡུང་དྲུང་གི་གཤིས་སུ་ལེགས་པར་གྲུབ་ཅིང་། དེས་གནད་དོན་གང་ཞིག་གསལ་བཤད་བྱེད་ཐུབ་བམ་སྙམ་ན། དེ་ཡང་ཆུ་འགོ་གངས་ལ་ཐུག་པའི་དཔེ་བཞིན་གཡུང་དྲུང་གི་རི་མོའི་འབྱུང་ཁུངས་ནི་མཚོ་བོད་མཐོ་སྒང་གི་དབལ་སོ་གངས་ཀྱི་ར་བའི་ཀློང་ལ་འཚོལ་དགོས་པར་བསྟན་པ་དང་། གཡུང་དྲུང་གི་བསམ་བློའི་རིག་གཞུང་གི་སྙིང་སྟོབས་སམ་བོད་ཀྱི་གནའ་རབས་ཤེས་རིག་ཐམས་ཅད་ཀྱི་རྩ་བ་ནི་ཞང་ཞུང་ཤེས་རིག་ལ་ཐུག་པ་སུས་ཀྱང་བསྙོན་མི་ནུས་པའི་སྡོམ་ཚིག་བཞག་པ་དེ་རེད།

སྡོམ་ཚིག

     མདོར་ན། གཡུང་དྲུང་གི་བརྡ་དོན་གྱིས་མཚོན་པར་བྱེད་པའི་བོད་ནམ་བོན་གྱི་ཆོས་རྒྱུད་ལྟ་གྲུབ་དང་ལྟ་གྲུབ་དེ་དང་འབྲེལ་བའི་ཞང་ཞུང་ཤེས་རིག་གི་བསམ་བློའི་དོན་སྙིང་དང་སློབ་གསོའི་རིན་ཐང་ཅན་དག་ནི། ཤེས་རིག་གི་གཟི་དཔལ་རྒྱས་པའི་མི་རིགས་གཞན་སུ་དང་གང་ལ་ཡང་ངོམ་རིན་ཡོད་པའི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་རིག་གི་དཔེ་མཚོན་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ལོ་རྒྱུས་སུ་གྲུབ་འདུག དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།