རིག་འཛིན་སྐྱང་འཕགས་ཆེན་མོའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་དཔྱད་པ།

[ཟླ་ཚེས། 2025-08-13 20:17:10][རྩོམ་པ་པོ། ཐེ་བོ་ཀླུ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  བརྡ་ཆད་གཙོ་བོ། [ཞུ་སྐྱེ་སེ་ཆེན་པོ། གྲུབ་ཆེན་ཞུ་སྒོམ་འཁྲུལ་ཞིག སྣང་ཞིག་དོ་འཕགས་ཆེན་པོ། གཤེན་སྒོམ་བོན་ཞིག་ཁྱུང་ནག རྨ་སྟོན་ཤེར་སེང་། བྲུ་རྒྱལ་བ་གཡུང་དྲུང་།]

  ནང་དོན་གནད་བསྡུས། [རིག་འཛིན་སྐྱང་འཕགས་ཆེན་པོ་ནི་མདོ་སྨད་འཕགས་པ་རྣམ་གསུམ་གྱི་ནང་ཚན་དང་གྲུབ་ཆེན་ཞུ་སྒོམ་འཁྲུལ་ཞིག་གི་སློབ་མར་གྱུར་ཞིང་མདོ་སྨད་ཞིག་པོ་བཅོ་བརྒྱད་ཀྱི་གྲས་ཀྱང་ཡིན། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ནི་འདི་ཞེས་གཏན་འཁེལ་མེད་པས་རྒྱུན་ཆགས་སུ་བཤད་སྲོལ་ལ་སྣང་ཞིག་དོ་འཕགས་ཆེན་པོའི་དགུང་ལོ་དྲུག་ཅུའི་དུས་སུ་སྐྱང་འཕགས་ཆེན་པོའི་སྐུ་སྲས་སྐྱང་བཟའ་གཡུ་བཙུན་མ་ཡུམ་དུ་བསྟེན་པ་དང་། སྐྱང་འཕགས་ཆེན་པོ་དགུང་ལོ་ཉེར་གཉིས་དུས་སུ་གནས་ཆེན་བྲག་དཀར་བྱ་རྒོད་གནས་སྒོ་ཕྱེས་ལ། དེ་དང་དུས་མཚུངས་སུ་གཤེན་སྒོམ་བོན་ཞིག་ཁྱུང་ནག་འཁྲུངས་ཞེས་གསུངས་འདུག འོན་ཀྱང་གཞན་པའི་ལོ་རྒྱུས་དང་ཕྱིས་སུ་རང་ཉིད་ཀྱིས་བྲུ་རྒྱལ་བ་གཡུང་དྲུང་གི་རྣམ་ཐར(འདུལ་རྒྱུད)སོགས་ལ་ལྟ་རྟོག་བྱས་ཚེ་སྐྱང་འཕགས་དང་འབྲེལ་བའི་ལོ་རྒྱུས་ངེས་ཅན་གྱི་ལུང་ཚིག་ཁ་ཤས་རྙེད་པ་དང་བསྟུན་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་དོགས་གཞི་ཆེན་པོ་ཡོད་པས་འདིར་ཕྱི་རབས་རྣམས་ལ་དཔྱད་གཞིར་འགོད་ཡོད།]

རིག་འཛིན་སྐྱང་འཕགས་ཆེན་པོའི་རྣམ་ཐར་རྟོགས་བརྗོད་བསྟན་པ།

  འགྲོ་མགོན་སྐྱང་འཕགས་ཆེན་མོ་ནི་སྐུ་སྐྱེ་གོང་མའི་འགྲོ་དོན་རེ་ཞིག་རྫོགས་ནས་དག་པ་མཁའ་སྤྱོད་ཞིང་ན་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་གྲལ་དུ་གསང་ཆེན་རྡུལ་ཤུགས་རོལ་བའི་དགོངས་སྤྱོད་ཟམ་མོ་དང་། དགའ་ལྡན་ལྷ་ཡུལ་དུ་ལས་དག་སེམས་ཅན་གྱི་དོན་མཛད་དེ་བཞུགས་ནའང་། ཇི་སྐད་དུ། “སེམས་བསྐྱེད་འབྲས་བུས་འགྲོ་དོན་མཛད།།”ཅེས་དང་། མདོ་ལས། “བསྟན་པའི་ལས་ནི་སྙིང་རྗེ་ཡིན།། སྙིང་རྗེའི་དོན་གྱིས་སེམས་ཅན་དྲང་།། ལུས་དང་སྲོག་གི་དོན་ཕྱིན་ཡང་།། འགྲོ་བ་སེམས་ཅན་དོན་མི་བོར།།” ཞེས་གསུངས་པ་ལྟར། འཕགས་ཆེན་གྱི་སྐུ་སྐྱེ་གོང་མའི་རྣམས་སུ་ཐུགས་རྗེ་ཆེན་པོས་སྙིགས་མའི་བསྟན་འགྲོ་སྤྱི་དང་ཁྱད་པར་གདུལ་དཀའ་མཐའ་འཁོབ་མུན་པའི་གླིང་དུ་ཕན་བདེའི་རྩ་ལག་གཤེན་བསྟན་སྒྲོན་མེ་འདེགས་པའི་ཐུགས་མཆོག་རབ་ཏུ་བསྐྱེད་ཅིང་སྨོན་ལམ་རྒྱ་ཆེར་བཏབ་པའི་མཐུ་ཆེན་དུས་སུ་སྨིན་ཏེ། སླར་ཡང་བོད་ཡུལ་ཨ་མདོའི་ཡུལ་དུ་སྐུ་སྐྱེ་བ་མི་རུ་བསྟན་ཚུལ་མཛད་པ་སྟེ། རྗེ་ཉིད་ཀྱི་གསུངས་ལས། “སྐྱང་འཕགས་མུ་ལ་དྲུང་མི་ཞེས་བྱ་བ།། སྔོན་སྦྱངས་འཕྲོ་སད་སྒྲིབ་མེད་རང་རིག་གསལ།། སྐྱོན་ཡོན་གཉིས་མཉམ་འགག་མེད་རང་རྩལ་ཤར།། འཁོར་འདས་དབྱེར་མེད་བདེ་ཆེན་ཀློང་གནས་ཀྱང་།། ཚད་མེད་ཐུགས་རྗེས་འགྲོ་དོན་མཛད་དགོངས་ཕྱིར།། སྨོན་ལམ་ཤུགས་ཀྱིས་དུས་མཐར་སྐྱེ་བ་བླངས།།” ཞེས་དང་། གསུང་མགུར་ལས། “སྨོན་ལས་ཤུགས་ཀྱིས་དུས་མཐར་སྤྲུལ།།” ཞེས་དང་། རྣམ་ཐར་ལས། “བསྟན་ལ་བདག་རབ་ཞུགས་པས་ལས་རྒྱུན་མཆོག། རིགས་ཀྱི་ས་ཐོབ་མངོན་པར་ཡེ་ཤེས་གྱུར།། མཐའ་འཁོབ་གདུལ་དཀའ་སྨོན་ལམ་ཅི་ཡང་གདབ།། ཅེས་དང་། གཅིག་སྣང་གཅིག་རྫོགས་བླ་མ་ཀླུ་གྲུབ་རྒྱལ།། བསྟན་པ་ཡོངས་ཁྱབ་ལོག་ལྟའི་སྣང་བ་འཇོམས།། འཁོར་དང་བུ་སློབ་གྲངས་མེད་བསྟན་པ་རྒྱས།། འདའ་བའི་ཚུལ་བསྟན་བོད་ཡུལ་མདོ་སྨད་དུ།། མཁའ་སྤྱོད་སྒྲིབ་མེད་རིག་འཛིན་མི་རུ་སྤྲུལ།། གནས་ཚུལ་དོན་རྟགས་ཡུམ་གྱི་ལྷུམས་སུ་ཞུགས།།” ཞེས་དང་། མགུར་འབུམ་ལས། “ལྷ་རིགས་གཉན་གྱི་རྒྱལ་རྒྱུད་བདག། དགའ་ལྡན་གནས་པ་མི་རུ་སྤྲུལ།།” ཞེས་གསུངས་པས་སོ།།

  སྐྱེ་བ་བཞེས་ཚུལ་དངོས་ལ། བསྟོད་ཚིག་གསོལ་འདེབས་ལས། “གདུལ་དཀའ་འདུལ་བའི་གྲུབ་ཆེན་རིག་འཛིན་གཤེན།། མདོ་ཁམས་སྨད་དུ་བསྟན་པའི་སྒྲོན་མེ་འདེགས།། འགྲོ་བའི་མགོན་པོ་སྐྱང་འཕགས་ཆེན་པོ་ལ།།” ཞེས་བསྟོད་བསྔགས་མཛད་པ་ལྟར་འཕགས་མཆོག་འགྲོ་བའི་མགོན་པོ་སྐྱང་འཕགས་ཆེན་པོ་ཞེས་སུ་གྲགས་པའི་སྐུ་སྐྱེ་འདི་ཡི་སྐྱེ་རྒྱུད་ཀྱི་ཁུངས་ནི། རྗེ་ཉིད་ཀྱི་རང་རྣམ་ཡོན་ཏན་ཐུགས་རྗེ་ཉི་མ་ལས། “དེ་བཞིན་ཁོ་བོ་མུ་ལ་དྲུང་མུ་ཡི།། ད་ལྟའི་སྐྱེ་རྒྱུད་འབྱུང་ཁུངས་བཤད་གྱུར་ན།། མེས་པོ་ཐང་ལྷ་གནམ་གྱི་རྒྱལ་པོ་སྟེ།། ཕྱི་མོ་གདོལ་རིགས་མི་ཡི་ཀླུ་མོ་འཕོས།། དེ་གཉིས་ལས་ཤུགས་འབྲེལ་བའི་བུར་སྐྱེས་པ།། གེ་བ་ཐུགས་ཆེ་ཕྲོམ་རྒྱལ་ཞེས་བྱ་སྟེ།། ཀེ་ཏ་བདུད་ཡིད་འདྲེས་ཕྱིར་དྲེགས་པ་ལ།། ཕྲོམ་ཞེས་གཉན་རྒྱལ་ཐུགས་ནི་སྲེད་ཆེ་སྟེ།། ཀླུ་མོ་སྒོ་རིགས་རྐྱང་ཉོས་བསླད་སྐྱོན་ལ།། བུ་ནི་ཁོག་སྒུར་སྐེ་འཁྱོག་གཟའ་མདའ་ཕོག། གཞན་དག་མིས་ནི་སྐྱང་ཙེ་དབུས་སྒུར་ཟློ།། ཀླུ་ཕྱིའི་མེས་པོ་གཟའ་མཆོག་ཡིན་པའི་ཕྱིར།། བསྟན་སྲུང་འཆི་ཀར་སྐྱེལ་བསུ་དེ་ཡི་རྐྱེན།། སྡོམ་ཤོར་གནད་དུ་ལན་ཅིག་མོ་ལུས་ཐོབ།། དེ་འཕོས་གཉན་རིགས་དྲེགས་པའི་དབང་གྱུར་ནས།། བསྐལ་བའི་བར་དུ་རྫུ་འཕྲུལ་སྟོབས་གནས་ཤིང་།། མུ་མཐའ་ཡུན་རིང་བར་དུ་སྤྱོད་གྱུར་པ།། བརྟེན་པའི་སྣོད་བཟང་ཡུམ་ལ་ཕ་འདྲེན་དུ།། ཁོ་བོ་དགའ་ལྡན་ལྷ་རྒྱལ་མི་རུ་སྤྲུལ།། ཡུམ་ནི་ཡེ་ཤེས་མཁའ་འགྲོས་བྱིན་རླབས་མ།། ཉིང་མཚམས་བོན་དང་སྦྱར་བས་ཕ་རྒྱུད་ཐུལ།། དྲེགས་པའི་སེམས་ཕྲི་མར་བཀུག་དགེ་སྦྱོར་དུ།། མཁས་པར་བྱིན་རླབས་འདུལ་ཁྲིམས་རྒྱུད་ཀྱང་འཛིན།། ཡར་ཡར་ཇེ་གསལ་ངེས་ཤེས་ལམ་ཞུགས་ནས།། དྲོད་ཚད་མཐར་ཕྱིན་རིག་འཛིན་ཆེན་པོ་དེས།། ཡུམ་ནི་འདི་འཕོས་ཐོགས་མེད་མཁའ་སྤྱོད་གནས།། བུ་ནི་བདག་སྨྱོན་སྐྱེ་གནས་གྲངས་མེད་དུ།། འཇུག་པ་སེམས་བསྐྱེད་ཚོགས་ཀྱི་ལམ་ལ་ཞུགས།། སྦྱང་བའི་བོན་ལ་དཀའ་སྤྱད་གཤིས་སུ་གྱུར།། ཞེས་དང་། ཁོ་བོ་ཕ་མྱིང་གཉན་ལ་རིག་པ་ལྷ།།” ཞེས་དང་། མགུར་འབུམ་ལས། “ལྷ་རིགས་གཉན་གྱི་རྒྱལ་རྒྱུད་བདག། དགའ་ལྡན་གནས་པ་མི་རུ་སྤྲུལ།། འདི་ནི་འཁྲུལ་མེད་རིག་པ་གཉན།། ཉོན་མོངས་དགྲ་ལས་གཏན་རྒྱལ་བོན།།” ཞེས་སྔོན་རབས་ཀྱི་ཡང་མེས་ཐང་ལྷ་གནམ་གྱི་རྒྱལ་པོ་སོགས་གཉན་རིགས་ཡིན་པ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོས་བྱིན་གྱིས་རླབས་པ་ཞིག་གི་སྲས་ཡིན་པར་གསུངས། ཡང་སྐྱང་ནག་ཚང་གི་རྟེན་གསུམ་ལོ་རྒྱུས་ལས། “འགྲུ་ཞིག་གདུང་ལས་འཁྲུངས་པའི་སྲས་གསུམ་གྱི།། ཆུང་བ་ཉི་མ་གྲགས་མཚན་ཞེས་ཏེ།། སྦས་པའི་ཚུལ་འཆང་འགྲོ་དོན་མཛད་པ་ཞིག། མདོ་གམ་འ་ཞ་སྒུར་བའི་ཡུལ་དུ་ཕེབས།། སྲས་ནི་འབུམ་སྐྱབས་ཞེས་པ་བྱ་བ་འཁྲུངས།། དེ་ནི་ཆེར་སྐྱེས་སྐྱང་རྩེ་ཚང་ཞེས་པ།། དེ་སྲས་བཞི་འཁྲུངས་བའི་ཐ་ཆུང་ནི།། མཚན་ལ་འཕགས་པ་སྐྱབས་ཞེས་བྱ་བ་བྱུང་།། ངོ་མཚར་དུ་མས་བརྒྱན་པའི་དཔལ་ཤར་བས།། རང་རིག་ཡེ་ཤེས་ཁོང་ནས་ཉི་ཤར་བཞིན།། སྦས་པའི་ཚུལ་མཛད་སྤྲུལ་བ་དུ་མ་ལྡན།། ཚེམས་དུང་གཏེར་མ་གསུང་མ་འབྱོན་པ་ཞིག། ཁྱེའུ་ཉིད་ཀྱི་རྟེན་སྐལ་ཡིན་ཕྱིར་དུ།། དེ་ཉིད་དུང་འབུད་གསུང་འབྱོན་སྒྲ་དབྱངས་ཀྱིས།། ཐར་མེད་ཁམས་གསུམ་སེམས་ཅན་གྲངས་མེད་ཅིག། དེ་དུས་ཐར་ལམ་ཞིང་དུ་དྲངས་པར་གསུངས།། རི་བྲག་ཐམས་ཅད་ཐོགས་མེད་ཟངས་ཐལ་གཤེགས།། ཕྱག་ཞབས་རྗེས་དང་རིག་འབྲུ་གཡུང་དྲུང་བྲིས།།” ཞེས་འཁྲུངས་ཡུལ་འཕན་ཆུ་སྒུར་བའི་ཡུལ་ཡིན་པ་དང་། གྲུབ་ཐོབ་ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན་འགྲུ་ཞིག་གི་གདུང་རྒྱུད་པ་ཉི་མའི་མཚན་དང་ཡབ་ནི་འབུམ་གྱི་མཚན་ཅན་གྱི་སྲས་ཡིན་པ་དང་རུས་སྐྱང་རྩེ་ཡིན་པ་དང་། མཚན་འཕགས་པ་ཡིན་པ་དང་། གྲོང་སྡེ་འ་ཞ་ན་དུང་དཀར་གཏེར་རང་བརྡོལ་བྱུང་བ་སྔར་མ་གྲགས་པ་ཞིག་དུང་སྒྲ་འབྱིན་པ་དང་གཞན་གྲུབ་རྟགས་རྫུ་འཕྲུལ་ཐོགས་པ་མེད་པ་སོགས་རྣམ་ཐར་མདོ་དོན་ཚང་བར་གསུངས་ཡོད་དོ།།

  ཡང་གནའ་མིའི་ངག་རྒྱུན་ན། སྔོན་སྟོད་ལ་དྭགས་ཀྱི་ཡུལ་ནས། མདོ་སྨད་མཐའ་འཁོབ་ཡུལ་དུ་བདུད་སྲིན་མ་རུང་བ་འདུལ་བའི་ཕྱིར་དུ། ཨ་མྱེས་གྱེར་མི་སྐྱང་འཕགས་དང་ཞབས་ཕྱི་བ་རུས་རིགས་འབྲེ་སྡེ་ཡིན་པའི་ཇུ་ཐིག་གི་མོ་པྲ་བརྟག་མཁས་པ་ཞིག་དང་ལྷན་དུ་ཁོང་གི་སློབ་དཔོན་གྱིས་བཏང་། གྱེར་མི་སྐྱང་འཕགས་ཀྱིས་སྤྱོད་ཚུལ་ངེས་མེད་སྣ་ཚོགས་དང་། སྤྲུལ་བསྒྱུར་སྣ་ཚོགས་མཛད་དེ་བདུད་སྲིད་འབྱུང་པོ་དྲེགས་པའི་སྡེ་རིགས་དམ་བཏགས་བཀའ་བསྒོ་མཛད། ཆུ་བྲག་ལ་སོགས་གང་ལ་ཐོགས་མེད་འབྱུང་བཞིའི་འཚེ་བ་མེད། ཕྱག་རྗེས་ཞབས་རྗེས་སྐུ་རྗེས་དུ་མ་བཞགགྲུབ་ཐོབ་སྐྱང་འཕགས་སམ་ཨ་མྱེས་སྐྱང་འཕགས་ཞེས་ཡོངས་སུ་གྲགས་སོ།། འབྲེ་སྡེ་ནི་ཞང་ཞུང་ཇུ་ཐིག་ལས། “ཏིང་ཏིང་གནམ་གྱི་རྒྱལ་པོའི་མངའ་བདག་སྟེ།། བདུད་ལྷ་སུམ་བརྒྱ་དྲུག་ཅུའི་བཀའ་རང་བབས།།”ཞེས་རིགས་རྒྱུད་སྲས་བུ་བྱུང་དུས་ཆུ་མིག་ནང་དུ་རྡེའུ་དཀར་པོ་རང་བབས་བྱེད། ཁོང་མར་བྱོན་དུས་བདུད་བྱ་རྐང་དཀར་གྱི་རྐང་བ། རྔ་འབྲུག་མོ་རང་གྲགས་ཞེས་པ་གཉིས་བསྣམས་ཏེ་བྱོན། དང་པོ་འཕན་ཆུའི་སྨད་ཀྱི་ར་སྔོན་གྲོང་སྡེའི་ཉེ་འདབས་འབྲེ་སྡེ་ཁག(དེང་སང་སྔགས་པའི་ལྷ་ཁང་ཕུག་ཡོད་ས་དེའོ།།)ཅེས་པ་དེར་བསྡད་ནས་ཇེ་མང་དུ་འཕེལ་བས། དུམ་བུ་ཞིག་བབ་བཟོར་ཕྱིན། དུམ་བུ་ཞིག་ཨ་སྐྱིད་དཔལ་སྐྱིད་དུ་སོང་། དུམ་བུ་ཞིག་ཆུ་ནག་ཁོག་ལ་ཐོར། དུམ་བུ་ཞིག་སྒུར་བར་སོང་ནས་བསྡད་པ་ད་ལྟ་བར་མཚམས་སྡེ་བ་ཡིན་ལ། དེ་ཀུན་གྱི་མ་ཚང་ནི་བླ་འཕགས་དང་དཀའ་ཐུབ་སྐྱིད་ཅེས་པའི་ཁྱིམ་ཚང་དེ་བ་ཡིན་པས། རྔ་འབྲུག་མོ་རང་གྲགས་དང་བདུད་བྱ་རྐང་དཀར་རྐང་པ་དེ་ན་ཡོད་སྐད། ཁོང་གི་དཔོན་གཡོག་གཉིས་སྒུར་བའི་འགོ་བ་བསོད་ནམས་འབུམ་གྱིས་བདག་གཉེར་བྱས། དེ་ཚེ་སྔགས་ཕྱོགས་བོན་སྡེ་སྤེལ་ནས་འགྲོ་བ་རྣམས་དགེ་ལ་བཙུད། སྣང་སྲིད་ལྷ་ཀླུ་གཉན་སོགས་མཆོད་ཅིང་བརྔན་པ་དང་། གདོན་བགེགས་ཚོགས་ལ་མདོས་ཡས་བསྔོས། དགེ་སྡིག་ཤན་ཕྱེས་སྤང་བླང་བྱེད་ཅིང་ལས་འབྲས་བརྩི་ཞིང་། བླ་མ་དང་དཀོན་མཆོག་ལ་དད་མོས་བྱེད་ཅིང་སངས་རྒྱས་ཀྱི་བཀའ་ལུང་ཀློག་འདོན་སྒོམ་སྒྲུང་བྱེད་པའི་སྒྲུབ་སྡེ་ཚུགས་ནས་རིམ་བཞིན་ཇེ་དར་དུ་བྱུང་བ་ཡིན། ཞེས་བཤད་སྲོལ་ཡོད། འདི་ལ་ཞིབ་དཔྱོད་བྱས་ན་དག་དང་མ་དག་པའི་ཆ་གཉིས་སུ་ཡོད་དེ། གང་ཞེ་ན། ཨ་མྱེས་སྐྱང་འཕགས་དང་པོ་སྟོད་ལ་དྭགས་ནས་ཕེབས་བྱུང་ཟེར་བ་འདི་མི་དག་སྟེ། མདོ་སྨད་དུ་འཁྲུངས་པ་རྣམ་ཐར་ལས་གསུངས་ཤིང་སྒུར་བ་ན་འཁྲུངས་པ་རྟེན་གསུམ་ལོ་རྒྱུས་ལས་གསལ་བར་གསུངས་པའི་ཕྱིར་རོ།། ཡང་སྐྱང་འཕགས་ཆེན་པོའི་མཚན་གྱི་རྣམ་གྲངས་སུ་གྱེར་མུ་ཉི་འོད་དང་གྱེར་མུ་སྐྱང་འཕགས་ཞེས་པ་ཙམ་ལ་བརྟེན་ནས་གྱེར་མི་ཉི་འོད་དང་སྐྱང་འཕགས་ཆེན་པོ་གཉིས་གཅིག་ཡིན་པར་བཟུང་ནས་འཁྲུལ་བཤད་བྱས་འདུགསྐྱང་འཕགས་ཆེན་པོ་ནི་གྱེར་མིའི་རྣམ་སྤྲུལ་དངོས་ཡིན་པ་གོང་དུ་སྐྱེས་རབས་རྣམ་ཐར་ལས་གསལ་ཏེ་སྐྱེ་བ་བཞེས་ཚུལ་སོགས་རྣམ་ཐར་སོ་སོར་གསུངས་པས་སོ།། འབྲེ་སྡེ་དང་འབྲས་སྡེ་ཞེས་པའམ་འགྲུ་སྡེ་ཞེས་པའི་བརྡའི་ཟུར་ཆགས་པ་སྟེ། བོད་ཀྱི་རུས་ཆེན་སྡེ་ཚན་ལྔའི་ནང་ཚན་ཨ་ལྕགས་འབྲུ་རིགས་ཡིན་པ་དང་འབྲུ་དགའ་བདེའི་རྒྱུད་པ་བཤད་པའང་སྣང་། སྐྱང་འཕགས་ཆེན་པོ་ཁོང་གིས་གསུངས་རྣམ་ཐར་གྱི་བརྗོད་བྱ་ནི་སོར་སྐྱེའི་བློ་ཡུལ་ལས་འདས་པའི་གསང་བའི་རྣམ་ཐར་རམ་ཐུན་མོངས་མ་ཡིན་པའི་རྣམ་ཐར་ལས། སོ་སྐྱེས་མཐོང་ཐོས་ཤེས་བྱར་གྱུར་བའི་སྐོར་གསུངས་མི་འདུག་སྟེ་འཁྲུངས་དུས་དང་འཁྲུངས་ཡུལ་དང་ཡབ་ཡུམ་སྐུ་མཆེད་དང་མཛད་པ་ཕལ་བ་སོགས་སྐབས་དེའི་མི་རྣམས་ཀྱིས་ཤེས་གསལ་ཡིན་པས་སོ།།

  རྗོད་བྱེད་ཀྱི་ཚིག་ཀྱང་བརྡ་རྙིང་དང་ཚིག་བསྡུས་པ་སོགས་ཀྱིས་ནང་དོན་གོ་དཀའ་པར་འདུགདེས་ན་ལོ་རྒྱུས་གཞན་དང་བསྡུར་ནས་རགས་ཙམ་ཞུ་བ་ལ། རྣམ་ཐར་ལས། “མེས་པོ་ཐང་ལྷ་གནམ་གྱི་རྒྱལ་པོ་སྟེ།།” ཞེས་དང་། ངག་སྒྲོས་སུ་ཞང་ཞུང་ཇུ་ཐིག་ལས་ཏིང་ཏིང་གནམ་གྱི་རྒྱལ་པོའི་མངའ་བདག་ཅེས་པ་གཉིས་ཕལ་ཆེར་མཐུན། དེའི་འཕྲོར་རྣམ་ཐར་ན། “ཀླུ་མོ་སྒོ་རིགས་རྐྱང་ཉོས་བསླད་པ་ལ།། བུ་ནི་ལུས་སྒུར་སྐེ་ཀྱོག་གཟའ་མདའ་ཕོག། གཞན་དག་མིས་ནི་རྐྱང་རྩེ་དབུས་སྒུར་ཟློ།།” ཞེས་དང་། རྟེན་གསུམ་ལོ་རྒྱུས་ན་འབུམ་སྐྱབས་ལ་ཕྱིས་སུ་སྐྱང་རྩེ་ཚང་གསུངས་པ་གཉིས་ཞལ་མཐུན། ཡང་ཐང་ལྷ་གནམ་གྱི་རྒྱལ་པོའམ་ཏིང་ཏིང་གནམ་གྱི་རྒྱལ་པོ་སོགས་གཉན་རིགས་ཡིན་པས་ཐོག་པའི་ཇུ་ཐིག་གི་མོ་བ་སོགས་ལ་ཇུ་ཐིག་གི་མདུད་ལྷ་སུམ་བརྒྱ་དྲུག་ཅུ་རང་འཁོར་དང་རང་བབས་བྱེད་པ། སྲས་རྒྱུད་འཁྲུངས་པའི་སྔ་ལྟས་སུ་ཁོ་ཚོས་མཆོད་ཅིང་བསྟེན་པའི་ཀླུ་གནས་པའི་ཆུ་མིག་ཡོད་པ་དེའི་ནང་དུ་མོ་རྡེའུ་དཀར་པོ་རང་བབས་བྱེད་པ་ནི། བཤད་སྒྲོས་ཙམ་མིན་པར་མངོན་སུམ་ཡིན་འདུག་པས་ཕལ་སྐད་གཞི་བདག་གམ་གཉན་གྱིས་བསྐྱེད་པའི་བུ་ལ་གཉན་ཕྲུག་ཟེར་བ་དང་མཚུངས་ལ། རྣམ་ཐར་ལས། “ཁོ་བོ་ཕ་མྱིང་གཉན་ལ་རིག་པའི་ལྷ།།” ཞེས་གསུངས་སོ།། དེས་ན་རིག་འཛིན་གྱེར་མུའི་རྣམ་ཐར་དང་གནས་རིའི་དཀར་ཆག་དང་སྐྱང་འཕགས་ཆེན་པོའི་རྣམ་ཐར། རྟེན་གསུམ་ལོ་རྒྱུས་དང་བཤད་མ་ཐག་བའི་ངག་སྒྲོས་རྣམས་གུང་བསྒྲིགས་ཏེ་དཔྱད་བསྡུར་བྱས་ན་འདི་ལྟར་ཡིན་སྙམ་སྟེ། གྱེར་མུ་ཆེན་པོའི་རྣམ་ཐར་དང་དཀར་ཆག་སོགས་ན་གྱེར་མུ་ཆེན་པོ་ཐེ་བོའི་བྲག་ལ་སོགས་ལ་ཕེབས་པ་གསུངས་པས། གྱེར་མུ་རིན་པོ་ཆེ་མ་འོངས་པར་མཐའ་འཁོབ་ཡུལ་འདིར་བོན་བསྟན་སྤེལ་བ་དང་ཁྱད་པར་ཡུལ་འདིར་སྐྱེ་བ་བཞེས་པར་དགོངས་པ་དང་། ཡང་སྔོན་སྟོན་པས་ཀྱང་ཐོག་མར་རྒྱུ་ཡི་བོན་བསྟན་པ་ལྟར་མོ་དང་གཏོ་ལ་སོགས་རྒྱུའི་བོན་གྱིས་མཐའ་འཁོབ་རྣམས་ལ་བློ་ཁ་དགེ་ཕྱོགས་སུ་བསྒྱུར་བར་དགོངས་ནས་ལ་དྭགས(ལ་དྭགས་ནི་སྔོན་ཞང་ཞུང་ཡུལ་གྱི་བྱེ་བྲག་ཞིག་ཡིན་པར་བཤད)ཡུལ་ནས་ཞང་ཞུང་ཇུ་ཏིག་ལ་མཁས་ཤིང་མོ་ལྷ་རང་འཁོར་ཅན་ཁོང་ཉིད་དང་ལས་འཕྲོ་སྨོན་ལམ་མཐུན་པ་རུས་རྒྱུད་འབྲུ་རིགས་ཡིན་པ་ཞིག་དང་མི་འགའ་བཅས་ལྷན་དུ་མདོ་སྨད་ཀྱི་གནས་རི་འགའ་ལ་མཇལ་ནས་མཐར་ཕྱྭ་མཁན་དེ་སོགས་ཡུལ་འདིར་བཞུགས་སུ་བཅུགགྱེར་མུ་ཁོང་ཉིད་སླར་གནས་རི་དུ་མར་ཕེབས་ནས་གཏེར་སྦས་པ་སོགས་མཛད་དེ་མཐར་གཙང་གི་བམ་པོའི་རི་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པར་བཤད། འབྲུ་རིགས་ཀྱི་མོ་བ་དེ་སོགས་ཆོས་རྗེའི་ར་སྔོན(དིང་སང་མཛོད་དགེ་རྫོང་ཆོས་རྗེ་གྲོང་བརྡལ་གྱི་ཁོངས་གཏོགས་སྐྱང་འཕགས་གདན་སའི་ཉེ་འདབས་སུ་ཆགས་ཡོད)ན་བསྡད་དེ་མི་རྒྱུད་འཕེལ་ནས་ཚོ་བའམ་སྡེ་བ་གྱུར་པས་འབྲུ་སྡེ་ཞེས་མིང་ཐོགས། ཕྱིས་སུ་བརྡ་འགྱུར་ནས་འབྲེ་སྡེའམ་འབྲས་སྡེ་ཞེས་ཟེར། དེ་ནས་མི་རྒྱུད་རིམ་བཞིན་འཕེལ་ནས་བབ་བཟོ་དང་ཨ་སྐྱིད། དཔལ་སྐྱིད་དང་ཆོས་རྗེའི་ཡུལ་དང་། སྒུར་བ་རྣམས་སུ་ཁ་གྱེས་ཏེ་འཕེལ། དེང་སང་ཆོས་རྗེའི་སྒར་བ་གཞུང་གི་མ་རྔ་ན་འབྲུ་སྡེ་ཞེས་པའི་སྡེ་བ་དང་བོན་པོའི་དགོན་པ་ཡོད་པ་དང་། ཕྱིས་སུ་འཐོར་སོང་ཡང་དེའི་ཐད་ས་ཞིང་ལ་འབྲས་སྡེ་ཞིང་ཞེས་མིང་ད་ལྟའང་ཐོགས་ནས་ཡོད་པ་ཆོས་རྗེའི་ལོ་རྒྱུས་ལས་བཤད་དོ།། ཆོས་རྗེ་ཞེས་པ་ཆོས་རྗེའི་བླ་མ་ཆོས་གྲགས་བཟང་པོ་ཡུལ་དེར་ཕེབས་ནས་བཞུགས་རྗེས་ཡུལ་མིང་ལའང་ཆོས་རྗེའི་ཡུལ་དང་ཆོས་རྗེའི་ཁོག་ཅེས་ཐོགས་པ་ལས། དེའི་སྔོན་ལ་ཐ་སྙད་དེ་མེད་དོ།།

  དེ་ཡང་བླ་ཆེན་དྲན་པའི་ཞལ་ནས། “ང་ལ་བརྒྱུད་འཛིན་ཀུན་བཟང་བྱིན་རླབས་བུ།། ཞིག་པོ་བཅོ་བརྒྱད་འགྲོ་བའི་བླ་མ་འོང་།། ལས་ཀྱི་སྨོན་ལམ་མདོ་ཁམས་སྨད་ན་ཡོད།། ཁ་ལག་གང་འབྲེལ་ངན་སོང་ལྟུང་སྒོ་ཁེག། ཅེས་དང་། ང་ཡིས་བྱིན་གྱིས་རླབས་པའི་སྲས།། དོ་ཉི་འབུམ་གྱིས་མཚན་ཅན་བྱུང་།། སྤྱོད་པ་རྡུལ་ཤུགས་དགོངས་པ་ཡིས།། གཙོ་འཁོར་སྤྲུལ་ནས་བོན་བསྟན་སྤེལ།།” ཞེས་དང་། གཤེན་ཆེན་ཀླུ་དགའི་གཏེར་ལུང་ལས། “ཤེལ་ལ་ཤེལ་ཞིག་འབྲུ་ལ་འབྲུ་ཞིག་གིས།། གངས་རིའི་ཁྲོད་འདིའི་སྐྱེ་དགུ་གཏན་བདེར་བཀོད།།” ཅེས་ལུང་བསྟན་པ་ལྟར་འབྲུ་རིགས་ཀྱི་མི་རྒྱུད་དེ་དག་ལས་གོང་མའི་རྣམ་སྤྲུལ་དང་རིགས་སད་པའི་སྐྱེས་བའི་འཁྲུལ་སྣང་རང་སར་ཞིག་པའི་ཞིག་པོའམ་གྲུབ་ཐོབ་པ་བྱུང་བས་འབྲུ་ཞིག་ཅེས་མདོ་སྨད་ཀྱི་ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན་ཡིན་པ་གོང་དུ་བཤད་ཟིན། འབྲུ་ཞིག་གདུང་རྒྱུད་དེ་ལས་འགའ་རེ་སྒུར་བའི་ཡུལ་དུ་ཕེབས་ནས་བཞུགས་པའི་གྲོང་སྡེ་ད་ལྟའི་བར་མཚམས་སྡེ་བ་སྡེ་ཕུ་བ་དང་མདོ་བ་གཉིས་ཀྱི་བར་མཚམས་ན་ཡོད་པས་སོ།། ཕྱིས་སུ་བརྡ་ཉམས་ནས་དེང་སང་པན་ཙང་ལྟ་བུ་ཟེར་འདུག དེར་ན་བླ་འཕགས་དང་དཀའ་ཐུབ་སྐྱིད་ཚང་སྟེ་ཁག་གཉིས་དེ་འབྲུ་སྡེ་ཀུན་གྱི་མ་ཚང་ཡིན་ལ། སྔོན་ལ་དྭགས་ནས་ཁྱེར་ཡོང་བའི་རྔ་འབྲུག་མོ་དང་བྱ་རྐང་དཀར་རྐང་པ་ནི་གནའ་དུས་དེའི་ཚང་ལ་ཡོད་སྐད། འགྲུ་ཞིག་གདུང་རྒྱུད་ལས་སྲས་གསུམ་གྱི་ཆུང་བ་གྲུབ་ཐོབ་ཉི་མ་གྲགས་པའང་དེ་ཡི་གྲས་ཡིན་པར་འདྲ། ཁོང་ལ་སྐུ་སྲས་འབུམ་སྐྱབས་མཚན་ཅན་ཞིག་འཁྲུངས་པ་དེ་ཆེར་སོན་ནས་ཁྱིམ་མིང་ལ་སྐྱང་རྩེ་ཚང་ཞེས་ཟེར་བར་བཤད། འབྲུ་ཞིག་ཉི་མ་གྲགས་པ་ནི་ཕྱིས་སུ་ས་རལ་གྲོང་སྡེ་དང་རྒྱང་ཐག་ཧ་ཅང་མི་རིང་བའི་རི་གསེབ་བམ་རི་ཁྲོད་ན་བཞུགས་ཏེ་སྒོམ་སྒྲུབ་མཛད་པས་རྟོགས་དང་ནམ་མཁའ་དང་མཉམ་སྟེ་མཁའ་སྤྱོད་དུ་གཤེགས་སོང་། སྒུར་བའི་འགོ་བ་བསོད་ནམས་འབུམ་གྱིས་ཁོང་ཡབ་སྲས་སོགས་ལ་བདག་སྐྱོང་བྱས་པ་འདྲ། སྐྱང་རྩེ་འབུམ་སྐྱབས་ལ་གདུང་སྲས་བཞི་ཡོད་པའི་ཐ་ཆུང་ལ་བྱིས་པའི་དུས་སུ་མཚན་ལ་འཕགས་པ་སྐྱབས་ཞེས་གསོལ། དེ་ནི་གཞན་དང་མ་འདྲ་བའི་ངོ་མཚར་ཆེ་བའི་རྟགས་མཚན་དུ་མ་དང་ལྡན་པ་སོགས་འོག་ན་འཆད་འགྱུར་ལྟར་ལ། ཕྱིས་སུ་སྐྱང་རྩེའི་འཕགས་པ་ཞེས་པའི་མཚན་བསྡུས་ནས་སྐྱང་འཕགས་ཞེས་སུ་གྲགས་ཤིང་། ཕ་མྱེས་གཉན་རིགས་ཡིན་པས་ཁོང་གི་མཚན་ལ་གཉན་འཕགས་ཞེས་ཀྱང་གསུངས་སོ།། ཕྱིས་སུ་ཡབ་སྐྱང་རྩེ་འབུམ་སྐྱབས་་དང་སྲས་སྐྱང་འཕགས་རྣམ་གཉིས་ཀྱིས་ཐང་ཞིང་ན་བླ་བྲང་དང་ཁྱིམ་གཞིས་བཟུང་བ་དང་དེ་དང་ཉེ་བ་ན་ཉིན་ཁའི་དགོན་པའང་ཐང་ཞིང་གཡུང་དྲུང་གླིང་འདེབས་ཚུལ་སོགས་རྒྱས་པར་སྒུར་བའི་སྐྱང་ཚང་དགོན་པའི་ལོ་རྒྱུས་སུ་འཆད་པར་འགྱུར་རོ།།

འཁྲུངས་འདས་ཀྱི་ལོ་ཚིགས་དཔྱད་གཞིའི་དངོས་ལ་འཇུག་པ།

  གསང་ཆེན་བསྟན་པའི་མངའ་བདག་གྲུབ་པའི་དབང་ཕྱུག་རིག་འཛིན་སྐྱང་འཕགས་ཆེན་པོ་ཉི་མ་འོད་ཟེར་རམ་མུ་ལ་དྲུང་མུ་སྟེ་ནམ་མཁའ་གཡུང་དྲུང་རིན་པོ་ཆེའི་འཁྲུངས་ལོ་ནི་ཁོང་གིས་མཛད་པར་གྲགས་པའི་རང་རྣམ་ཞལ་གསུང་མ་ན་ལོ་ཚིགས་མི་གསལ་ཞིང་། ཕྱིས་སུ་སྲས་དང་གྲྭ་སློབ་རྣམས་ཀྱིས་བརྩམས་པའི་རྣམ་ཐར་དང་ལོ་རྒྱུས་སོགས་ན་གསལ་མོད་ཀྱང་ད་ལྟ་མཐོང་ཡུལ་དུ་མ་གྱུར། དངོས་བཞུགས་སྣང་ཞིག་དོ་འཕགས་ཆེན་པོའི་རྣམ་ཐར་དང་གནས་ཆེན་དུང་རིའི་དཀར་ཆག སྐྱང་སྤྲུལ་གྱི་བསྟན་རྩིས་སོགས་ནང་གསུངས་ཡོད་ཀྱང་ཞལ་མི་འཆམ་པས། འདི་ཡིན་ཞེས་ཁ་ཚོད་གཅོད་མི་ཐུབ། དེས་ན་སོ་སོའི་བཞེད་པ་ཕྱི་རབས་པ་རྣམས་ལ་དཔྱད་གཞིར་འགོད་པ་ནི། སྣང་ཞིག་དོ་འཕགས་ཆེན་པོའི་རྣམ་ཐར་ན། སྐྱང་བཟའ་གཡུ་བཙུན་མ་ནི་སྐྱང་འཕགས་ཆེན་པོའི་སྲས་མོ་ཡིན་ལ་སྣང་ཞིག་དོ་འཕགས་ཆེན་མོ་དགུང་ལོ་དྲུག་ཅུའི་དུས་སུ་སྐྱང་བཟའ་གཡུ་བཙུན་མ་ཡུམ་དུ་བསྟེན་པ་བཤད་ཡོད། དེ་ལྟར་ན་སྐྱང་འཕགས་ཆེན་པོ་ནི་རབ་བྱུང་དང་པོའི་དཀྱིལ་སྟོད་ཙམ་ལ་འཁྲུངས་དགོས་པར་སྣང་། ཡང་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་བསྟན་རྩིས་ལས།“དེ་རྗེས་ལོ་ལྔ་ཆུ་རྟ་ལོར།། གཤེན་སྒོམ་བོན་ཞིག་ཁྱུང་ནག་འཁྲུངས།། དེ་དུས་རྨ་སྟོན་ཤེར་སེང་དང་།། དབྱིལ་སྟོན་འགྲོ་མགོན་བློ་གྲོས་རྒྱལ།། མདོ་སྨད་སྐྱང་འཕགས(བྲག་དཀར་བྱ་རྒོད)རྣམས་དུས་མཚུངས།།” ཞེས་གསུངས། སྐྱང་འཕགས་ཞེས་པ་ལ་བྲག་དཀར་བྱ་རྒོད་མཆན་བཀོད་པ་ནི། སྐྱང་འཕགས་ཆེན་པོས་གནས་ཆེན་བྲག་དཀར་བྱ་རྒོད་གཏེར་སྒོ་ཕྱེས་བའི་ལོ་དང་བོན་ཞིག་ཁྱུང་ནག་འཁྲུངས་ལོ་གཅིག་ཡིན་པར་གོ་བའི་ཆེད་དོ།། ཡང་མཁན་ཉི་མའི་བསྟན་རྩིས་ལྟར་ན། ཆུ་ལུག་ལོར་བོན་ཞིག་ཁྱུང་ནག་འཁྲུངས་པར་གསུངས་པས་སྐྱང་སྤྲུལ་གྱི་བསྟན་རྩིས་དང་ལོ་གཅིག་གི་སྔ་ཕྱི་ཡོད། དེ་ལྟར་སྐྱང་འཕགས་ཆེན་པོ་ནི་རབ་བྱུང་དང་པོའི་མཇུག་གི་ལྕགས་བྱ་ལོའམ་ཆུ་ཁྱི་ལོ་སྟེ་སྤྱི་ལོ(1080)ལོའམ(1081)གང་རུང་ལ་འཁྲུངས་པ་ཡིན་དགོས། ཁོང་ནི་དགུང་ལོ་ཉེར་གཉིས་སྟེང་ན་བྱ་རྒོད་བྲག་གི་གཏེར་སྒོ་ཕྱེས་པ་ནི་རྣམ་ཐར་དུ་གསལ་ཞིང་ལོ་དེ་ནི་ཆུ་རྟ་ལོའམ(1102)ཆུ་ལུག་ལོ(1103)འཁེལ་འདུགསྐུ་ཚེའི་ཚད་ནི་དགུང་ལོ་བཞི་བཅུ་ལྷག་ཙམ་ཡིན་པར་གསུངས་པ་ལྟར་ན། རབ་བྱུང་གཉིས་པའི་སྨད་ཕྱོགས་ལ་སྐུ་དབྱིངས་སུ་གཤེགས་སོང་འདུགའོན་ཀྱང་ལོ་རྒྱུས་གཞན་དང་བསྡུར་ན་འདི་ལ་དོགས་གཞི་ཡོད་པས་མཁས་པ་རེ་ལ་བཀའ་དྲིན་རེ་ཞུས་ཀྱང་གསལ་བོར་གསུངས་མཁན་མ་བྱུང་ལ། ཕྱིས་སུ་ལོ་རྒྱུས་ངེས་ཅན་གྱི་ལུང་ཚིག་རེ་རྙེད་པ་ལ་བརྟེན་ནས་འདིར་དོགས་སེལ་བྱས་པ་ལ། སྣང་ཞིག་དོ་འཕགས་ཆེན་མོ་རབ་བྱུང་དང་པོའི་ས་འབྲུག་ལོར(1028)འཁྲུངས་པར་བཤད་ཚུལ་ལ་དོགས་གཞི་འགའ་རེ་ཡོད་པ་ནི། སྣང་ཞིག་དོ་འཕགས་ཆེན་པོ་ནི་གྲུབ་ཆེན་ཞུ་སྒོམ་འཁྲུལ་ཞིག་གི་དངོས་སློབ་ཡིན་པ་དོ་འཕགས་ཉིད་ཀྱི་རྣམ་ཐར་ན་གསུངས་ཡོད་པས། དེ་ལྟར་ན་ལོ་ཚིགས་སྔ་ཕྱི་མི་མཐུན་པའི་ཚུལ་ནི། ཞུ་སྒོམ་ཆེན་པོ་ནི་ཞུ་སྐྱེ་སེ་ཆེན་པོའི་སྐུ་སྲས་ཡིན་ལ། ཞུ་སྒོམ་འཁྲུངས་ལོ་ལའང་བཞེད་པ་མི་འདྲ་བ་ཡོད་དེ། རབ་བྱུང་གཉིས་པའི་དཀྱིལ་གྱི་མེ་བྱ་ལོར(1117)འཁྲུངས་ཞེས་པ་དང་། རབ་བྱུང་གཉིས་པའི་སྨད་ལྕགས་བྱ་ལོར(1141)འཁྲུངས་པའམ་དེའི་རྗེས་ཆུ་བྱ་ལོར་འཁྲུངས་ཞེས་བཤད་ཚུལ་དུ་མ་མཆིས། ཡང་ཞུ་སྒོམ་ཆེན་པོ་ཐོག་མར་གཙང་དུ་བླ་མ་དམ་པ་བསྟེན་ནས་དབང་ལུང་མན་ངག་ཞུས་ཤིང་ཉམས་ལེན་མཛད། དེ་ནས་གངས་རི་མཚོ་གསུམ་སོགས་ལ་བཞུགས་ཏེ་སྒོམ་སྒྲུབ་མཛད། དེ་དུས་སྲིད་པའི་རྒྱལ་མོས་ལུང་བསྟན་པར་ལྟར་མདོ་སྨད་ཀྱི་རྨ་ཆེན་པོམ་རའི་གནས་རི་སོགས་སུ་ཕེབས་ནས་བཞུགས་དུས་སུ། ལུང་བསྟན་ལྟར་དུ། སྣང་ཞིག་དང་ཤེལ་ཞིག བོན་ཞིག སྐྱང་ཞིག་སོགས་ཞིག་པོ་བཅོ་བརྒྱད་རྣམས་རིམ་པར་ཞུ་སྒོམ་ཆེན་པོའི་དྲུང་དུ་མན་ངག་ཞུས་པས་བླ་སློབ་ཏུ་གྱུར་ཚུལ་ཞུ་སྒོམ་གྱི་རྣམ་ཐར་སོགས་ལས་གསུངས་པས་སོ།། དེ་ལྟར་ན་རགས་རིམ་ཙམ་དུ་བྱས་ནའང་ཞུ་སྒོམ་ཆེན་པོ་རྨ་ཆེན་པོམ་རའི་གནས་སུ་བཞུགས་པའི་དུས་ནི་རབ་བྱུང་གསུམ་པའི་ནང་ཡིན་དགོས་འདུག ཞུ་སྒོམ་ཆེན་པོ་དགུང་ལོ་སུམ་བརྒྱ་དང་དྲུག་ཅུར་བཞུགས་པར་གསུངས་འདུག དོ་འཕགས་ཆེན་པོ་རབ་བྱུང་དང་པོའི་ས་འབྲུག་ལོར(1028)འཁྲུངས་པའི་དགུང་ལོ་དྲུག་ཅུ་ན་སྐྱང་བཟའ་གཡུ་བཙུན་མ་ཡུམ་དུ་བསྟེན་དུས་ནི་རབ་བྱུང་གཉིས་པའི་ཐོག་མ་ས་འབྲུག(1088)ལ་འཁེལ་ཡོད་ལ། དེ་ལྟར་ན་སྐྱང་འཕགས་ཆེན་པོ་ནི་རབ་བྱུང་དང་པོའི་དཀྱིལ་ཟིན་ན་འཁྲུངས་ཞེས་བཤད་པ་ལས་འོས་མེད། སྐྱང་འཕགས་ཆེན་པོ་དགུང་ལོ་ཉེར་གཉིས་དུས་སུ་བྲག་དཀར་བྱ་རྒོད་ཀྱི་གནས་སྒོ་ཕྱེས་པ་ཡང་རབ་བྱུང་དང་པོའི་མཇུག་ཙམ་ལ་འཁེལ་བར་འགྱུར་བས། སྔོན་རིག་འཛིན་གྱེར་མིའི་ལུང་བསྟན་ལྟར་རྨ་སྟོན་གྱིས་རབ་བྱུང་གཉིས་པའི་ས་བྱི་ལོར(1108)དང་ར་ཁྱུང་རྫོང་ན་བོན་གཏེར་བཞེས་པ་ལས་སྔ་བར་འགྱུར་བས་ཧ་ཅང་ཐལ་ལོ།། རྒྱུ་མཚན་ནི། སྐྱང་འཕགས་ཆེན་པོའི་རྣམ་ཐར་དུ་སྐྱེས་རབས་དུ་མ་ཞིག་གི་འཕྲོ་ནས་གྱེར་མི་ཡིན་པར་གསུངས་ལ། སྐྱེས་ཕྲེང་གསོལ་འདེབས་ན་སྐྱེས་ཕྲེང་ལྔ་བ་གྱེར་མི། དྲུག་པ་གཙོ་འཕགས། བདུན་པ་སྐྱང་འཕགས་ཁོང་ཉིད་ཡིན་པའི་ཚུལ་དུ་གསུངས་ཡོད་པ་དང་འགལ་བའི་ཕྱིར་རོ།།

  བོན་ཞིག་ཁྱུང་ནག་ནི་རབ་བྱུང་གཉིས་པའི་ཆུ་ལུག(1103)(མཁན་ཉི་མའི་བསྟན་རྩིས་ལྟར་ཡིན།)ལོར་འཁྲུངས། བཅུ་དྲུག་པ་ས་ཁྱི་ལོར་ཞུ་སྒོམ་འཁྲུལ་ཞིག་བླ་མ་བསྟེན། ཞུ་སྒོམ་འཁྲུལ་ཞིག་ཚང་ནི། རབ་བྱུང་གཉིས་པར་བྱོན་པར་བཤད། ཞུ་སྒོམ་འཁྲུལ་ཞིག་གི་ཡབ་ཞུ་སྐྱེ་སེ་ཆེན་པོ་ནི་རབ་བྱུང་དང་པོའི་ལོ་རབས་བཅུ་དགུ་བ(1045)ཤིང་བྱི་ལ་འཁྲུངས་ཟེར་བ་ཡོད་ཀྱང་དོགས་པ་ཡོད། དེ་རྗེས་རབ་བྱུང་གཉིས་པའི་སོ་བདུན་པ་ལྕགས་བྱའམ་ཞེ་དགུ་བའི་ཆུ་བྱ་གང་རུང་ལ་འཁྲུངས་པ་ཡིན་དགོས་ཞེས། བོན་བརྒྱའི་བསྟན་རྩིས་ནས་གསུངས། སྐྱེ་སེ་ཆེན་པོ་དགུང་ལོ་དོན་གསུམ་དུས་སུ་ཞུ་སྒོམ་འཁྲུངས་པ་སྟེ། རབ་བྱུང་དང་པོའི་ཤིང་བྱར་སྐྱེ་སེ་འཁྲུངས་པར་ལྟར་ན་རབ་ཟུག་གི་ཤིང་བྱ་ལ་ལོ༦༡དེ་རྗེས་མེ་བྱ་ལོར༧༣ཞུ་སྒོམ་འཁྲུངས་པ་ཡིན་ལ། སྐྱེ་སེ་ཆེན་པོ་ལྕགས་བྱའམ་ཆུ་བྱར་འཁྲུངས་པར་ལྟར་ན་རབ་ཟུང་གི་དཀྱིལ་སྨད་ཙམ་ལ་ཞུ་སྒོམ་འཁྲུངས་པ་ཡིན་དགོས། ཞིག་པོ་བཅོ་བརྒྱད་གྲས་ན་སྐྱང་ཞིག་ཀྱང་ཡོད་དེ། དེ་ནི་སྐྱང་འཕགས་ཞིག་པོའམ་གཉན་འཕགས་ཞིག་པོ་དང་སྐུ་སྲས་གཡུ་བཙུན་མའམ་མདོ་སྨད་ཨ་མ་ཞིག་མོ་སོགས་སྐྱང་ཞིག་ཡིན་པས་ཞུ་སྒོམ་ཆེན་པོའི་སློབ་མའི་གྲས་ཡིན་པ། ཞུ་སྒོམ་དགུང་ལོ་སུམ་བརྒྱ་དང་དྲུག་ཅུར་འགྲོ་དོན་དུ་བཞུགས་པར་བཤད་དོ།།

  གཞན་ཡང་བོན་ཞིག་ཁྱུང་ནག་འཁྲུངས་ལོར་སྐྱང་འཕགས་ཆེན་པོས་བྲག་དཀར་བྱ་རྒོད་ཀྱི་གནས་སྒོ་ཕྱེས་ཡིན་ཞེས་ཟེར་སྲོལ་དེ་ལ་ཡང་ངེས་གཏན་མེད་དེ། དེ་ལྟར་ན་བཤད་མ་ཐག་ལྟར། གྱེར་མི་དང་རྨ་སྟོན་གྱིས་ཁྱུང་རྫོང་ན་བོན་གཏེར་བཞེས་པའི་སྔ་ལོགས་སམ་ཡང་ན་དུས་མཉམ་ཙམ་དུ་འགྱུར་བའི་སྐྱོན་ཡོད་ལ། ཤར་དུང་རིའི་དཀར་ཆག་ཏུ། རབ་བྱུང་གསུམ་པའི་ས་སྟག་ལོར་དུང་རིའི་གནས་སྒོ་ཕྱེས་ཞེས་བཤད་པ་དང་ཡང་འགལ་བས་སོ།། དེས་ན་དོགས་གཞི་དེ་དག་ལ་དམིགས་ནས། ཕྱིས་སུ་ཁོ་བོས་བླ་མ་གོང་མའི་རྣམ་ཐར་རེ་དང་བསྟན་འབྱུང་སོགས་ལ་ལྟ་རྟོག་ཡང་ཡང་བྱས་ཚེ། བྲུ་རྒྱལ་བ་གཡུང་དྲུང་རིན་པོ་ཆེའི་རྣམ་ཐར་དང་རྩོམ་བྱང་ན་ཚིག་འདི་དག་རྙེད་བྱུང་། བྲུ་སྒོམ་རྒྱལ་བ་གཡུང་དྲུང་གི་(འདུལ་རྒྱུད)རྣམ་ཐར་ལས། “གཞན་ཡང་ལུང་བོན་བཀྲ་ཤིས་རྒྱལ་མཚན་དང་།། དབྱིལ་སྟོན་དཔོན་གསས་ནམ་མཁའ་བསོད་ནམས་དང་།། རྨེ་སྟོན་དྲང་སྲོང(སྤྲུལ་སྐུ་སྐྱང་འཕགས)དང་།། རྟོགས་ལྡན་དད་ཤེས་ཞང་སྟོན་བསོད་རིན་རྣམས།། བསྟེན་ནས་གཏེར་ཁ་རྣམས་ཀྱི་བོན་སྡེ་དང་།། ཁྲིད་སྙན་རྫོགས་གསུམ་དབང་ལུང་གདམས་ཁྲིད་ཞུས།།” ཞེས་དང་། བྲུ་རྒྱལ་བའི་གསུང་གི་མཛད་བྱང་ལས། “བྲུ་སྒོམ་རྒྱལ་བ་ལ། ཐོགས་མེད་སྐུ་མཆེད་རྣམ་གཉིས་ཞུས་པ་ལ་བརྟེན་ནས།” ཞེས་སོགས་གསུངས་པ་ཡོད་དོ།། ཡང་རྟོགས་ལྡན་རི་བ་འབྲུག་གྲགས་ཀྱི་གསོལ་འདེབས་ལས། “སྐྱང་འཕགས་དྲུང་ནས་དབང་ལུང་གདམས་པ་ཞུས།།) ཞེས་གསུངས་པ་ཞིག་ཀྱང་ཡོད། དེ་དང་འབྲེལ་བར་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་བསྟན་རྩིས་ལས། “དེ་དུས་རྨ་སྟོན་ཤེར་སེང་དང་།། དབྱིལ་སྟོན་འགྲོ་མགོན་བློ་གྲོས་རྒྱལ།། མདོ་སྨད་སྐྱང་འཕགས་རྣམས་དུས་མཚུངས།།” ཞེས་གསུངས་པ་དང་མཐུན་པས། རྨ་སྟོན་ཤེར་སེང་འཁྲུངས་ལོ་མི་གསལ་ཡང་རགས་རིམ་ཙམ་དུ་བརྗོད་ན། རྨ་སྟོན་ཤེར་སེང་ནི་རྨ་ལྕམ་མེའི་སྲས་ཡིན་ལ། རྨ་ལྕམ་མེ་ནི་རྨ་སྟོན་སྲོལ་འཛིན་གྱི་སྲས་ཡིན་ལ། རྨ་སྟོན་སྲོལ་འཛིན་དགུང་ལོ་སུམ་ཅུའི་དུས་སུ་རིག་འཛིན་གྱེར་མི་དང་རྣམ་པ་གཉིས་ཀྱིས་རབ་བྱུངགཉིས་པའི་ས་བྱི་ལོར(1108)དང་ར་ཁྱུང་རྫོང་ན་བོན་གཏེར་བཞེས་པར་བཤད་ཡོད། དེ་ལ་དཔགས་ན་སྲོལ་འཛིན་ནས་གདུང་རབས་གསུམ་པ་རྨ་སྟོན་ཤེར་སེང་ཡིན་དང་རབ་བྱུང་གསུམ་པའི་མཇུག་དང་བཞི་བའི་སྐབས་ཡིན་ཤས་ཆེ།

  དབྱིལ་སྟོན་ཁྱུང་རྒོད་རྩལ་ནི། བསྟན་རྩིས་ཡིད་ཀྱི་མུན་སེལ་ལས། “དཔོན་གསས་ཁྱུང་རྒོད་རྩལ་སོགས་སྔགས་ཆེན་རིག་འཛིན་བཅུ་བྱོན་པའང་རབ་བྱུང་གསུམ་པ་དང་བཞི་བའི་སྟོད་ཙམ་མོ།།” ཞེས་དང་། མཁན་ཉི་མའི་བསྟན་རྩིས་ལས། འགྲོ་མགོན་བློ་གྲོས་རྒྱལ་མཚན་ནི་རབ་བྱུང་གསུམ་པའི་མཇུག་གི་ས་རྟ་ལོར(1198)འཁྲུངས་པ་དང་། བྲུ་རྒྱལ་བ་གཡུང་དྲུང་ནི་རབ་བྱུང་བཞི་བའི་དཀྱིལ་ཙམ་གྱི་ཆུ་སྟག་ལོར(1242)འཁྲུངས་ནས་དགུང་ལོ་ཞེ་དགུ་བ་རབ་བྱུང་ལྔ་བའི་ལྕགས་སྟག་ལོར(1290)ཞི་དབྱིངས་སུ་ཞི་བར་གཤེགས་སོང་བ་དང་། རི་བ་འབྲུག་གྲགས་ནི་བྲུ་རྒྱལ་འདས་པའི་ལོ་དེར་འཁྲུངས་པར་གསུངས། དེ་དག་ཀུན་གྱི་ལོ་ཚིགས་རྣམས་རབ་བྱུང་གསུམ་པའི་སྨད་དང་རབ་བྱུང་བཞི་བའི་དུས་ཡིན་པ་ཞལ་མཐུན་ལ། རི་བ་འབྲུག་གྲགས་ཚང་རབ་བྱུང་ལྔ་བའི་ནང་ཡིན་འདུག དེ་ལྟར་ན་བྲུ་རྒྱལ་བས་སྐྱང་འཕགས་ཆེན་པོའི་དྲུང་ནས་གདམས་པ་ཞུས་པ་ནི། རབ་བྱུང་བཞི་བའི་མཇུག་དང་ལྔ་བའི་སྟོད་ཙམ་ཡིན་དགོས་ལ། སྐྱང་འཕགས་ཆེན་པོའི་སྐུ་སྲས་ཐོགས་རྒོད(ནམ་མཁའ་རྒྱལ་མཚན)དང་ཐོགས་མེད་རྣམ་གཉིས་ཀྱིས་བྲུ་རྒྱལ་བ་གཡུང་དྲུང་མདུན་ནས་ཞང་ཞུང་སྙན་བརྒྱུད་སོགས་ཀྱི་དབང་ལུང་མན་ངག་ཞུས་པ་ཡང་དུས་དེ་ཙམ་ཡིན་དགོས། ཡང་ཤར་དུང་རི་དཀར་ཆག་ལས། རབ་བྱུང་གསུམ་པའི་ས་སྟག་ལོར(1158)སྐྱང་འཕགས་ཆེན་པོས་དུང་རི་གནས་སྒོ་ཕྱེས་ཞེས་གསུངས་པ་དེ་ཡང་གོང་གི་དེ་དག་དང་ཕལ་ཆེར་ཕྱོགས་མཚུངས་ཙམ་ཡིན་འདུག་གོ །ཡང་སྒུར་བའི་སྐྱང་ཚང་གི་གདན་རབས་དང་། ཨ་སྐྱིད་སྐྱང་ཚང་གི་གདན་རབས་ཀྱི་རེའུ་མིག་ཏུ་ལོ་ཚིགས་བཀོད་པ་རྣམས། དོ་འཕགས་ཆེན་པོ་རབ་བྱུང་དང་པོར་འཁྲུངས་ཞེས་པ་དང་། བོན་ཞིག་ཁྱུང་ནག་སྐུ་འཁྲུངས་ལོར་སྐྱང་འཕགས་ཆེན་པོས་བྱ་དཀར་བྱ་རྒོད་ཀྱི་གནས་སྒོ་ཕྱེས་པ་ཡིན་ཞེས་བའི་ཟེར་སྲོལ་ལྟར་བཀོད་པ་ཡིན་ལ། རྨ་སྟོན་ཤེར་སེང་དང་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་སྐྱང་འཕགས་ཆེན་པོ་རྣམས་དུས་མཉམ་ཡིན་པ་དང་ཁྱད་པར་དུ་སྐྱང་སྲས་རྣམ་གཉིས་ཀྱིས་བྲུ་རྒྱལ་བ་གཡུང་དྲུང་གི་མདུན་དུ་དབང་དང་ཁྲིད་ཞུས་པ་ནི་ལོ་རྒྱུས་ངེས་ཅན་ཡིན་པས་དེ་ལྟར་ན། རབ་བྱུང་གཉིས་ཙམ་གྱི་སྔ་ཕྱི་ཡོད་པས་སྔར་གྱི་ལོ་ཚིགས་ལས་ལོ་གྲངས་བརྒྱ་དང་ཉི་ཤུ་ཙམ་གྱི་ཁྱད་པར་ཡོད་དོ།། ཡང་དབུས་ཕྱོགས་ཁྱུང་པོའི་ཡུལ་ན་སྐྱང་འཕགས་གདུང་རྒྱུད་ཁག་ཅེས་དུད་ཚང་འགའ་རེ་ད་ལྟའང་འདུག་ཟེར། ད་དུང་མདོ་ཁམས་ཉག་རོང་ཡུལ(ད་ལྟ་སི་ཁྲོན་དཀར་མཛེས་ཁུལ་ཉག་རོང་རྫོང་ཁོངས)ན་ཁྱུང་པོ་ཚང་ངམ་སྐྱང་ཁྱུང་ཚང་ཞེས་པའི་གདུང་རབས་སུ་ཁྱད་འཕགས་ཀྱི་སྐྱེས་བུ་དམ་པ་དུ་མ་བྱོན་པའི་གདུང་རབས་ད་ལྟ་མང་དུ་འཕེལ་བཞིན་ཡོད། དེ་ནི་རིག་འཛིན་ཁྱུང་པོའི་གདུང་རྒྱུད་དང་གྱེར་མི་སྐྱང་འཕགས་ཀྱི་གདུང་རྒྱུད་གཉིས་འདྲེས་པ་ཡིན་པས་སྐྱང་ཁྱུང་ཟེར་བ་ཡིན། གདུང་རབས་དེའི་ལོ་རྒྱུས་ན་སྐྱང་འཕགས་ཆེན་པོ་ནི་གྲུབ་ཐོབ་ཨ་སྟག་ཁ་བ་རྗེས་མེད་ཀྱི་སྐུ་སྲས་ཡིན་པར་བཤད་འདུག དེའི་ཁུངས་ཤས་ཆེར་ཁྱུང་པོའི་གདུང་རྒྱུད་དེ་ཁྱུང་པོ་གྱེར་ཆེན་ཟླ་མེད་དང་དེའི་སྲས་གྱེར་མི་ཉི་འོད་དང་དེའི་གདུང་སྲས་རིམ་བཞིན་བར་མ་ཆད་པའི་གདུང་རྒྱུད་ཡིན་པར་བཤད། དེ་ལ་མདོ་ཁམས་ཀྱི་སྐྱང་ཁྱུང་ནི་ཉག་རོང་དང་ཨ་མདོའི་ཁྱུང་ཞེས་འཕན་ཆུ་དང་ཟུང་ཆུ་ན་ཡོད་པ་འདི་དག་ལ་ངོས་འཛིན་བྱས་ཡོད་དོ།།

  རིག་འཛིན་ཆེན་པོ་ཉིད་ཀྱི་རིགས་རུས་དང་མཚན་དོན་ནི་ཉིད་ཀྱི་གསུང་མགུར་ལས། “ཁོ་བོ་མུ་སྤུངས་གྱེར་མི་ལ།། གཉན་འཕགས་སྐྱང་རྩེ་རྫུན་མའི་མཚན།། ཀུན་ལ་ཚིག་ཏུ་སྒྲོག་པ་ནི།། གཉན་ནི་རིགས་ལྡན་འཁྲུལ་མེད་བོན།། འཕགས་ནི་ཁྱད་པར་འཕགས་པའི་མཚན།། སྐྱང་ནི་སྐྱེ་གནས་ད་ལྟ་མིང་།། རྩེ་ནི་རྩེ་གཅིག་མཐར་ཕྱིན་ཉིད།། སྣང་བ་རྫུན་པ་ཡིན་ཕྱིར་རྫུན།། མ་ནི་ཀུན་ཁྱབ་བོན་ཉིད་ཀློང་།། གཉན་སྨྱོན་རྫུན་མའི་རང་བཞིན་ལགས།།” ཞེས་གསུངས།། དེ་བཞིན་སྐྱང་འཕགས་ཞེས་པའང་སྐྱང་ནི་རུང་མིང་དང་འཕགས་ནི་གཞན་ལས་ཁྱད་པར་འཕགས་པའི་དོན་ནོ།། མཚན་གྱི་རྣམ་གྲངས། ཁོང་གི་མཚན་ཡོངས་གྲགས་ལ་སྐྱང་འཕགས་མུ་ལ་དྲུང་མུའང་ནམ་མཁའ་གཡུང་དྲུང་སྟེ་རྣམ་ཐར་དབུ་ན་དེ་བཞིན་ཁོ་བོ་མུ་ལ་དྲུང་མུ་ཡི། ཞེས་དང་། ཡང་རྫུ་འཕྲུལ་སྣ་ཚོགས་བསྟན་པ་སྡེ་བརྒྱད་བྲན་དུ་བཀོལ་བ། མི་དང་མི་མིན་སྐད་རིགས་སྨྲ་བསྒྱུར་བ། ཟད་པར་དང་ཟིལ་གནོན་ལ་མངའ་བརྙེས་པ། བོན་དང་ཆོས་གང་འཚམ་བསྟན་ཅིང་འབྲེལ་ཚད་ཐར་བར་འདྲེན་པ་ལྟ་བུ་མཛད་པ་འགའ་རེའི་དུས་སུ་མཚན་ལ་ལྷུན་གྲུབ་རྒྱལ་པོ་ནམ་མཁའ་གཡུང་དྲུང་ལགས། ཞེས་གསོལ། ད་དུང་སྐུ་ན་གཞོན་དུས་ཐ་མལ་བ་ལྟར་བཞུགས་དུས་འཕགས་པ་སྐྱབས་དང་། དགུང་ལོ་བཅོ་བརྒྱད་བཅུ་དགུའི་དུས་གྲུབ་རྩལ་མངོན་དུ་བསྟན་དུས་སྐྱང་རྩེ་འཕགས་པ་དང་སྐྱང་འཕགས་ཞེས་སུ་གྲགས། སྐྱང་ཞེས་པ་འདི་ལ་རྐྱང་དང་སྐྱང་། སྤྱང་ཞེས་འབྲི་ཚུལ་གསུམ་ཙམ་མཆིས།ལར་ཨ་མདོ་འཕན་ཆུ་དང་ཟུང་ཆུ་སོགས་ན་བརྡ་རྙིང་ལྟར་སྐྱ་བོ་ལ་དཔྱ་བོ་དང་། མི་སྐྱ་ལ་མྱི་དཔྱ། སྐྱིད་པོ་ལ་དཔྱིད་པོ། སྐྱུར་མོ་ལ་དཔྱུར་མོ་ཞེས་ཟེར། དེ་བཞིན་སྐྱང་ལ་དཔྱང་ངམ་སྤྱང་ཟེར་བས་སྐྱང་ཚང་ལ་དཔྱང་ཚང་ངམ་སྤྱང་ཚང་། སྐྱང་འཕགས་ལ་སྤྱང་འཕགས་སོགས་ཟེར་སྲོལ་ཡོད་ལ་དེང་དུས་ཀྱང་ཡུལ་སྐད་ལ་དེ་ལྟར་ཟེར། སྐྱེས་རབས་མང་པོ་དྲན་ནས་གསུངས་སྐབས་སུ། ཁོ་བོ་གྱེར་མི་ཉི་འོད་ཅེས་དང་མེས་པོ་གཉན་རིགས་ཡིན་པས་གཉན་འཕགས་དང་ཡང་རྟུལ་ཤུགས་ཀྱི་སྤྱོད་པ་ངེས་མེད་སྐབས་ཏེ། རྣམ་ཐར་ལས། “དེ་ལྟར་ཆོལ་བུའི་སྤྱོད་པ་ངེས་མེད་དེ།། གཞན་དག་མིས་ནི་བཟང་ངན་ཀུན་ཏུ་སྨྲ།། ཁོ་བོ་ཅི་བྱུང་ཡོན་ཏན་སེམས་ཀྱི་རྩལ།།” ཞེས་པ་ལྟ་བུའི་དུས་སུ། གཉན་འཕགས་རྫུན་མའི་རང་བཞིན་དེ་ལྟར་ལགས་ཞེས་སོ།། ཡང“བར་དུ་སྨྱོན་པས་སྣང་བ་ཞིག་པར་བཏགས།” ཞེས་དང་། ཕྱིར(ཚུར)རྟགས་པས་འཁྲུལ་སྣང་རང་སར་དག་ཅེས་གཉན་འཕགས་ཞིག་པོ་དང་། ཡང་ཡབ་མེས་འབྲུ་ཞིག་གི་གདུང་རྒྱུད་དེ་ཞིག་པོ་བཅོ་བརྒྱད་ཀྱི་གྲས་ཡིན་པས་གཉན་འཕགས་ཞིག་པོ་དང་། ཡང་ཞིག་པོ་བཅོ་བརྒྱད་གྲས་ཀྱི་རྐྱང་ཞིག་ཅེས་པའང་སྐྱང་འཕགས་ཞིག་པོའམ་གཉན་འཕགས་ཞིག་པོ་འདི་ཉིད་སོགས་ཡིན་ནམ་སྙམ། ཡང་ཞལ་གཟིགས་དུ་མ་བྱུང་དུས་སོགས་དང་རྟོགས་པ་ཀློང་བརྡོལ་གྱི་ངང་ནས་གསུང་མགུར་དུ་མ་གསུངས་པ་ལས་ཀྱང་ཁོ་བོ་གཉན་འཕགས་སྐྱང་རྫུན་ཞེས་ཡང་ཡང་གསུངས་ཡོད། བླ་ཆེན་དྲན་པ་དང་ཁོང་གཉིས་འོལ་མོའི་གླིང་དུ་ཕེབས་སྐབས་སུ་ཁོ་བོ་མུ་སྤུངས་གྱེར་མི་ཞེས་དང་། གཙོ་བཞི་དང་རྒྱལ་བ་ཞི་ཁྲོའི་ཞལ་མཇལ་དུས་སུ། སྐལ་ལྡན་དག་པ་ཤེས་རབ་དོན་འབར་ཞེས་དང་། སྲིད་པའི་རྒྱལ་པོས་ལུང་བསྟན་དང་མཐུ་རྩལ་དངོས་གྲུབ་གནང་དུས། རིགས་ལྡན་སྐལ་ལྡན་མུ་སྤུངས་དྲུང་མུ་ཞེས་དང་། སྲིད་པའི་རྒྱལ་པོས་སྐུལ་བརྡ་གནང་དུས་མུ་སྤུངས་ཁ་ཡབ་དབང་ཕྱུག་ཅེས་དང་དུས་ཕྱིས་ཙམ་ལ། ཁོ་བོ་མུ་ལ་གཉན་འཕགས་རྒྱལ་བ་ཞེས་དང་། ཡང་རྣམ་ཐར་སོགས་ན་གྱེར་མི་སྐྱང་འཕགས་ཞེས་དང་། སྐྱང་འཕགས་ཉི་མ་འོད་ཟེར་ཞེས་གསུངས་པ་སོགས་མང་དུ་ཡོད་དོ།། དེ་ལ་གྱེར་ཞེས་རྟག་གཟིགས་གཡུང་དྲུང་ལྷའི་སྐད་དང་ཞང་ཞུང་སྨྲར་གྱི་སྐད་དུ་བོན་དང་གཤེན་གཉིས་ལ་སྐབས་ཀྱིས་འཇུག་པར་གསུངས་པས། འདིར་གཤེན་གྱི་དོན་ཡིན་སྙམ། ཡང་གདུང་རྒྱུད་ཆེན་པོ་དྲུག་ལས་མཁའ་འགྱིང་གཉན་གྱི་གདུང་རྒྱུད་ཁྱུང་པོ་གྱེར་ཆེན་ཟླ་མེད་ཀྱི་སྐུ་སྲས་གྱེར་མི་ཉི་འོད་ཀྱི་རྣམ་སྤྲུལ་ཡིན་པས་གྱེར་མི་སྐྱང་འཕགས་ཞེས་སྐུ་སྐྱེ་སྔ་ཕྱི་ཡིན་ཡང་ངོ་བོ་གཅིག་ཡིན་པས་མཚན་གཉིས་ལྷན་དུ་སྦྱར་བ་ཡིན་ནོ།།

  ཡང་སྔོན་རབས་བོད་ཀྱི་ལོ་རྒྱུས་ལ་ལ་ན། གནའ་སྔོན་དུས་སུ་བོད་ལ་རུས་ཀྱི་དབྱེ་བ་ལ།ཡེ་སངས་དཀར་པོ། ཡེ་རྗེ་སྨོན་པ། ཡེ་སྨོན་ནག་པོ། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མ་དང་བཞི་ཡོད་པར་བཤད་པ་ལས། སྤྱང་ཁྲིག་ཡེ་ཤེས་ཞེས་པ་དང་སྐྱང་རྩེ་དང་སྐྱང་ཚང་ངམ་སྤྱང་ཚང་ཞེས་པའི་རུས་རྒྱུད་གཉིས་ཁུངས་གཅིག་ཡིན་ནམ་སྙམ། སྤྱང་ཞེས་པའང་སྤྱང་པོའམ་སྤྱང་གྲུང་སྟེ་བློ་གསལ་ལ་རིག་པ་གྲིམ་པའི་དོན་ཡིན་པར་བཤད་ཡོད་དོ།།

  རིག་འཛིན་སྐྱང་འཕགས་ཆེན་པོ་འཁྲུངས་འདས་ཀྱི་ལོ་ཚིགས་ལ་དཔྱད་པ་འདི་ནི་ཐེ་བོ་ཀླུ་ཐར་གྱིས ༡༠༡༥-༨-༨ཉིན་སྣང་བ་དབྱིངས་སུ་ཞིག་བའི་ཡེ་གཤེན་སྨིན་གྲོལ་ལྷ་ཁང་དུ་ངག་མཚམས་བཅད་རྒྱ་བཞུགས་སྐབས་སུ་རྫོགས་པར་བྲིས་པའོ།། ཕན་པར་གྱུར་ཅིག་གུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།