རྭ་ཆེན་ལོ་ཙཱ་བ།-རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ་བཀླགས་པའི་རེག་ཟིག

[ཟླ་ཚེས། 2020-06-03 19:42:07][རྩོམ་པ་པོ། གྱེར་ནག་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


རྭ་ཆེན་ལོ་ཙཱ་བ།-རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ་བཀླགས་པའི་རེག་ཟིག

གླེང་གཞི།

  དཔེ་དེབ་འདིའི་གསལ་བཤད་ནང་། བྲིས་དཔེའང་ཧ་ཅང་དཀོན་པོ་ཞིག་ཏུ་སོང་གཤིས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡབ་གཞིས་གླང་མདུན་པ་ནས་བསྟན་འགྲོར་ཕན་བདེའི་སླད་དུ་དད་གདུང་སྤྲོ་བ་ཆེན་པོས་མཚམས་སྦྱར་ཞིང་མཐུན་པའི་ཆ་རྐྱེན་སྤེལ་ཏེ་ཤིང་སྦྲུལ་ལོ་ཕྱི་ལོ་༡༩༠༥ལོར་ཤིང་པར་དུ་གསར་བསྐྲུན་བྱས་པ་དང་ཐོག་ཡབ་གཞིས་དགེ་ལེགས་བདེ་སྐྱིད་རབ་བརྟན་དུ་བཞུགས། ཕྱིས་སུ་ཕྱི་ལོ་༡༩༨༩ལོར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གྲངས་ཉུང་མི་རིགས་གནའ་དཔེ་གཞུང་ལས་ཁང་ནས་མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་དཔེ་ཚོགས་སུ་བསྡུས་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ནས་འགྲེམས་སྤེལ་བྱས་ཚུལ་གསལ།

  ཁོ་བོར་ཤིང་དཔར་དང་ལྕགས་དཔར་གཉིས་ལག་སོན་བྱུང་། དེ་གཉིས་ཀར་དཀར་ཆག་མཛད་མེད་པ་དང་། མ་ཟད། རྣམ་ཐར་རང་གི་རྩོམ་ལུས་ལ་ཡང་ལེའུ་དང་ས་བཅད་བཅས་ཀྱིས་སྟོང་པ་མུ་ལུགས་སུ་མཛད་འདུག་པ་ཞིག་རེད། རྣམ་ཐར་འདི་གྲགས་སྐད་ཆེ་བ་ཞིག་ཏུ་སོང་ཙང་། ལོ་ཤས་སྔོན་ནས་མཇལ་འདོད་ཀྱི་དད་མོས་བྱུང་མོད། ད་ལྟའི་བར་སྒྱིད་ལུག་ནས་ནར་འགྱངས་སུ་སོང་། ད་ལན་ཤིང་དང་ལྕགས་ཀྱི་པར་གཞི་གཉིས་ཀར་གཤིབ་སྡུར་གྱིས་བཀླག་ཞོར་དང་རེག་ཟིན་བཀོད་ཞོར་བྱས་ནས་ཉིན་གསུམ་རིང་གྲུབ་པར་བྱས། རེག་ཟིན་འདི་ནི་རང་གི་བརྗེད་ཐོ་ཙམ་ལས་དཔྱད་པ་དང་བསམ་ཚུལ་གང་ཡང་བཀོད་མེད་པས་དེ་ལུགས་དགོངས་མཛོད་ཞུ།

རྭ་ཆེན་ལོ་ཙཱ་པའི་མཛད་རྣམ་མདོར་བསྡུས།

  ཡོངས་གྲགས་ཀྱི་མཚན་ལ་རྭ་ལོ་ཙཱ་པ་དང། མཚན་དངོས་ལ་རྡོ་རྗེ་གྲགས་དང་། ཡང་ན། རྡོ་རྗེ་གྲགས་པ་ཞེས་སུ་གྲགས། བོད་འབྱུང་ལྡན་༢༨༤ནང་ཚན། མེ་འབྲུག་ལོ་སྟེ། ཕྱི་ལོ་༡༠༡༦ལོར་ལ་སྟོད་ལྷོའི་ཆ། སྙེ་ནམ་གླང་ཡུལ་ཞེས་བྱ་བ་ཕུ་ན་འབྲོག་དང་མདའ་ན་ཞིང་འཛོམས་པའི་ཡུལ་ལུང་དེ་རུ། ཡབ་ནི་མི་རབས་བདུན་ལ་སྔགས་པའི་བརྒྱུད་པ་བར་མ་ཆད་པ་རྭ་སྟོན་དཀོན་མཆོག་རྡོ་རྗེ་དང་ཡུམ་རྡོ་རྗེ་དཔལ་འཛོམས་གཉིས་ལ་སྲས་ལྔ་བལྟམས་པའི་དཀྱུས་མ་དེ་ཡིན། དང་པོའི་མཚན་ལ་ངོ་མཚར་འབྱུང་གནས་སུ་བཏགས། ཡུལ་མི་རྣམས་ཀྱིས་འཆི་མེད་རྡོ་རྗེ་ཐོགས་ཟེར་བ་ཡང་བྱུང་།

  དགུང་གྲངས་དྲུག་པ་ལ་ཡབ་ནས་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། དགུང་གྲངས་བརྒྱད་པར་དབུ་ཅན་དང་། དབུ་མེད། ལཉྩ། ཝརྟུ། རྒྱ་བལ་གྱི་ཡི་གེ་སོགས་བསླབས། གསེར་དངུལ་རྡོ་ལྕགས་ཀྱི་བཟོ་དང་། གོས་དར་སྣམ་རས་སོགས་འཐག་ཚེམ། ལྷ་བྲིས། འབུར་བཟོ། སྲ་རྩི། རྫ་རྩི་བྱ་ཐབས། པི་ཝང་། གླིང་བུ། གླུ། གར་སོགས་ཀྱང་མཁྱེན་པས་མཚན་ལ་ཤེས་རབ་འབྱུང་གནས་སུ་བཏགས།

  དགུང་གྲངས་དགུ་པར་ཡབ་ཀྱིས་ཕུར་པའི་དབང་བསྐུར་ནས་དེའི་རྒྱུད་ལས་གཞུང་འགྲེལ་ཊཱིཀ་མཆན་བུ་དང་བཅས་པ་སྦྱངས། དགུང་གྲངས་བཅུ་གཅིག་པར་ཡབ་ཀྱི་བཀའ་ལྟར་ཇོ་མོ་དགེ་མ་ལྕམ་ཕྱག་རྒྱར་བཞེས། དགུང་གྲངས་བཅུ་གཉིས་ནས་བཅུ་བཞིའི་བར་དུ་ཡང་དག་ལ་བསྙེན་པར་མཛད།

  དེ་ནས་བལ་ཡུལ་དུ་ཕེབས་ནས་བླ་མ་བྷ་རོ་དང་མཇལ། དཔལ་རྡོ་རྗེ་ཕག་མོའི་དབང་བསྐུར། རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྫོགས་པར་གནང་། བལ་པོའི་པཎ་གྲུབ་གཞན་དུ་མ་ལས་ཆོས་མང་དུ་གསན། མུ་སྟེགས་པུརྞ་ནག་པོ་དང་མཐུ་འགྲན་ནས་བསྒྲལ། བལ་པོའི་ལོ་ཙཱ་བ་དང་ལྷན་དུ་བོད་དུ་ཕེབས། སྟོད་དང་གཙང་རྒྱུད་ཡུལ་ལུང་དུ་མར་བྱོན་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་གདམས་པ་གནང་། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་མཛད།

  ཕྱིས་སུ་རྒྱ་གར་དུ་བྱོན། པཎྜི་ཏ་ཆེན་པོ་མེནྫ་གླིང་པ་དང་མཇལ། དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་དགེ་ཚུལ་སློང་གི་སྡོམ་པ་བཞེས་ཏེ་མཚན་ལ་ཤྲཱི་བཛྲ་ཀིརྟི་དཔལ་རྡོ་རྗེ་གྲགས་པ་བཏགས། དེར་མཁན་པོའི་དྲུང་དུ་ཚད་མ་སྡེ་བདུན་དང་། བྱམས་པའི་ཆོས་ལྔ་དང་མདོ་སྡེ་དང་། མངོན་པའི་གཞུང་ལུགས་ལ་སོགས་པ་མང་དུ་གསན། སློབ་དཔོན་ཤནྟི་པ་ལ་འདུལ་བ་མཐའ་དག་གསན། རིག་པའི་ཁུ་བྱུག་གཉིས་ལ་དབུ་མའི་སྐོར་མང་དུ་གསན། པཎ་ཆེན་མེནྫ་གླིང་གི་ཕྱག་ཕྱི་མཛད་ནས་བལ་ཡུལ་མེནྫ་གླིང་དུ་ལོ་དྲུག་བཞུགས་རིང་བདེ་མཆོག་རྩ་རྒྱུད་སོགས་ཀྱི་བཀའ་དབང་དང་། སློབ་དཔོན་སོ་སོས་མཛད་པའི་སྒྲུབ་ཐབས་ཀྱི་རིགས་མི་འདྲ་བ་དུ་མ་དང་བཅས་པ་གསན་མཛད།

  དེ་ནས་བོད་དུ་བྱོན་ཏེ་དབུས་གཙང་ཁམས་གསུམ་ནས་འདུས་པའི་སློབ་མའི་ཚོགས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། འབུལ་བས་གླང་ཡུལ་བདུད་འདུལ་ལྷ་ཁང་གི་གཙུག་ལག་ཁང་བསྐྲུན། རྟེན་བཞེངས་དང་ལྷ་ཁང་རྙིང་གསོ་གསར་བཞེངས་དུ་མ་མཛད། དབུས་གཙང་བྱང་རྒྱུད་ཀྱི་ཡུལ་ལུང་ཇི་སྙེད་དུ་ཞབས་ཀྱིས་བཅགས། སྐྱེ་བོ་མཐའ་ཡས་རྣམ་དཀར་ལ་བཀོད་དེ་བྱང་ཆུབ་ཀྱིས་རྒྱུད་སྨིན་པར་མཛད། ཟབ་ལམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་གདམས་པ་མཛད།

  དགུང་གྲངས་རེ་གཅིག་པར་སླར་ཡང་རྒྱ་གར་ལ་ཕེབས་ནས་བླ་མ་མེནྫ་གླིང་པ་བོད་དུ་གདན་དྲངས་ནས་དབུས་གཙང་། ལྷོ་བྲག།གཉལ་བྱར་ལོར་གསུམ་སོགས་ཡུལ་གྲུ་ཐམས་ཅད་དུ་བྱོན། བཤད་སྒྲུབ་ཀྱི་བྱ་བ་ལ་བརྩོན་པར་བྱེད་པའི་སློབ་མ་མཐའ་ཡས་པ་རྒྱུན་མི་ཆད་པ་བྱུང་། ལོ་ཕྱེད་དང་ལྔའི་བར་དུ་མདོ་དང་། འདུལ་བ། གསང་སྔགས་ཀྱི་ཆོས་མང་དུ་བསྒྱུར་ཅིང་དག་མ་དག་གི་ཤན་སོ་སོར་ཕྱེ། རྒྱུད་དང་སྒྲུབ་ཐབས་མང་པོ་ལ་འགྱུར་བཅོས་དང་འགའ་ཞིག་གསར་འགྱུར་མཛད། ཁྱད་པར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ། རྟོག་པ་བཞི་པ་སོགས་རྒྱུད་རྒྱ་གཞུང་ཐམས་ཅད་བསྒྱུར།

  སྐུ་ཚེའི་སྨད་དུ་ལྷ་ལྡན་དུ་བཞུགས་ཏེ་འཆད་ཉན་གྱི་འཕྲིན་ལས་རྒྱུན་མ་ཆད་པར་མཛད། བུ་སློབ་འབུམ་ཕྲག་ལྷག་བྱུང་། སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ། བལ་པོ་ནས་རྒྱ་གར་བར་གྱི་བཙད་པོ་དང་། བླ་མ། དགེ་བཤེས། སྨན་པ། བཙུན་མོ། རྗེ་རིགས་ལ་སོགས་པའི་མི་དྲག་ཞན་ཁྲི་ཕྲག་ལས་བརྒལ་བ་སློབ་མར་གྱུར། སྐུ་ཚེ་ཧྲིལ་པོར་རྒྱ་གར་དང་བལ་ཡུལ་དུ་ལན་བཞིར་ཕེབས། བོད་ཀྱི་མངའ་རིས་སྐོར་གསུམ་དང་། དབུས་གཙང་ཁམས་གསུམ། གཉལ་ལོར་བྱར་གསུམ། དྭགས་ཀོང་ཨེ་གསུམ་ལ་སོགས་པའི་ཡུལ་གྲུ་ཐམས་ཅད་དུ་བྱོན་ནས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། མཐར་དགུང་གྲངས་བརྒྱ་དང་བརྒྱད་ཅུ་བཞེས་ནས་རྟ་ལོའི་ཟླ་བ་བཞི་པའི་ཚེས་བཅུའི་ཉི་ཤར་ལ་གཟུགས་སྐུའི་བཀོད་པ་བསྡུས་ཏེ་མཁའ་སྤྱོད་དུ་གཤེགས།


རྣམ་ཐར་གྱི་ནང་དོན་ཁག་གཅིག་རེག་ཟིག་ཏུ་བཀོད་པ།

  རྣམ་ཐར་འདི་ཡི་མཚན་བྱང་དངོས་ལ། “མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བའི་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ་”ཞེས་འཁོད་ཡོད། མཛད་པ་པོ་ནི། དུས་རབས་བཅུ་གཉིས་པར་བྱོན་པ་ཡེ་ཤེས་སེང་གེ་ཡིན། ཁོང་ནི་རྭ་ལོའི་ཚ་བོ་རྭ་ཆོས་རབ་ཞེས་བྱ་བའི་དངོས་སློབ་སྟེ། ཡོངས་གྲགས་ཀྱི་མཚན་ལ་རྭ་ཡེ་ཤེས་སེང་གེ་ཞེས་སུ་གྲགས་པ། རྣམ་ཐར་གྱི་མཇུག་བྱང་དུ། “འདི་ཡང་མདོ་ཁམས་ཡུལ་ཆེན་བཅོ་བརྒྱད་ཀྱི་ཆེ་དགུ་རྣམས་ཀྱིས་བསྐུལ་བ་ལ་བརྟེན་ནས། རང་ཉིད་ཀྱང་མཆོག་ཏུ་མོས་པས་རྒྱུད་དྲངས་ཏེ་རྩ་བའི་བླ་མ་རྗེ་བཙུན་ཆོས་རབ་ཀྱིས་གསུངས་པ་ལས། ཇི་ལྟར་བྱུང་བ་བཞིན་དུ་རང་བཟོས་མ་སྦག་པར། རྭའི་རིགས་སུ་སྐྱེས་པའི་བནྡེ་ཡེ་ཤེས་སེང་གེས་བཀོད་” ཅེས་གསུངས་ཡོད་པ་ལྟར་རོ། །ཤིང་དཔར་དཔེ་གཟུགས་ཅན་ལ་ལྡེབ་གྲངས་༡༥༠བཞུགས། ལྕགས་དཔར་དེབ་གཟུགས་ཅན་ལ་ཤོག་ངོས་༣༤༥བཞུགས།

  དང་པོ། སྐུ་བལྟམས་པའི་སྐོར།

  ཁོང་གིས་འདིར་ངོ་མཚར་བཞི་ཡིས་ཁྱད་པར་འཕགས་པའི་གྲུབ་པའི་དབང་པོ་རྭ་ལོ་ཙཱ་བའི་རྟོགས་བརྗོད་འདི་ལ་སྒྲོ་བཏགས་དང་ཁྲེལ་ཚིག་སྤངས་ཏེ་དྲང་པོར་བརྗོད་པར་བྱ་བ་འཇམ་དཔལ་རྩ་རྒྱུད་ལས་མ་འོངས་ལུང་དུ་བསྟན་པ་སོགས་ཀྱིས་སྣ་དྲངས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་ཁོར་ཡུག་ཏུ་ཤར་བ་སོགས་ཀྱི་རྟགས་མཚན་ངོ་མཚར་བ་ཁྱད་པར་ཅན་མང་པོ་བྱུང་རབས་སོགས་ཞིབ་ཕྲ་འཁོད་ཡོད།

  གཉིས་པ། སློབ་གཉེར་སྒོམ་སྒྲུབ།

  དང་པོར་ཀློག་བསླབས་པ་དང་ཞི་གནས་སྒོམ་པ། ཡུལ་ལུང་གཞན་དུ་མེ་ཏོག་སྡུད་དུའང་བྱོན་པ། དགུང་གྲངས་བརྒྱད་ནས་ཡི་གེ་མི་འདྲ་བ་༥༧མཁྱེན་ཞིང་ཐུགས་རབ་ཏུ་ཆེ་བའི་སྙན་གྲགས་ཆེར་བྱུང་བ་དང་། དགུང་གྲངས་བཅུ་གཅིག་པའི་དུས་སུ་ཐེག་པ་ཆེན་པོ་གསང་སྔགས་སྒྲུབ་པ་ལ་རིག་མ་ཅིས་ཀྱང་དགོས་ཟེར་བ་ལྟར་ཇོ་མོ་དགེ་མ་ལྕམ་བྱ་བ་ཇོ་མོར་བསུས་པ་སོགས་ཀྱི་སྐོར་འཁོད།

  གསུམ་པ། ལྷོ་བལ་དུ་བླ་མ་བྷ་རོ་མཇལ་བ།

  དེ་ནས་མཁའ་འགྲོ་མའི་ལུང་བསྟན་བྱུང་བ་ལྟར་གསེར་སྲང་༢༩ཙམ་བསྣམས་ནས་ལམ་གྲོགས་མེད་པར་ལྷོ་བལ་ཕྱོགས་སུ་ཐོན། དཀའ་སྡུག་ཁྱད་དུ་བསད་ནས་བླ་མ་བྷ་རོ་སོགས་བལ་པོའི་པཎ་གྲུབ་མང་པོ་ལས་ཆོས་དང་གདམས་པ་ཟབ་མོ་མཐུ་ནུས་སྣ་ཚོགས་ལ་མཁས་པར་བསླབས། མུ་སྟེགས་པུརྞ་ནག་པོ་བྱ་བར་མཐུ་འགྲན་ནས་བསྒྲལ་བར་མཛད། བལ་ཡུལ་སྒྲོལ་སྟེང་དུ་བྱོན་ནས་དབུ་སྔས་ལ་མི་འཇོག་པར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས། སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྩོལ་མེད་རྒྱུད་ལ་འཁྲུངས་ཚུལ་དང་། རྒྱུད་སྡེ་རབ་འབྱམས་ཀྱི་དགོངས་པ་ཇི་ལྟ་བ་རྟོགས་ཚུལ། འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་དང་བྲལ་བའི་སྤོབས་པ་ཐོབ་ཚུལ། བདེ་སྟོང་ཟག་མེད་ཀྱི་ཏིང་འཛིན་རྒྱུད་ལ་སྐྱེས་ཚུལ། རྫུ་འཕྲུལ་དང་ནུས་པ་ཐོགས་མེད་དུ་གྱུར་ཚུལ། གཟུང་འཛིན་གྱི་མདུད་པ་རང་སར་གྲོལ་ཏེ། རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར་ཏེ་མཆོག་གི་དངོས་གྲུབ་བརྙེས་ཚུལ་སོགས་གསུངས་ཡོད།

  བཞི་པ། ཕྱིར་བོད་དུ་ཕེབས་པ།

  ལྷོ་ལབ་ནས་ཕྱིར་བོད་དུ་ཕེབས་སྐབས། འབྲི་ཁྱིམ་གྲོང་ཁྱེར་སུམ་བརྒྱས་དམག་དྲངས་ནས་རྭ་ཆེན་གྱི་ཇོ་མོ་འཕྲོག་པ་དང་ཡབ་ཡུམ་ལ་བརྡུངས། སྐུ་མཆེད་རྣམས་བཙོན་དུ་བཟུང་འདུག་པ་དང་འགྲིགས་ནས། ཡབ་ཡུམ་ན་རེ། བུ་ལ་མཐུ་ཡོད་ན་འབྲི་ཁྱིམ་འདི་ལ་སྟོན་དགོས་ཞེས་བསྐུལ་བས་རྐྱེན་བྱས་ཏེ། རྭ་ཆེན་གྱིས་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་འཛིན་དུ་བཞུགས་ནས་མ་ཧེའི་རྭས་བརྡུང་བའི་སྟངས་ཀ་མཛད་པས་གྲོང་ཁྱེར་དེ་ཐལ་བ་བུན་གྱིས་སོང་། མི་ངན་དེ་དག་གི་ལུས་ཀྱང་ཕྱེ་མར་འཐག་སྟེ་གཅིག་ཀྱང་མ་ལུས་པར་བསྒྲལ་ནས་འཇམ་དཔལ་གྱི་ཞིང་དུ་དྲངས། དེ་གའི་མི་རྒན་གཞོན་མེད་པ་ཐམས་ཅད་སྐྲག་ནས་ཉེས་པ་བཟོད་པར་གསོལ་ཞིང་ཞབས་ལ་བཏུད་པ་སོགས་བྱུང་།

  ལྔ་པ། གླང་གོང་བྲག་ཕུག་གི་གདམས་ཁྲིད།

  སྙེ་ནམ་གྱི་ཕུ་གླང་གོང་བྲག་ཕུག་བྱ་བར་བཞུགས་ནས་ཇོ་མོ་དགེ་མ་དང་སྣང་ཡུལ་བའི་དཔོན་པོ་རྡོར་རྒྱལ། གཡུ་མོ་དཔལ་ལྕམ། རལ་པ་སྟག་ཡུ་ལ་སོགས་པའི་སློབ་མ་བཅུ་གཅིག་སོགས་ལ་དབང་དང་གདམས་ཁྲིད་སྣ་ཚོགས་གནང་བས་རྟོགས་པ་ཚད་དུ་ཕྱིན་པ་ཤ་སྟག་བྱུང་ནས་ཕྱོགས་མེད་ཀྱི་འགྲོ་དོན་རྒྱ་ཆེན་གྲུབ་པ་སོགས་འཁོད

  དྲུག་པ། མཐུ་ནུས་ཀྱི་སྙན་གྲགས་རྒྱས་པ།

  དེ་ནས་རྭ་ལོ་ལ་མཐུ་དང་ཆོས་སུ་འཛོམས་པའི་གདམས་པ་ཡོད་ཟེར་ནས་སྙན་གྲགས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་སྟེ་མཆོག་དམན་སྐྱ་སེར་ཐམས་ཅད་ཞལ་མཇལ་བར་འདུས། འབུལ་བ་ལ་གྲངས་ཀྱིས་མི་ཆོད་པ་བྱུང་། དེར་ཁྲོམ་ཆེན་པོ་ལ་ཆོས་གསུངས་ནས་མེ་ཏོག་གི་ཆར་དང་ངོ་མཚར་དུ་མ་བྱུང་ནས་ཐམས་ཅད་རང་དབང་མེད་པར་བློ་སྣ་འགྱུར་ཏེ། བསྙེན་གནས་དང་སྐྱབས་སྡོམ་ལེན་པ་ཡང་མང་དུ་བྱུང་། ཉ་སྟོང་བརྒྱད་གསུམ་ལ་སྲོག་མི་གཅོད་པའི་དམ་བཅའ་འབུལ་བ་ནི་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་དམ་བཅའ་མཐར་ཕྱིན་པ་ཤ་སྟག་ཡིན། སློབ་མའི་གྲངས་༦༠ ཙམ་ཚེ་འདིའི་འཁོར་བ་བློས་བཏང་ནས་བླ་མའི་ཕྱག་ཕྱིར་འབྲང་བ་སོགས་བྱུང་།

  བདུན་པ། ལ་སྟོད་ལྷོ་བྱང་དུ་ཕེབས་པ།

  ལ་སྟོད་ལྷོ་བྱང་ཐམས་ཅད་དུ་ལྷ་ཁང་རྙིང་པ་རྣམས་གསོས། བཙོན་པ་ཐམས་ཅད་བླུས། ཉ་པ་དང་རྔོན་པ་ཐམས་ཅད་ལ་འཚོ་བའི་ཆ་རྐྱེན་བྱིན་ནས་རི་རྒྱ་ཀླུང་རྒྱ་བསྡམ་པར་མཛད། སྐྱི་རོང་ནས་ཡོལ་ཚུན་ཆད་ཀྱི་དགོན་པ་ཆེ་ཕྲ་མཐའ་དག་ལ་མང་འགྱེད་གྱ་ནོམ་པ་བཀྱེ། འཁྲུག་འདུམ་ལ་སོགས་རྣམ་དཀར་མཐའ་ཡས་པ་མཛད།

  བརྒྱད་པ། འཁོན་ཤཀྱ་བློ་གྲོས་སྦྱིན་སྲེག་མཛད།

  རྭ་ལོ་མངོན་མཁྱེན་ཐོགས་མེད་དུ་མངའ་བའི་གྲགས་ཆེར་བྱུང་བ་ལ། འཁོན་བལ་པོའི་སྲས་འཁོན་ཤཀྱ་བློ་གྲོས་བྱ་བ་ཡང་ཕུར་པ་ལ་མཁས་ཤིང་ནུས་པ་ཐོན་པ་ཞིག་ཡོད་པས་ཕྲག་དོག་བྱས་ཏེ། དབང་ཕྱུག་མ་ཉེར་བརྒྱད་རྦད་ནས་ཆོ་འཕྲུལ་ཆེར་བསྟན་བྱུང་བ་ལ། བླ་མ་རྭ་ལོས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བཞེངས་ནས་སྔགས་དང་ཕྱག་རྒྱས་གཟིར་བས་དབང་ཕྱུག་མ་རྣམས་རེངས་ཤིང་བརྒྱལ། ད་དམ་འོག་ཏུ་མི་འཇུག་ན་བསྲེག་གོ་གསུངས་པས། དེར་ཆོ་འཕྲུལ་ཞི་ཞིང་ཅི་གསུང་གི་བཀའ་སྒྲུབ་པ་དམ་བཅས། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་མཛད་པས་འཁོན་ཤཀྱ་བློ་གྲོས་སྐུ་གཤེགས། དེར་གནས་སྤར་གྱི་གདམས་པ་ཟབ་མོས་འཇམ་དཔལ་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་སྤར་བར་མཛད།

  དགུ་པ། ལང་ལབ་བྱང་ཆུབ་རྡོ་རྗེ་དང་མཐུ་འགྲན་པ།

  དེ་ནས་ལ་སྟོད་སེ་ཐར་དུ་བྱོན་ནས་ལང་ལབ་བྱང་ཆུབ་རྡོ་རྗེ་ཆོས་འཁོར་མཛད་གྱིན་ཡོད་པ་དང་མཇལ་ནས་འབུལ་བ་མཛད་པར་ལང་ལབ་ཀྱིས་མ་བཞེས་པར་རྒྱབ་གཏད་ནས་བཞུགས། ཁྱོད་ཆོས་ལོག་མཁན་པོ་ཡིན། བྷ་རོ་བྱ་བའི་མུ་སྟེགས་གཅིག་བླ་མར་བཟུང་། ཡི་དྭགས་དུད་འགྲོའི་མགོ་ཅན་གཅིག་ཡི་དམ་དུ་བཟུང་ནས་འགྲོ་བ་བསླུ་བ་ཡིན་ཟེར་སྐད་སོགས་ངན་སྨོས་སྣ་ཚོགས་བྱས་ཏེ། ཕན་ཚུན་གྲུབ་རྟགས་རེ་འགའ་བསྟན། རྗེས་སུ་ལང་ལབ་ཀྱིས་ཕུར་བུའི་ཐོག་ཆར་ཕབ་པས་བླ་མའི་ཕྱག་ཕྱི་བ་མང་དུ་བསད། རྭ་ལོ་ཉིད་ཀྱི་དབུའི་སྟེང་དུ་ཡང་མེ་དཔུང་རབ་ཏུ་བྱུང་བ་ལ་ཕྱིར་བཟློག་པར་མཛད་པས་མ་ཐུལ། དེ་ནས་རྭ་ཆེན་གྱིས་འཆི་བ་གསོ་བའི་ཏིང་འཛིན་མཛད་པས་འཁོར་ཤི་བ་ཐམས་ཅད་སླར་སོས་ཕུར་བུ་ཐམས་ཅད་མི་སྣང་བར་གྱུར་ཏེ། ཀུན་ངེས་ཤེས་སྐྱེས་སོ། །

  བཅུ་པ། བལ་ཡུལ་དུ་ཕེབས་ཐེངས་གཉིས་པ།

  རྭ་ལོ་སྐུ་མཆེད་གཉིས་བལ་པོ་ལོ་ཙཱ་བ་དང་འགྲོགས་ཏེ་ཐོན་པས་ཞག་བཅུ་ནས་བལ་པོ་ཡེ་རང་དུ་བྱོན། དེ་ནས་ཉི་མ་སྟེང་གི་དགོན་པར་འབྱོར་ནས་སློབ་དཔོན་བྷ་རོ་དང་མཇལ་ནས་གསེར་སྲང་བརྒྱད་ཕྱག་རྟེན་དུ་ཕུལ་བས། བྷ་རོ་ཡང་ཤིན་ཏུ་དགྱེས་པར་གྱུར་ཏེ། དེར་ལང་ལབ་དང་འགྲས་པའི་ལོ་རྒྱུས་ཞུས་པས། ང་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཡི་གེ་བཞི་པའི་གསད་བཟློག་ཅེས་བྱ་བ་བན་བོན་སྔགས་པ་མུ་སྟེགས་འབུམ་གྱི་མཐུ་གཏད་སེལ་གསུམ་འགོ་ཆོག་རླུང་འཁོར་གང་གིས་ཀྱང་མི་ཚུགས་པ་གཅིག་ཡོད། གཞན་ཡང་སྲུང་ཟློག་གསད་མནན་གྱི་རིམ་པ་དང་། ཞི་རྒྱས་དབང་གསུམ་གྱི་ལས་ཚོགས་མང་པོ་དང་། དགོས་པའི་ཆོས་བརྒྱད་དང་གཅེས་པ་རྣམ་གསུམ་ལ་སོགས་པའི་གདམས་ངག་ངོ་མཚར་ཅན་མང་དུ་ཡོད་པ་ཁྱོད་ལ་སྦྱིན་ནོ་གསུངས། དེར་རྭ་ཆེན་གྱིས་གསེར་སྲང་བཞིས་མཐུན་རྐྱེན་བྱས་ཚོགས་ཀྱི་ཡོ་བྱད་བསགས་ནས་གདམས་ངག་ཁྱད་པར་ཅན་ཞུས་སོ། །དེ་ནས་ཨ་སུ་ར་ཡི་བྲག་ཕུག་དང་། རི་བོ་འབིགས་བྱེད་ཀྱི་རྩེ་མོ། ཀླུ་སྒྲུབ་ཀྱི་གཟིམ་ཕུག སྟག་མོ་ལུས་སྦྱིན། ཡང་ལེ་ཤོད། བྱ་རུང་ཁ་ཤོར། འཕགས་པ་ཤིང་ཀུན། གོ་ཏ་བི་ར། ཚ་བ་ཚ་ཤོད། མྱ་ངན་འདས་ཆེན། ཤཎྟ་པུ་རི། ཐང་བྷི་ཧ་ར་རྣམས་སུ་ཕེབས་ནས་སྒྲུབ་པ་དང་མཆོད་པ་མཛད།

  བཅུ་གཅིག་པ། རྒྱ་གར་དུ་ཕེབས་ནས་བསྙེན་པར་རྫོགས།

  བླ་མ་བྷ་རོའི་བཀའ་གདམས་བཞིན། རྭ་ཆེན་སྐུ་མཆེད་གཉིས་ཚོང་པ་མང་པོ་དང་འགྲོགས་ཏེ་རྒྱ་གར་དུ་ཐོན། ཆུ་བོ་གངྒའི་འགྲམ་དུ་ཇག་པ་དང་འཕྲད་ནས་མཐུ་ནུས་བསྟན་པས་ཇག་དཔོན་སློབ་མར་བསྒྱུར། དེ་ནས་ནཱ་ག་རའི་གླིང་དུ་བྱོན། དེ་ནས་ཡངས་པ་ཅན་དུ་བྱོན། མི་འཕྲད་ཚད་ལ་པཎྚི་ཏ་སུ་བཟང་དྲིས་པས། ཤྲི་ན་ལེནྡྲ་ན་པཎྚི་ཏ་མ་ཧཱ་ཀ་རུ་ཎི་ཀ་བྱ་བ་མཁས་བཙུན་བཟང་གསུམ་འཛོམས་པ་གཅིག་ཡོད་ཟེར་ནས། དཔལ་ན་ལེནྡྲར་ཕྱག་ཕེབས། དེར་བསྟན་པ་ཡོངས་རྫོགས་ཀྱི་པཎྚི་ཏ་ཆེན་པོ་མེན་ཛ་གླིང་པ་ཐུགས་རྗེ་ཆེན་པོ་དང་མཇལ། གསེར་སྲང་གང་ཕྱག་རྟེན་དུ་ཕུལ་ཏེ་མེན་ཛ་གླིང་པས་མཁན་པོ་དང་མངའ་བདག་མཻ་ཏྲི་བས་སློབ་དཔོན་མཛད་དེ། པཎྚི་ཏ་བརྒྱད་ཅུ་རྩ་བཞིའི་དབུས་སུ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བཞེས་ཏེ། མཚན་ལ་ཤྲཱི་བཛྲ་ཀིརྟི་སྟེ། དཔལ་རྡོ་རྗེ་གྲགས་པ་ཞེས་སུ་བཏགས།

  བཅུ་གཉིས་པ། དཔལ་ན་ལེནྡྲར་སློབ་གཉེར་གནང་བ།

  དཔལ་ན་ལེནྡྲར་ཕྱག་ཕེབས་དེ་ན་ནི་གནྡྷོ་ལ་ཆེན་པོ་བདུན། ལྷ་ཁང་ཆེན་པོ་བཅུ་བཞི། མགོན་ཁང་གཉིས། གྷཉྫི་ར་སྟོང་དང་། རྒྱ་ཕིབས་བརྒྱ་རྩ་བརྒྱད་ཡོད་པ། པཎྚི་ཏ་དང་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་སྒྲུབ་ཁང་དང་། དངོས་གྲུབ་བརྙེས་པའི་གནས་ཆུང་ངུ་འབུམ་ཕྲག་དུ་ལོངས་པས་ཕན་ཚུན་རེ་མིག་ལྟར་འབྲེལ་བ། བཀྲ་ཤིས་ཤིང་ཉམས་དགའ་བ། པཎྚི་ཏ་ལྔ་བརྒྱ་འདུ་བའི་བསྟི་གནས་ངོ་མཚར་ཅན་དེ་ལྟ་བུ་འདུག་གོ །དེ་ལ་པཎྚི་ཏ་མེན་ཛ་གླིང་པའི་དྲུང་དུ་ཚད་མ་སྡེ་བདུན་དང་། བྱམས་པའི་ཆོས་ལྔ་དང་མདོ་སྡེ་དང་། མངོན་པའི་གཞུང་ལུགས་སོགས་མང་དུ་གསན། སློབ་དཔོན་ཤནྟི་པ་ལ་འདུལ་བ་ལུང་སྡེ་བཞི་དང་ལུང་ཕྲན་ཚེགས། གཞུང་བླ་མ་ལ་སོགས་པའི་འདུལ་བ་མཐའ་དག་གསན། རིག་པའི་ཁུ་བྱུག་ཆེ་ཆུང་གཉིས་ལ་དབུ་མའི་སྐོར་མང་དུ་གསན་ཏེ་ཐམས་ཅད་ཀྱང་ལན་རེས་ཐུགས་སུ་ཆུད་པས་མཚན་ལ་ཤེས་རབ་ཟླ་མེད་ཅེས་སུ་ཐོགས།

  བཅུ་གསུམ་པ། རྡོ་རྗེ་གདན་སོགས་སུ་གནས་མཇལ།

  རྡོ་རྗེ་གདན་དང་། དེ་ནས་ཝ་ར་ཎ་སིར་བྱོན་ཏེ་གྲུབ་རྟགས་ཀྱང་མཛད། ཁྱད་པར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གདམས་པ་ལ་བརྟེན་ནས་གྲུབ་པ་ཐོབ་པ་མཐའ་ཡས་པ་བྱུང་། ཕུང་པོ་འཇའ་ལུས་སུ་སོང་བ་ཡང་བཞི་བཅུ་ཙམ་བྱུང་། དེ་ནས་ཝ་ར་ཎ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་ནས་མཆོད་པ་སོགས་མཛད། གཞན་ཡང་དཔལ་གྱི་རི། སིངྒ་ལ། བྷངྒ་ལ་སོགས་ཡུལ་གྲུ་དུ་མར་བྱོན། འཇམ་དཔལ་བཤེས་གཉེན་དང་། བི་མ་ལ་མི་ཏྲ་དང་། ས་ར་ཧ་དང་། ཤ་བ་རི་པ་དང་། ལཱུ་ཨི་པ་ལ་སོགས་པའི་སྔོན་གྱི་གྲུབ་ཐོབ་མང་པོ་དང་མཇལ། དེ་དག་ལ་ཆོས་མང་དུ་གསན། མར་ཛ་པཱུ་རིར་མུ་སྟེགས་པ་མང་པོ་རྩོད་པ་དང་རྫུ་འཕྲུལ་གྱིས་བཏུལ་བར་མཛད།

  བཅུ་བཞི་པ། ཕྱིར་བོད་དུ་ཕེབས་པ།

  བལ་ཡུལ་དང་རྒྱ་གར་བཅས་ལ་ལོ་བདུན་དང་ཟླ་བ་བཞི་སོང་ནས་ཕྱིར་བལ་བོད་ཀྱི་ས་མཚམས་གངས་རྒྱལ་མོ་མཐིན་མཐིང་གི་རྩ་བར་བརྒྱུད་སྙེ་ནམ་གླང་ཡུལ་དུ་ཕྱག་ཕེབས་གནང་། དེའི་ཚེ་བླ་མ་རྭ་ཆེན་གྱི་ལྷོ་བལ་ལན་གཉིས་འཁོར་ཞིང་། གཞན་ལ་མེད་པའི་སྙན་བརྒྱུད་ཟབ་ཁྱད་ཐོན་པ་མང་དུ་གསན་ནོ་ཞེས་སྙན་གྲགས་ཀྱི་འབྲུག་སྐད་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར། གླང་ཡུལ་བདུད་འདུལ་ལྷ་ཁང་གི་གཙུག་ལག་ཁང་བཏབ་པ་སོགས་དགེ་སྒྲུབ་བསམ་གྱིས་མི་ཁྱབ་པ་མཛད།

  བཅོ་ལྔ་པ། ལང་ལབ་གྲུབ་ཐོབ་ཆེན་པོ་བསྒྲལ་བ།

  དེའི་ཚེའི་ལང་ལབ་དཔོན་སློབ་རྣམས་ཕྲག་དོག་པས་ཐུགས་མ་བདེ་བར་མཐུ་གཏད་པ་མཛད། དེ་ནས་རྭ་ལོས་ཀྱང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བཞེངས་ནས་ལྟས་བྱུང་། དེ་མུར་ལང་ལབ་དམར་ཤལ་གྱི་རིམས་ཀྱིས་བསྙུན་ཏེ། སྐུ་འདའ་ཁར་ཞལ་ཆེམས་བཞག་ནས་གྲོངས་སོ། །དེ་ནས་སློབ་མ་དྲག་པ་རྣམས་ཀྱང་རྐྱེན་ངན་སྣ་ཚོགས་པས་རིམ་གྱིས་འདས་ཏེ། ཟླ་བ་གཅིག་གི་ཁོངས་སུ་ལང་ལབ་འཁོར་བརྒྱ་དང་བཅས་པ་བསྒྲལ་ཏེ་འཇམ་དཔལ་དང་པོའི་སངས་རྒྱས་ཀྱི་ཞིང་དུ་བསྐྱལ་བར་འཁོད།

  བཅུ་དྲུག་པ། སེ་སྟོན་བསོད་ནམས་འོད་ཟེར་བསྒྲལ་བ།

  དེ་ནས་སེ་སྟོན་བསོད་ནམས་འོད་ཟེར་ཞེས་བྱ་བ་མཁའ་འགྲོ་སེང་གདོང་མའི་གྲུབ་ཐོབ། ཕྲ་མེན་ཐམས་ཅད་བྲན་དུ་འཁོལ་བ་དེའི་སློབ་མ་༢༠ཙམ་ཞིག་རྭ་ལོར་མཇལ་དུ་ཕྱིན་ནས་གདམས་ངག་ཞུས། བྱིན་རླབས་ཆེ་བར་འདུག་ཞུས་པས། སེ་སྟོན་ཁྲོས་ཏེ་ཁོས་ངའི་སློབ་མ་ལ་དབང་བསྐུར་ཆོས་བཤད་བྱེད་པ་འོས་མིན་ཟེར་ནས་མཐུ་བྱས། དེར་རྭ་ཆེན་གྱིས་གསན་ནས་གྲྭ་པ་ཞིག་ལ་གསེར་སྲང་དོ་བསྐུར་ནས་མཁས་གྲུབ་དབང་པོ་སེ་སྟོན་རིན་པོ་ཆེ་ཐུགས་རྒྱལ་མ་བཞེངས་ཞེས་ཕྱག་ཡིག་དང་བཅས་པ་ཕུལ། སེ་སྟོན་དེ་བས་ཀྱང་མ་མཉེས་ཏེ། ཁོས་ང་ལ་ཁྱད་གསོད་ཆེན་པོ་བྱས་པས་ད་ནི་ཞག་གསུམ་ན་སྒྲོལ་བ་ཡིན། ལྟོས་ཨང་ཟེར། རྭ་ཆེན་གྱི་ཞལ་ནས། ཁོ་ལ་ཞུ་བ་ཕུལ་ཙ་མི་ཉན་ན། རྗེས་སུ་འཕུང་བ་སྲིད་གསུངས། དེ་ནས་ཞག་ལྔ་སོང་བའི་ནུབ་མོ་ནས་སེ་སྟོན་གྱིས་མཐུ་ནུས་གཏད། རྭ་ལོས་ཀྱང་བསྲུང་འཁོར་བསྒོམས་པས་གླགས་མ་རྙེད། དེ་ནས་ཡང་སེ་སྟོན་གྱིས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མང་པོས་བསྐོར་བ་བལྟ་མི་བཟོད་པའི་ཆོ་འཕྲུལ་སྟོན་ཅིང་བྱུང་བ་ལ། རྭ་ལོས་དཔལ་རྡོ་རྗེ་འཇིགས་བྱེད་དུ་སྤྲུལ་ནས་ཕཻ་(ཕཊ)གྱི་སྒྲ་བསྒྲགས་པས་དེ་ཐམས་ཅད་རེངས་ཤིང་བརྒྱལ་བར་བྱས། ནངས་པར་སོང་བ་ན་སེ་སྟོན་རྒྱུ་གཟེར་གྱིས་བསྙུན་ནས་གྲོངས་འདུག་སྟེ། མཁའ་འགྲོ་མ་རང་གཤེད་དུ་བབས་པ་ཡིན་གསུངས།

  བཅུ་བདུན་པ། གཏེར་སྟོན་རིག་འཛིན་ཆེན་པོ་མཇལ།

  ཟང་ཟང་ལྷ་བྲག་ན་གཏེར་སྟོན་རིག་འཛིན་ཆེན་པོ་གཏེར་སྒྲུབ་མཛད་ཅིང་བཞུགས་པར་མཇལ་ནས། ཕན་ཚུན་རྫུ་འཕྲུལ་གྱི་རྩལ་འགྲན་པ་དང་ཆོས་ཀྱི་གསུང་གླེང་མང་དུ་བྱུང་བ་སོགས་མཛད་ནས་སྐུ་ཚེ་འདི་ལ་ཞག་གསུམ་ལས་མ་གཤིབ་ཀྱང་ཕ་དང་བུ་འཕྲད་པ་ལྟ་བུར་གྱུར་བར་གསུངས་འདུག། འདི་སྐབས་རིག་འཛིན་གཏེར་སྟོན་ཆེན་པོ་འདི་ནི། རིག་འཛིན་རྒོད་ལྡེམ་ཅན་དབྱིལ་སྟོན་ཁྱུང་རྒོད་རྩལ་ཡིན། (རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ན་གསལ།)

  བཅོ་བརྒྱད་པ། གཉན་ཆེན་ཐང་ལྷས་བསུ་བ་ཞུས་པ།

  གཉན་ཆེན་ཐང་ལྷ་འཁོར་བཅས་ཀྱིས་དངོས་སུ་བསུ་བ་ཞུས་ནས། ངའི་ཕོ་བྲང་དུ་འབྱོན་པར་ཞུ་ཟེར་བ་ལ། ཞལ་གྱིས་བཞེས་པས་ཁོས་སྣ་དྲངས་ཏེ་སྐད་ཅིག་ལ་གངས་རིའི་རྩ་བར་ཕེབས་པས། རི་དེ་སྒོ་གཅིག་འདུག་པས། དེའི་ནང་དུ་བྱོན་པ་དང་། རིའི་ནང་ཁོང་སྟོང་ལ་ཕུབ་ཀྱི་བང་རིམ་ལྟ་བུའི་བང་རིམ་མང་དུ་འདུག་པས། ཡར་འཛེགས་སྟེ་བྱོན་པས་ཀུན་གྱི་ཡང་སྟེང་ན་ཤེལ་དཀར་གྱི་ཕོ་བྲང་སུམ་བརྩེགས་རིན་པོ་ཆེ་སྣ་ལྔའི་སྒོ་ལྕོག་འབར་བ། གསེར་གྱི་མདའ་ཡབ་དང་རྒྱ་ཕིབས་ཅན། རྩ་བར་བདུད་རྩི་རྒྱ་མཚོ་འཁྱིལ་བ། ལོགས་ལ་འཇའ་ཚོན་འོད་ལྔ་འཁྲུགས་པ། རྩེ་ལ་སྤྲིན་ཆར་ཟིམ་ཟིམ་འབབ་པ། མཐའ་མེ་ཏོག་གླིང་ཚལ་གྱིས་བསྐོར་བ། རྒྱ་ཁྱོན་ཆེ་ཞིང་བཀོད་པ་ཚད་མེད་པ་ཞིག་འདུག་པའི་ནང་དུ་གདན་དྲངས། རིན་པོ་ཆེའི་ཁྲི་བརྩིགས། བཟའ་བཏུང་རོ་བཅུད་དང་ལྡན་པ་བསྙེན་བཀུར་ནས་དབང་དང་གདམས་པ་ཞུས། དེར་ཞག་གསུམ་བཞུགས་ནས་ཐང་ལྷ་ལ་ཟབ་ལམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་རྣམས་གནང་ངོ། །དེ་མིན་ཐང་ལྷས་ཞུས་པ་བཞིན་ས་དང་ལམ་གྱི་ཉམས་ལེན་དང་གེགས་སེལ་བོགས་འདོན་སྐོར་མགུར་ལ་མཛད་དེ་གསུངས་པ་སོགས་ཁྱད་དུ་འཕགས་པ་ཡོད། (ཤ༡༡༣)

  བཅུ་དགུ་པ། ཁུག་པ་ལྷས་བཙས་བསྒྲལ་བ།

  དེ་ནས་རྟ་ནག་ཏུ་བྱོན་སྐབས། སློབ་མ་རྒྱ་ཆེར་བསྐྱངས་པས་རྟ་ནག་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་བྱ་བ་གསང་འདུས་ལ་མཁས་པའི་བླ་མ་ཆེན་པོ་ཞིག་ཡོད་པ་དེ་ན་རེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ནི་གསང་བ་འདུས་པ་ཡིན། དེ་ལ་ཉན་བཤད་མི་བྱེད་པར་བལ་པོའི་པཎ་ཆུང་འགའ་ལ་ཞུས་པའི་ཆོས་ཕྲན་ཚེགས་འདྲ་བས་གང་ཡང་མི་ཕྱིན་གསུངས་ནས་སྐུར་འདེབས་མཛད་པ་དང་མཐུ་མཛད་པ་སོགས་བྱས། དེ་ནས་ཞག་འགའ་ཞིག་ན་རྭ་ཆེན་གྱིས་སློབ་མ་ཁ་ཤས་ལ་ཇ་དང་གསེར་བསྐུར་ནས་བབ་བཤགས་ཕུལ་དུ་བཏང་བས། མཇལ་ཁའང་མ་བྱུང་བས། རྭ་ལོ་ཐུགས་རྒྱལ་བཞེངས་ཏེ། ངན་པ་དེ་ལ་བབ་བྱས་ཀྱང་མི་ཉན་ན་འདི་དགོས་པ་ཡིན་གསུངས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་འཛིན་དུ་བཞུགས་ནས། རྡོ་རྗེ་གྲི་གུག་གི་ལས་སྦྱོར་མཛད་པས་ཟླ་བ་གཅིག་ནས། འགོས་ལོ་སྐུ་འདས་ཏེ་འཇམ་དཔལ་གྱི་ཞིང་དུ་དྲངས་ཏེ་བསྐྱལ་ལོ། །དེའི་ཚེ་རྟ་ནག་ན་གྲོང་ཁྱེར་སུམ་བརྒྱ་ཡོད་པ་གྲོས་བྱས་ནས་རང་རེའི་བླ་མ་རྭ་ལོས་བཀྲོངས་པས་དམག་བརྒྱབ་ནས་ཁོ་གསོད་དགོས་ཟེར་བ་ལ་མ་མཐུན་ནས། མཐར་གྲོང་ཁྱེར་བདུན་ཅུའི་མི་རྣམས་ཀྱིས་དམག་དྲངས་ནས་འོངས་པ་ལ། བླ་མས་ཐུན་འཕངས་པས་ཐམས་ཅད་ཁྲག་སྐྱུགས་ཏེ་ཤི་ནས་གོ་མཚོན་ཐམས་ཅད་ཀྱང་དུམ་བུར་འཐོར་སྐད་དོ། །

  ཉི་ཤུ་པ། རྒྱ་གར་དུ་ཐེངས་གཉིས་པ་ཕེབས་པ།

  གསེར་སྲང་འབུམ་བྱུང་བ་བསྣམས་ནས་བླ་མ་སྐུ་མཆེད་གཉིས། གཙང་གོང་རྭ་བའི་སློབ་དཔོན། བལ་པོ་ལོ་ཙཱ་བ་སྟེ་དཔོན་སློབ་བཞིས་བྱོན། ལམ་བར་དུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་། གཉན་ལོ་ཙཱ་བ་དར་མ་གྲགས། བཙན་ཁ་བོ་ཆེ། ཁྱུང་པོ་ཆོས་བརྩོན། མར་ཐུང་དད་པ་ཤེས་རབ། མང་འོར་བྱང་ཆུབ་ཤེས་རབ། དྭགས་པོ་དབང་རྒྱལ་རྣམས་དང་སྟབས་གཅིག་ཏུ་བྱུང་བར་གྲགས། ཆོས་འཁོར་སོགས་མཛད། ལོ་ཙཱ་བ་གཞན་རྣམས་མར་བྱོན། རྭ་གཉན་དཔོན་སློབ་རྣམས་བལ་ཡུལ་དུ་ཕེབས། རྭ་ལོ་ཡེ་རང་ཉི་མ་སྟེང་དུ་བྱོན་ཏེ་བྷ་རོ་དང་མཇལ། ཚོགས་འཁོར་སོགས་བྱས། དེ་ནས་རྒྱ་གར་དུ་ཐོན།

  ཉེར་གཅིག་པ། མུ་སྟེགས་ཀ་ལ་ནག་པོ་བསྒྲལ་བ།

  དེ་ནས་རྡོ་རྗེ་གདན་དང་། ན་ལེནྡྲ་ལ་སོགས་པའི་གནས་གཞི་ཐམས་ཅད་དུ་དགེ་འདུན་ལ་བསྙེན་བཀུར་བཟང་པོ་མཛད། མུ་སྟེགས་ཀ་ལ་ནག་པོ་བྱ་བ་འཁོར་ལྔ་བརྒྱ་ཙམ་དང་ལྡན་པ་གཅིག་རྩོད་པ་བྱེད་དུ་བྱུང་བ་ལ། ཁོ་མཐུ་ཆེ་བས་ལན་འདོན་པར་མ་ནུས་ནས། རྭ་ཆེན་གྱིས་དེ་དང་བགྲོ་གླེང་མཛད་པས་བླ་མ་ལན་གསུམ་དུ་རྒྱལ། དེར་ཁོ་ནམ་མཁའ་ལ་འཕུར་ནས་བླ་མའི་སྟེང་དུ་རྡོ་ཆར་འབེབས་སུ་བྱུང་བས། བླ་མས་ས་ལ་ལིངྒ་བྲིས་ནས་དེ་ལ་ཕུར་བུས་བསྣུན་པས་དེ་མ་ཁད་ཁོ་ས་ལ་ལྷུང་ནས་ཁྲག་སྐྱུགས་ཏེ་ཤི། དེར་རལ་པ་ཅན་ལྔ་བརྒྱ་པོའང་ཕྱི་པའི་གྲུབ་མཐའ་བསྐྱུར་ནས་ནང་པའི་བསྟན་པ་ལ་ཚུད་པས། རྒྱལ་པོ་དང་། པཎྜི་ཏ་དང༌། ཁྱིམ་བདག་ཐམས་ཅད་ཀྱིས་བླ་མ་ལ་གཏང་རག་ཆེར་བྱས་ཏེ་མཚན་ཤྲཱི་ན་ཐ་མི་ཛ་ཡ་བྱ་བར་གསོལ།

  ཉེར་གཉིས་པ། པཎ་ཆེན་མེནྫ་གླིང་པ་བོད་དུ་གདན་དྲངས་པ།

  དེ་ནས་པཎ་ཆེན་མེནྫ་གླིང་པ་དང་མཇལ་ནས་གསེར་སྲང་ལྔས་ཕྱག་རྟེན་བྱས་ཏེ། བོད་དུ་འབྱོན་པར་ཞུས་པས་ཞལ་གྱིས་བཞེས། སྣེ་མོ་རྭ་གོང་བའི་སློབ་དཔོན་དང་། བླ་མའི་གཅེན་པོ་གཉིས་སྔོན་ལ་བཏང་སྟེ། པཎྜི་ཏ་འབྱོན་གྱིན་ཡོད་པས་བསུ་བ་ལ་ཤོག་ཟེར་བའི་འཕྲིན་བརྫངས། དེ་ནས་པཎ་ཆེན་མེནྫ་གླིང་པ་དང༌། པཎ་ཆུང་ཨ་བྷི་ཡུཥཱ་ཀ་གཉིས། བླ་མ་རྭ་ཆེན་དང་བལ་པོ་ལོ་ཙཱ་བ་གཉིས་ཏེ་དཔོན་སློབ་བཞིས་ལྷན་ཅིག་ཏུ་བྱོན། བོད་དུ་ཕེབས་ནས་ལོ་ཕྱེད་དང་ལྔའི་བར་དུ་མདོ་དང་འདུལ་བ། གསང་སྔགས་ཀྱི་ཆོས་མང་དུ་བསྒྱུར་ཞིང་དག་མ་དག་གི་ཤན་སོ་སོར་ཕྱེ་མཛད།

  ཉེར་གསུམ་པ། དར་མ་མདོ་སྡེ་བསྒྲལ་བ།

  དེ་ནས་རྭ་ཆེན་རྔ་མོང་ཆུ་ཤུལ་དུ་བཞུགས་ཚེ། རྗེ་བཙུན་མར་པའི་སྲས་དར་མ་མདོ་སྡེ་ཡང་དེར་ཆོས་འཁོར་ལ་བྱོན་བྱུང་བ་ལ། རྭ་ལོས་གསེར་སྲང་ལྔ། འབྲུ་ཁལ་ལྔ་བརྒྱ་ལ་སོགས་པས་འབུལ་བ་བཟང་པོ་མཛད། མདོ་སྡེའི་ཐུགས་ལ། རྭ་ལོ་འདི་སློབ་མར་བཏུད་ཐུབ་ན་ངོས་ཀྱི་འཕྲིན་ལས་ལ་ཁྱད་ཆེ་སྙམ། རྭ་ལོ་ལ་ཁྱེད་ཀྱི་བླ་མ་སུ་ཡིན་གདམས་ངག་ཅི་མཁྱེན་སོགས་དྲིས་པར་རྭ་ལོས་ཇི་བཞིན་དུ་གསུངས། མདོ་སྡེ་ན་རེ། གདམས་ངག་ཟེར་ན་ངེད་ཀྱི་ཕ་ཇོ་ལ་ཡོད། བླ་མ་ཡང་པཎ་ཆེན་ན་རོ་པ་ལྟ་བུ་ལ་གཏུགས། ཁྱེད་ཀྱི་བླ་མ་བྷ་རོ་དེ་མུ་སྟེགས་ཀྱི་རྣལ་འབྱོར་པ་ཡིན་པར་འདུག ཡི་དམ་དེ་དུད་འགྲོའི་རྣམ་པ་ཅན་གཅིག་ཡོད་པར་འདུག སྲུང་མ་དེ་འཆི་བདག་བདུད་པོ་ལ་བྱེད་པར་འདུག དེ་འདྲའི་ཆོས་ངན་སོང་གི་རྒྱུ་ཡིན་པས་ངའི་ཕ་ཇོའི་ཆོས་སྒོ་ལ་ཞུགས་པར་འཐད། ངེད་ལ་ཟབ་མོ་ཀྱཻ་རྡོ་རྗེ་ཡོད་སོགས་གསུངས། དེ་ནས་རྭ་ལོས་ཀྱང་དཔལ་གསང་བ་འདུས་པ་ལ་སྒྱུ་ལུས་འོད་གསལ་གྱི་གདམས་པ་ཡོད་དེ། གཏུམ་མོ་འབར་འཛག་གི་ཟབ་གནས་མེད་ཅེས་ཁྱད་གསོད་དང་བཅས་ངར་སྐད་བསྒྲགས། དར་མ་མདོ་སྡེ་མ་དགྱེས་ཏེ། ངའི་ཕ་ཇོས་རྒྱ་གར་གྱི་པཎྚི་ཏ་ལ་གཏུགས་ནས་བསྒྱུར་པའི་ཆོས་ལས་ཁྱོད་ཀྱི་བལ་ཡུལ་གྱི་མུ་སྟེགས་པའི་ཆོས་ལྷག་ཟེར་བ་མི་འཐད་ང་ཡང་དགྱེས་རྡོར་གྱི་གྲུབ་ཐོབ་ཡིན། ཁྱོད་ཀྱང་རང་ལ་གདེང་ཚད་གཅིག་ཡོད་དེ་འོང་བས་རང་རེ་གཉིས་ནུས་མཐུ་གཅིག་འགྲན་དགོས་གསུངས། དེ་ནས་དར་མ་མདོ་སྡེ་ཟླ་བ་གཅིག་ཏུ་མཚམས་བཅད། མཐུ་སྒྲུབ་ཏེ་རྦད་པས་རྭ་ལོའི་ཕྱག་ཕྱི་བ་གཅིག་རྟ་བབ་ཀྱིས་གྲོངས་ནས་འཚུབ་ཆེར་བྱུང་། རྭ་ལོ་ཡང་ཐུགས་འཁྲུགས་ནས་ད་འོ་ན་ཁོ་ཡང་འཇིག་རྟེན་ཕྱི་མའི་ལྟད་མོ་ལ་རིངས་པར་ཡིན་ཏེ་འོང་གསུངས། དེ་ནས་ནུབ་གཅིག་མགོན་པོ་འཁོར་བཅས་བཀུག་ནས་བསྐུལ་བས་མདོ་སྡེ་སྲོག་འཁྱེར་ཡོང་ནས་སྦྱིན་སྲེག་དྲག་པོ་མཛད། དེའི་སང་ཉིན་རང་སྲས་དར་མ་མདོ་སྡེ་རྟས་བསྐྱུར་ནས་གྲོངས་ཏེ་འཇམ་དཔལ་གྱི་ཐུགས་ཁར་སྤར་བར་མཛད།

  ཉེར་བཞི་པ། བོན་པོ་གཤེན་ཏེ་ཐུལ་བསྒྲལ་བ།

  དེ་ནས་ཏི་སེ་དང་མཚོ་མ་ཕམ་ལ་མཇལ། དཔོན་སློབ་མང་རབ་གཅིག་གིས་ཐུབ་དབང་གནས་བརྟན་བཅུ་དྲུག་གིས་བསྐོར་བར་གཟིགས། མ་ཕམ་གྱི་མཚོའི་ཀླུ་དེས་མུ་ཏིག་དམར་པོའི་དོ་ཤལ་གཅིག་ཕུལ་ཏེ་སེམས་བསྐྱེད་ཞུས། བོན་པོ་གཤེན་ཏེ་ཐུལ་གྱིས་བླ་མ་དཔོན་སློབ་ལ་ཐོག་འབེབས་སུ་བྱུང་བ་ལ། བླ་མས་སྡིགས་མཛུབ་མཛད་པས་ཁོ་རང་ལ་སླར་ལོག་སྟེ་ཤི། དེ་ནས་གུ་གེ་པུ་རངས་མང་ཡུལ་ལ་སོགས་པའི་མངའ་རིས་ཀྱི་ཡུལ་ཐམས་ཅད་དུ་བྱོན་པར་གསུངས་སོ། །

  ཉེར་ལྔ་པ། ཞང་ཞུང་ཡུལ་དུ་བྱོན་པ།

  ཞང་ཞུང་ཡུལ་དུ་བྱོན་ཚེ་ལྷ་མོ་ཞི་དྲག་གིས་བསྐུལ་བ་ལྟར་བོན་པོ་མང་པོ་རྩོད་པ་དང་རྫུ་འཕྲུལ་གྱིས་བཏུལ་ཏེ་ཆོས་ལ་བཀོད་པར་གསུངས། པུ་རངས་སུ་དགེ་བཤེས་པུར་ཙནྡྲ་བྱ་བ་ཕག་མོ་ལ་མཁས་པ་གཅིག་བླ་མ་ཆོས་འབྲེལ་ཞུར་བྱུང་བ་ལ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར་ནས་རྭ་འཁྲིད་བཏབ་པས་བདེ་བ་བཟོད་མེད་དུ་སྐྱེས། ལུས་མེད་པ་ལྟ་བུའི་ཉམས་ཤར་ཏེ། དེ་ཉིད་དུ་གྲོལ་བས་ཁོ་ངོ་མཚར་སྐྱེས་པར་གསུངས

  ཉེར་དྲུག་པ། ཟངས་མཁར་ལོ་ཙཱ་བ་བསྒྲལ་བ།

  དེ་ནས་མི་རིང་བར་ཟངས་མཁར་ལོ་ཙཱ་བས་མཐུ་རྒྱས་ཆེར་འཛུགས་སུ་བྱུང་བ་ལ། རྭ་ལོས་ཟངས་མཁར་བ་ལ་གསེར་སྲང་གང་ཕུལ་ནས། མཐུ་རྒྱས་མི་མཛད་པར་ཞུ་གསུངས་ཀྱང་མ་གསན་ཏེ། རྭ་ལོ་བྱ་བ་ཁྱོད་འཇིག་རྟེན་ཕྱི་མའི་ལྟད་མོ་ལ་མྱུར་དུ་གཏོང་བ་ཡིན་ཟེར་བས། རྭ་ལོ་ཐུགས་རྒྱལ་བཞེངས་ཏེ། ཁྱོད་ཀྱིས་དང་པོར་ང་དང་མངའ་རིས་ཀྱི་རྒྱལ་པོ་གཉིས་འཕྲད་དུ་མ་བཅུག བར་དུ་པཎྚི་ཏའི་བར་དུ་སེལ་བཙུགས། ད་དུང་ཡང་ཉེས་པ་མེད་པར་མཐུ་རྒྱས་བྱས། ཞུ་བཤགས་བྱེད་པ་ཁྱོད་ལ་འཇིགས་པ་མིན་ཏེ། ཆོས་བྱེད་ཕན་ཚུན་ནང་འགྲས་མི་དགོས་ཙམ་ཨེ་ཡོང་སྙམ་པ་ཡིན། དེ་ལ་མི་ཉན་ན་གང་དགའ་གྱིས་གསུངས་ནས་ཚུར་ལ་བྱོན་པ་དང་། ལོ་ཙཱ་པས་རྣམ་སྲས་རྦད་ནས་གླགས་མ་རྙེད། ད་ང་འགྲོ་གསུངས་ནས་དཔལ་ཕྱག་ན་རྡོ་རྗེའི་སྐུ་རི་བོ་ཙམ་ཞིག་ཏུ་སྤྲུལ་ནས་བྱོན་ཙ་ན། རྭ་ལོས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་མཛད་ནས་རྭ་རྩེས་བསྣུན་པས་སྲོག་ཕྲ་མཚམས་སུ་ཕོག དེར་ཞག་བདུན་ནས་སྲོག་ཕྲ་མཚམས་སུ་ལྷོག་པ་བྱུང་ནས་གཤེགས་ཏེ་འཇམ་དཔལ་གྱི་ཞིང་དུ་སྤྱན་དྲངས་སོ།

  ཉེར་བདུན་པ། མར་པའི་གདུང་ཁང་མཇལ་བ།

  དེ་ནས་གཞུང་སྤྲེ་ཞིང་དུ་རྗེ་བཙུན་མར་པའི་གདུང་ཁང་མཇལ་དུ་བྱོན་པས། མར་པའི་གྲྭ་སློབ་རྙིང་པ་འགའ་ཞིག་གིས་སྲས་དར་མ་མདོ་སྡེ་བཀྲོངས་པའི་ཞེ་ནད་བྱས་ཏེ་གདུང་ཁང་གི་མཇལ་ཁ་མ་བཏང་བ་ན། བླ་མས་བརྩིགས་པ་ལ་ཐོགས་མེད་དུ་བཞུད་ནས་གདུང་ཁང་ལ་མཇལ། ཀུན་ངོ་མཚར་སྐྱེས། དེ་ནས་དོལ་གཞུང་གསུམ་གྱི་དད་ཚོགས་རྣམས་རྭ་ལོ་མཇལ་བ་དང་ཆོས་ཞུ་བ་རྒྱུན་མ་ཆད་པ་བྱུང་བས། ཁོང་རྣམས་ལྷག་པར་མ་དགའ་སྟེ་གཟིམ་ཆུང་དུ་འཚང་བ་སོགས་བྱས་པ་ན། བླ་མས་སྐུ་སྐེད་ནས་ཕུར་བུ་བཏོན་ཏེ་ཕུར་བསྐོར་མཛད་པས། མི་ངན་དེ་དག་གཅིག་ཀྱང་མ་ལུས་པ་ཁྲག་བསྐྱུགས་ཏེ་ཤི། གློ་བུར་དུ་ས་གཡོས་དང་འུར་སྒྲ་ཆེན་པོ་བྱུང་། ཁང་ཁྱིམ་ཐམས་ཅད་ཀྱང་ཞིག་པར་ཐུག་ནས་ཀུན་ཅི་བྱ་གཏོལ་མེད་དུ་གྱུར་པ་ན། རྔོག་མདོ་སྡེས་བར་མཛད་ནས་ཐམས་ཅད་ཡོན་བདག་དང་སློབ་མར་ཆུད་པ་སོགས་བྱུང་བར་མཛད།

  ཉེར་བརྒྱད་པ། རྒྱུས་ལོ་ཙཱ་བ་སྨོན་ལམ་གྲགས་པ་བསྒྲལ་བ།

  སྟག་སྣར་བཞུགས་དུས་བདེ་མཆོག་ལ་མཁས་ཤིང་ནུས་པ་ཐོན་པའི་ལོ་ཙཱ་བ་རྒྱུས་སྨོན་ལམ་གྲགས་དེར་བྱོན་པ་ལ། བླ་མས་སྣ་ལེན་དང་ཞབས་ཏོག་བཟང་པོ་མཛད། འོན་ཀྱང་བླ་མ་ལ་ཆོས་དང་ཟང་ཟིང་གི་འདུ་ལོང་མཐའ་ཡས། རྒྱུས་ལོ་ཙཱ་བ་ལ་དེ་ལྟར་མ་བྱུང་བས་ཅུང་ཕྲག་དོག་སྐྱེས་ཏེ། བླ་མ་དཀྱིལ་འཁོར་བཞེངས་པ་ལ་གནོད་པ་བྱ་བར་འདོད་ནས། ཆར་པ་གཉའ་ཤིང་ཙམ་དྲག་ཏུ་ཕབ། རྭ་ལོས་མེའི་རྭ་གུར་ཕུབ། རྒྱུས་ལོས་འཐོར་རླུང་དྲག་པོ་བྱུང་། རྭ་ལོས་ཕྱིར་ཟློག་སོགས་བྱས། དེ་ནས་རྒྱུས་ལོས་རེག་དུག་བཏང་བར་རྭ་ལོ་ཐུགས་རྒྱལ་བཞེངས་ནས་དུག་འཕོ་བའི་བསམ་གཏན་མཛད་པས་རྒྱུས་ལོ་བསྙུང་ངོ། མཐར་རྒྱུས་ལོས་བདེ་མཆོག་རྩ་རྒྱུད་ལས་གསུངས་པའི་མཐུ་བྱེད་པར་བརྩམས་པ་ན། རྭ་ལོས་དཔལ་རྡོ་རྗེ་འཇིགས་བྱེད་དུ་བྱས་ནས་གྲི་གུག་གིས་བསྣུན་པས་མཐུ་སྒྲུབ་རྫས་དང་དཀྱིལ་འཁོར་ཐམས་ཅད་ཐལ་བར་སོང་། རྒྱུས་ལོ་ཉིད་ཀྱང་ཚལ་བུར་འཐོར་ནས་སྐུ་གཤེགས་ཏེ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞིང་ཁམས་སུ་དྲངས་མཛད།

  ཉེར་དགུ་པ། གཙང་གི་བན་དེ་མི་གསུམ་དང་འཕྲད་པ།

  དེ་ནས་སྐྱིད་ཤོད་ཕྱོགས་ནས་གདན་འདྲེན་པ་ལན་མང་དུ་བྱུང་བས་འབྱོན་པར་དགོངས། སྟོན་ཟླ་འབྲིང་པོའི་ཚེས་ལྔ་ལ་ཆུ་ཐོན། སྐྱིད་འཕྲང་ལ་བྱོན་པའི་ཉིན། འབྲེ་ཤེས་རབ་བླ་མ། སུམ་པ་དབང་ཚུལ། རྐྱང་པོ་གྲགས་པ་བྱང་ཆུབ་གསུམ་གྱིས་ཡེར་པའི་ཕ་བོང་རྟ་འདྲ་བ་ནས་རྟ་མགྲིན་གྱི་ཆོས་སྐོར་སྤྱན་དྲངས་ཏེ་བྱོན་པ་དང་མཇལ། དེར་རྭ་ལོས་ཁོང་གསུམ་ལ་དར་ཡུག་རེ་རེ་གནང་། གར་བྱོན་དྲིས་པས། ཡེར་པ་ནས་རྟ་མགྲིན་ཆོས་འཁོར་ལེན་པར་ཕྱིན་ཟེར། གདམས་པ་ཟབ་མོ་འདུག་གམ་གསུངས་པས། ལོས་ཡོད། ཡི་དམ་དུད་འགྲོ་ལ་བྱེད་པ་དང་མི་འདྲ་ཟེར། འོ་ན་ནུས་པ་གཅིག་འགྲན་ནམ་གསུངས་པས་རུང་ཟེར་ནས། དེར་འབྲེ་ཤེས་རབ་ཀྱིས་བྲག་ལ་མེ་ཏོག་སྐྱེས་པར་སྤྲུལ་པས། རྭ་ལོས་ལྕགས་ཀྱི་སེར་བས་གཏོར། སུམ་པས་བྲག་ལ་ཕྱག་རྗེས་བཞག རྭ་ལོས་ཆོས་གོས་ཀྱིས་བསུབ། རྐྱང་པོས་རྟ་མགྲིན་དུ་སྤྲུལ་ནས་རྟ་སྐད་བསྒྲགས། རྭ་ལོས་འཇིགས་བྱེད་བྱས་ནས་ཟིལ་མནན་སོགས་བྱས། དེ་ནས་རྭ་ལོས་ཨ་ཅང་ཀུ་རེ་ཡིན་པ་སོགས་གསུངས་མོད། རྗེས་སུ་ཡང་འབྲེ་བན་ཚུལ་གསུམ་གྱིས་རྭ་ལོ་ལ་ཕྲག་དོག་ལངས་ཏེ་མཐུ་རྒྱས་བྱས། འབྲེས་སྦྱིན་བསྲེག་བྱས། སུམ་པས་གཏོར་མ་འཕངས། རྐྱང་པོས་གཏད་བརྒྱབ་ནས་ཆོ་འཕྲུལ་བཏང་བ་ལ། རྭ་ལོས་ཡི་གེ་བཞི་བའི་བསད་བཟློག་བསྒོམས་པས་མཐུ་ཕར་ལོག་སྟེ་འབྲེ་སྨྱོས། སུམ་པ་འདས། རྐྱང་པོ་ལ་མཛེ་བྱུང་སྐད། དེར་ཁོང་གསུམ་པོ་རྗེས་འཇུག་རྣམས་ཀྱིས་གསང་སྟེ། གཏེར་དངུར་(རྔུར་?)བྱུང་བ་ཡིན་ཟེར་རོ། །<<རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་>>ཞེས་པ་ལས་རྭ་ལོ་ཙཱ་བ་”སླར་སྙེ་ཐང་དུ་བྱོན་ནས་ཁོང་གསུམ་བསྒྲལ་”ཞེས་གསུངས་ཡོད་དོ། །

  སུམ་ཅུ་པ། དགེ་བཤེས་སྐྱོ་འདུལ་བ་འཛིན་བསྒྲལ་བ།

  ལྷ་ས་ན་སྐྱོ་འདུལ་བ་འཛིན་བྱ་བའི་དགེ་བཤེས་ཆེ་བར་གྲགས་པ་གཅིག་ཡོད་པ་ལ། བླ་མས་བཀུར་གཟོས་དང་བདག་རྐྱེན་ཆེར་མཛད་ཀྱང་ཁོ་རང་ཕྲག་དོག་ཆེ་བས་མ་དད་དེ། ཁྱོད་རབ་ཏུ་བྱུང་བའི་མཁན་པོ་བྱེད་པ་ལ། མཁན་པོའི་ཡན་ལག་དགེ་སློང་འདུལ་བ་ཤེས་པ་གཅིག་དགོས་པ་ལ། ཁྱོད་ནུབ་རེ་བཞིན་ཤ་ཆང་ལ་ལོངས་སྤྱོད་བྱེད། སྐབས་སུ་མི་ལ་མཐུ་གཏད་ནས་གསོད། ལྐོག་ཏུ་བུད་མེད་བསྟེན། ཁྱོད་འདྲས་མཁན་པོ་བྱེད་པ་བསྟན་པ་ལ་གནོད་ཟེར་ནས་ངན་སྨྲས་ཆེར་བཏང་བས། རྭ་ལོས་རང་ལུས་རྒྱལ་བ་ཤཀྱཱ་ཐུབ་པར་སྤྲུལ་ཀྱང་མ་དད་དེ་ཁྱོད་ལ་མིག་འཕྲུལ་འདུག་ཟེར། དེ་ནས་རྭ་ལོས། ”ཤ་ཆང་ཟ་བ་ཚོགས་ཀྱི་འཁོར་ལོ་ཡིན། །བུད་མེད་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། དམ་ཉམས་སྒྲོལ་བ་སྔགས་ཀྱི་དམ་ཚིག་ཡིན། །ང་ཡིས་དེ་ལྟར་ཤེས་པའི་གནས་སྐབས་ལ། །འདུལ་འཛིན་དགེ་སློང་དག་དང་འགལ་བ་མེད། །དེ་བས་དམ་ཉམས་ལོག་ལྟ་ཅན་ཁྱོད་ཀྱང་། །ཞག་བདུན་ཐོ་རེངས་གཤེགས་སུ་གསོལ་བར་བྱ། །” ཞེས་གསུངས། སྐྱོ་དགེ་བཤེས་ནས། དེ་ཅིས་ཀྱང་རུང་། གཞན་ལ་འགྲོ་འགྲོ་ང་ལ་མི་འགྲོ་ཟེར། དེར་ཁོང་ནི་གདུགས་དཀར་དང་ཤེར་སྙིང་སོགས་པའི་ཟློག་པ་དང་གསུང་རབ་ཀློག་པ་རིམ་གྲོ་བྱེད་ཅིང་འདུག་སྐད། ཞག་བདུན་གྱི་ཐོ་རེངས་སོང་ཙ་ན། དེ་མ་ཁད་འུར་སྒྲ་དང་ཆར་ལྷགས་དྲག་པོ་གཅིག་བྱུང་བའི་མུར། ཁོང་ལུས་ངག་ཡིད་གསུམ་རེངས་ཏེ་ཤི། རྭ་ལོས་དེའི་དོན་དུ་ཚོགས་གཏོར་དང་བསྔོ་བ་མཛད་དེ་འཇམ་དཔལ་གྱི་ཞིང་དུ་དྲངས་སོ། །དེ་ནས་བོད་ཀྱི་རྒྱལ་པོས་གསན་པས་མ་དགྱེས་ཏེ་ཆད་པ་གཅོད་ཟེར་བ་སོགས་བྱུང་བར། རྭ་ལོས་ཡང་མཐུ་གཏད་ནས་རྒྱལ་པོ་དང་འཁོར་བཅས་ཐམས་ཅད་བརླག་པར་མཛད་པ་སོགས་བྱུང།

  སོ་གཅིག་པ། ལྷོ་བལ་དུ་ཐེངས་གསུམ་པ།

  དེ་ནས་བླ་མ་རྭ་ཆེན་སླར་ལྷོ་བལ་དུ་འབྱོན་པར་དགོངས་པ་ལ། སློབ་མ་རྣམས་ཀྱིས་འབུལ་བའང་གསེར་དུ་ཕུལ་ནས་ཕྱག་ཕྱིར་འབྲང་བར་ཞུས་པས་མ་གནང་སྟེ་བླ་མ་རང་ཉིད་ཀྱིས་གསེར་རྣམས་བསྣམས་ཏེ་ནམ་མཁའ་ལ་འཕུར་ནས་བཞུད་དོ། །ལ་སྟོད་དུ་རས་ཆུང་པ་རྒྱ་གར་དུ་འབྱོན་པ་དང་ལྷན་གཅིག་ཏུ་བྱོན། བལ་པོར་སླེབས་ནས་རས་ཆུང་རྒྱ་གར་དུ་ཕེབས། རྭ་ཆེན་གྱིས་ཡེ་རང་ཉི་མ་སྟེང་དུ་བྱོན་ཏེ་རྗེ་བཙུན་བྷ་རོ་དང་མཇལ། གསེར་སྲང་རྣམས་ཕུལ། རང་གིས་མཛད་པའི་བསྟན་བཅོས་རྣམས་ཞུ་དག་གི་གཟིགས་འབུལ་ཞུས་པས། ཚིག་དོན་གཉིས་ཀ་ལ་བོད་ཆོས་ཀྱིས་བསྲེས་ལྷད་ཡེ་མ་ཞུགས་པར་འདུག པཎྚི་ཏའི་རྩོམ་པ་དང་ཁྱད་པར་མ་བྱུང་བས་ངོ་མཚར་ཆེ་གསུངས་ནས་ཞུས་དག་ལན་གསུམ་གནང་མཛད།

  སོ་གཉིས་པ། བྷ་རོ་བླ་མས་ཕ་ཕོགས་གནང་།

  དེ་ནས་སྟག་གི་ཟླ་བ་ལ་བྷ་རོས་བཀའ་གནང་བ་ལྟར་རྒྱ་བལ་བོད་གསུམ་གྱི་སློབ་མ་ཕལ་ཆེར་འདུས། རྭ་འབྲེ། མལ་ཆག བ་རི་སོགས་ལོ་ཙཱ་བ་རང་ཡང་ལྔ་ཙམ་འཛོམས། དེ་བླ་མ་རྭ་ལོ་བའི་ཞལ་ནས། ད་ངའི་གདུལ་བྱ་ནི་ཕལ་ཆེར་རྫོགས་པ་ཡིན། ཁྱེད་རྣམས་ཀྱི་དུས་ལ་བབ་པར་འདུག་པས་དེ་རིང་ཕ་ཕོགས་འབོག་པ་ཡིན་གསུངས་ནས་སོ་སོར་རྟེན་སྐལ་དང་གདམས་པ་རེ་རེ་གནང་། ཁྱད་པར་རྭ་ཆེན་ལ་བསྔགས་བརྗོད་དང་ལུང་བསྟན་མང་པོ་མཛད། འཇམ་དཔལ་སྤྲུལ་བ་ཡིན་པ་དང་དཔལ་རྡོ་རྗེ་འཇིགས་བྱེད་དངོས་ཡིན་པ་སོགས་གསུངས།

  སོ་གསུམ་པ། གཉན་ལོ་ཙཱ་བ་བསྒྲལ་བ།

  དེ་ཙ་ན་བླ་མ་གཉན་ལོ་ཙཱ་བ་འབྲོམ་སྟོད་གཉན་མགོན་ཕུ་ན་བཞུགས། ཁོང་དམར་པོ་སྐོར་གསུམ་གྱི་དབང་སྡུད་ལ་མཁས་པས། རྒྱ་བལ་གྱི་བླ་དཔོན་མང་པོ་དབང་དུ་སྡུད་པ་ཡིན་སྐད། བླ་མ་རྭ་ལོ་ཆེན་པོ་ཡང་དེ་བཞིན་དུ་བསྡུ་བར་དགོངས་པ་ན། ཇི་ལྟར་འབད་ཀྱང་དབང་དུ་མ་འདུས་པས། གཉན་ལོ་ཕྲག་དོག་སྐྱེས་ཏེ། འདི་བཞག་ན་ངའི་འཕྲིན་ལས་ལ་གནོད་སྙམ་ནས་མཐུ་རྒྱས་བཙུགས། རྭ་ལོས་བབས་བྱེད་དགོས་གསུངས་ནས་རྡོ་(བྷོ་)ལོ་ཙཱ་བ་མངགས་ནས་གསེར་སྲང་དོ་བསྐུར་བ་སོགས་བྱས་ཀྱང་མ་བཞེས། དེ་ནས་གཉན་ལོས་གཏོར་ཟོར་འཕངས་པ་སྐུ་མདུན་དུ་བྱུང་བ་ལ། རྭ་ལོས་ཐལ་མོ་བརྡབས་པས་རྩེ་ཕར་བསྟན་ནས་བྲག་རོང་ལ་ལྷུང་སྟེ་ད་ལྟའང་བྲག་ལ་དེའི་ཤུལ་གསལ་ཡོད། ཡང་རྟ་དམག་མང་པོས་ལྡན་གྱི་རི་ཀླུང་ཐམས་ཅད་གང་ནས་བྱུང་བ་ལ། རྭ་ལོས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བྱས་ནས། དམག་ཐམས་ཅད་ཤངས་བུག་གཡས་ནས་རྔུབས་པ་སོགས་བྱས་ནས་བྲན་དུ་བྱས། དེ་ནས་ཞག་ལྔ་ནས་གཉན་ལོ་སྐུ་བསྙུངས་ནས་ཕྱག་ཕྲེང་ཁྱུར་མིད་དུ་བཞེས་སོང་སྐད་རྟེན་འབྲེལ་མ་ལེགས་པ་སོགས་གསུངས་ནས་གྲོངས་སོ། །

  སོ་བཞི་པ། བོན་པོ་གཅིག་དང་བགྲོ་གླེང།

  རི་བོ་ཆེར་བོན་པོ་གཅིག་དང་བགྲོ་གླེང་མཛད་པས་རྭ་ཆེན་རྒྱལ། ཁོ་ཁྲོས་ཏེ་མཚོན་ཆ་བརྡེགས་སུ་བྱུང་བ་ལ། བླ་མས་ཕུ་བཏབ་པས་མཚོན་ཆ་མར་ལྟར་ཞུ། དེར་ངོ་མཚར་སྐྱེས་ཏེ་འབུལ་བ་དང་བཤགས་པ་ཡང་དག་པར་བྱས་ནས། རྗེས་སུ་འཛིན་པར་ཞུས་ནས། བླ་མས་ཀྱང་དབང་དང་གདམས་པ་གནང་སྟེ་བསྒོམ་དུ་བཅུག་པས་གྲུབ་པ་ཐོབ་པ་ནི་གཤེན་སྒོམ་སེར་པོ་ཞེས་བྱ་སྟེ། ཕྱིས་བོན་པོ་མང་པོའི་དོན་བྱས་ཏེ་མཁའ་སྤྱོད་དུ་བཞུད།

  སོ་ལྔ་པ། ཕྱག་རྒྱ་ན་ཆུང་ལྔ་བླངས།

  ཁམས་ལྡན་མ་ནས་འོང་བའི་བུ་མོ་ཡིད་བཞིན་གསེར་མཚོ་ཞེས་བྱ་བ་སྐུ་མདངས་དཀར་ལ་སྣུམ་པ། སྨིན་མཚམས་ན་དགའ་འཁྱིལ་དམར་པོ་གཡོན་དུ་འཁོར་བ། ས་རྡོ་རི་བྲག་ལ་ཐོགས་པ་མེད་པའི་རྫུ་འཕྲུལ་ཅན་ཞིག་འོང་ནས། མི་ཐོད་སིནྡྷ་རས་བཀང་བ་གཅིག་ཕུལ་ཏེ་བདག་ཐུགས་ཀྱིས་བཟུང་དུ་གསོལ་ཟེར་བ་ལ། སྔར་ལུང་བསྟན་པ་དེ་ཡིན་པར་མཁྱེན་ནས་ཕྱག་རྒྱ་མར་མཛད། དེ་རྗེས་ཀོང་པོ་ཨ་རྒྱལ་གྱི་བུ་མོ་མདོག་གསེར་འདྲ་བ། སྐྲ་ལི་ཁྲི་ལྟར་དམར་བ། ལོ་བཅུ་གཉིས་ཙམ་འགྲོ་བ་ཞིག་ཡོད་པ་དེ། བླ་མས་ལུང་བསྟན་པའི་རིག་མ་ལྔ་ལས་གཱཽ་རིའི་སྤྲུལ་པ་དེ་ཡིན་པར་མཁྱེན་ནས་ཕྱག་རྒྱ་མར་མཛད། ཡང་། འཕྱོང་རྒྱས་སྟག་རྩེའི་རྩད་པོ་ལ་བུ་མོ་དུང་ལྟར་དཀར་ཞིང་སྙིང་ཁ་ན་འཁོར་ལོ་རྩིབས་བརྒྱད་རང་བྱུང་དུ་ཡོད་པ་ཅིག་སྣང་བ་དེ་སྐད་ཅིག་ལ་བླ་མའི་སྤྱན་སྔར་བྱུང་། དེ་གསང་ཐབས་ཀྱིས་རིག་མར་བསྟེན། ཡང་སྐྱི་ཤོད་ཚྭ་བ་གྲུ་ནས་ཡུམ་རྡོ་རྗེ་རོ་ལངས་མའི་སྤྲུལ་པ་འོད་ཟེར་འབུམ་མེ་བྱ་བ། གཟུགས་མཛེས་པ། མདོག་སྔོ་སངས་གུར་ཀུམ་གྱི་དྲི་བྲོ་བ། སྨིན་མཚམས་ན་གྲི་གུག་གི་མཚན་ཡོད་པ་དེ་ལས་རྒྱར་མཛད།

  སོ་དྲུག་པ། སྲས་དང་སྲས་མོ་ལྔ་འཁྲུངས།

  ༡སྲས་རྡོ་རྗེ་སེང་གེས་བར་དོའི་རྣམ་ཤེས་གཟིགས་ཏེ་འདྲེན་པར་ནུས། ཟླ་ཟེར་ལ་ཆིབས་ནས་རྒྱ་གར་ནུབ་རེ་ལ་འཁོར། ༢སྲས་མོ་རྭ་མོ་མཐུ་ཆེན་གྱིས་འགྲོ་བ་བརྒྱ་གྲོལ་ཞིང་བསྒྲལ་བ་རྣམས་སླར་གསོ་བར་ནུས། མ་གཤིན་མགོན་གསུམ་བྲན་དུ་འཁོལ། ༣སྲས་མོ་ལྷའི་མེ་ཏོག་གིས་གཟུགས་སྣ་ཚོགས་སུ་བསྒྱུར་བར་ནུས། ཆུ་བོ་དང་རི་བྲག་ལ་ཐོགས་མེད་དུ་གཤེགས། ༤སྲས་མོ་འོད་ཟེར་དཔལ་མོས་གླིང་བཞི་རི་རབ་དང་བཅས་པ་དུས་གཅིག་ལ་གཟིགས། འདས་མ་འོངས་ཀྱི་འབྱུང་བ་ལུང་སྟོན་ནུས། ༥སྲས་རྭ་ཆོས་དབྱིངས་པས་མཁའ་འགྲོ་མའི་ཚོགས་དཔོན་ནུས། ཚེའི་རིག་འཛིན་བརྙེས། དེའི་ཚེ་ཕྱོགས་ཐམས་ཅད་དུ་རྭ་ལོ་ཡབ་ཡུམ་སྲས་སློབ་ཐམས་ཅད་གྲུབ་པ་ཐོབ་པ་ཤ་སྟག་ཏུ་འབྱུང་བ་ངོ་མཚར་ཆེ་བྱ་བའི་སྙན་གྲགས་ཀྱིས་ཁྱབ་ཅིང་ཀུན་ཡིད་སྨོན་གྱི་གནས་སུ་བྱེད་དོ། །

  སོ་བདུན་པ། བཙད་པོ་འཁོར་བཅས་བརླགས།

  ལྕགས་ལའི་ལྕགས་བསྒོམ་རས་པ་ཁྲ་སྤོང་རིར་མཚམས་ལ་བཞུགས་ཚེ། བཙད་པོས་ཁྱོད་ཀྱིས་ངའི་ཁྲལ་བཟུང་དགོས། དེ་ལྟར་མི་བྱེད་ན་གསོད་པ་ཡིན་ཟེར་ནས་གནོད་པ་དུ་མ་བྱས་པས། ཡུལ་དོན་དེ་རྭ་ལོའི་དྲུང་དུ་བྱུང་བ་ལ། རྭ་ལོས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཁྲིད་ལས་ཀྱི་གཤིན་རྗེའི་འཁྲུལ་འཁོར་དང་བཅས་པ་གནང་ནས་བསྒོམ་དུ་བཅུག་པས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་གཟིགས་ཏེ་ནུས་མཐུ་ཕྱོགས་མེད་དུ་ཐོན། དེ་ནས་རང་ཡུལ་དུ་བྱོན་པས། བཙད་པོས་སྔར་ལྟར་འཚེ་བ་བྱེད་དུ་བྱུང་བ་ལ། ཁོང་གིས་གཤིན་རྗེའི་འཁོར་ལོ་བསྐོར་བས། བཙད་པོ་འཁོར་དང་བཅས་པ་ཤུལ་མེད་དུ་བརླགས་པར་མཛད་དོ། །


རྣམ་ཐར་ལས་མགུར་དང་དོན་གནད་ཅན་ཁག་གཅིག་ཟུར་འདོན་བྱས་པ།

  ༡༽ བྷ་རོ་བླ་མའི་ཞལ་ནས། “རྒྱུད་སྡེ་ཐམས་ཅད་ཀྱི་ཡང་སྙིང་། གསང་སྔགས་གཞན་ལས་གནད་བཅུ་གསུམ་གྱིས་ཐབ་པ། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བ། གང་ཟག་དབང་པོ་རབ་ཚེ་འདི། འབྲིང་འཆི་ཁ། ཐ་མའང་བར་དོར་གྲོལ་བའི་ཆོས་གྲུབ་ཐོབ་ཀྱི་ཟམ་མ་ཆད་པ། བྱིན་རླབས་ཀྱི་ངད་མ་ཡལ་བ། མཁའ་འགྲོའི་སྙིང་ཁྲག་ཟབ་ལམ་རྡོ་རྗེ་འཇིགས་བྱེད་ཞེས་བྱ་བ་འདི་དོ་ནུབ་ངས་ཁྱོད་ལ་བྱིན་པ་ཡིན་གྱིས། ཁྱོད་ཀྱིས་ཀྱང་མང་པོར་མི་སྤེལ་བར་སྒྲུབ་པ་རྩེ་གཅིག་ཏུ་གྱིས་དང་།” (ཤ་༣༡) ཞེས་དང་།

  ༢༽ རྭ་ལོ་བོད་དུ་ཕེབས་སྐབས་ལམ་བར་ཚོང་པ་ཁ་ཤས་དང་འཕྲད་སྐབས། རྭ་ཆེན་གྱིས་འདི་སྐད་གསུངས་སོ། །“ཕ་བླ་མ་བྷ་རོའི་ཞབས་ལ་འདུད། །འགྲོ་དབུལ་བ་ཞི་བར་བྱིན་གྱིས་རློབས། །ལས་ཅན་སྐྱེས་བུའི་ཚོང་པ་ང་། །འབྲས་བུའི་ཚོང་གཅིག་བྱ་སྙམ་པས། །ཐེག་པ་ཆེན་པོའི་དྲེའུ་ལ། །དད་པ་འགྱུར་མེད་སྒ་གདན་བསྟད། །དགེ་བ་བཅུའི་ཚོང་ཟོག་བཀལ། །ཚད་མེད་བཞིའི་གྲོགས་དང་བསྡེབས། །ཚོགས་གཉིས་རྫོགས་པའི་ཚོང་འདུས་སུ། །འཁོར་འདས་ས་མཚམས་མགྲོན་ཁང་བཟུང་། །ཐབས་ཤེས་གཉིས་ཀྱིས་ཚོང་བྱས་པས། །སྐུ་གསུམ་ནོར་བུ་རིན་ཆེན་ལེན། །བདེ་བ་ཐབས་ཀྱི་གནས་པོ་ལ། །རེ་དོགས་མེད་པའི་གནས་ཁྲལ་འཇལ། །ཤེས་རབ་སྟོང་པའི་ཨ་མ་དེས། །འདུ་འབྲལ་མེད་པ་གཤེགས་སྐྱེལ་བྱེད། །འཆི་མེད་གཉུག་མའི་རང་ཡུལ་དུ། །དབྱིངས་དང་རིག་པ་མ་བུ་མཇལ། །རང་ཤར་ཡོན་ཏན་ལོངས་སྤྱོད་རྒྱས། །འདུལ་བ་ངར་འཛིན་འགོང་བོ་འདུལ། །སྐྱོང་བ་རིགས་དྲུག་སེམས་ཅན་སྐྱོང་། །ཚེ་འདི་བདེ་ལ་ཕྱི་མ་སྐྱིད། །ཁོ་བོའི་ཚོང་ནི་དེ་ལྟར་བྱས། །ཁྱེད་ཀྱང་མཛད་ན་དེ་ལྟར་མཛོད། །སེར་སྣས་བསགས་པའི་ལོངས་སྤྱོད་འདི། །དཀའ་སྤྱད་དུ་མས་བསྒྲུབས་བསྒྲུབས་ཀྱང་། །ཤི་བའི་འོག་ཏུ་གཞན་གྱིས་ཁྱེར། །དགྲ་བོ་འབོད་པའི་གཡབ་མོ་ཡིན། །རྐྱེན་གྱིས་འབྲེལ་བའི་ཉེ་དུ་འདི། །དགའ་བའི་ངོ་བཟུང་བྱས་བྱས་ཀྱང་། །འབྱོར་ན་གཉེན་ལ་རྒུད་ན་དགྲ། །ང་ཁྱོད་མང་པོ་འཁྲུགས་པའི་རྒྱུ། །ཆེད་དུ་བསྐུལ་བའི་འཁོར་གཡོག་འདི། །གོས་དང་ཟས་ཀྱིས་བསྐྱངས་བསྐྱངས་ཀྱང༌། །མགུ་བ་ཉུང་ལ་འཁང་བ་མང་། །དོན་མེད་སེམས་རྩ་དཀྲུགས་པའི་རྒྱུ། །དེ་བས་དཔོན་དུ་བླ་མ་བཟང་། །ནོར་དུ་འཕགས་པའི་ནོར་བདུན་བཟང་། །གྲོགས་སུ་བྱང་ཆུབ་སེམས་ཉིད་བཟང་། །བྲན་དུ་འཕྲིན་ལས་རྣམ་བཞི་བཟང་། །ཞེས་གསུངས་པས་ཚོང་དཔོན་དེ་ཤིན་ཏུ་དགའ་ནས་དད་པར་གྱུར་ཏེ། བཞོན་པ་ལས་བབས་ནས་ཕྱག་མང་དུ་བཙལ།” (ཤ་༣༧།༣༨) ཞེས་དང་།

  ༣༽ འབྲི་ཁྱིམ་གྱི་མི་རྣམས་བསྒྲལ་ཏེ་མགུར་བཞེས་པ། “བདག་དང་གཉེན་པོ་དགྲ་དང་གསུམ། །ཆོས་དབྱིངས་ངང་དུ་རོ་གཅིག་ཀྱང་། །མ་རྟོགས་འགྲོ་བའི་སྣང་ངོ་རུ། །བསྒྲལ་བྱ་སྒྲོལ་བྱེད་སོ་སོར་སྣང་། །ཁམས་གསུམ་འཁོར་བའི་གྲོང་ཁྱེར་དུ། །མཐའ་མེད་སྡུག་བསྔལ་སྤྱོད་པ་འདིའི། །རྩ་བ་བདག་འཛིན་འགོང་བོ་ཡིན། །ཇོ་བོ་(གཙོ་བོ)ཉོན་མོངས་དུག་ལྔ་ཡིན། །རྒྱབ་རྟེན་སྡིག་སྒྲིབ་བག་ཆགས་ཡིན། །རང་གཟུགས་སྡང་དགྲ་གནོད་བགེགས་ཡིན། །དེ་འདྲའི་དགྲ་རྣམས་བསྒྲལ་བའི་ཕྱིར། །དམ་ཚིག་ལྡན་པའི་རྣལ་འབྱོར་ངས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སྒོ་གསུམ་ལྷ་ཡི་ཏིང་འཛིན་བསྒོམས། །མ་བཅོས་ལྷུག་པའི་གཏོར་ཟོར་དེ། །བདག་འཛིན་འགོང་པོའི་མགོ་ལ་བརྒྱབ། །བདག་མེད་སྟོང་པའི་དབྱིངས་སུ་བསྒྲལ། །མ་རིག་ལོག་རྟོག་རྩད་ནས་ཕྱུང་། །མ་ཡེངས་དྲན་པའི་ཕུར་བུ་ཡིས། །ཉོན་མོངས་དུག་ལྔའི་སྲོག་རྩ་བཅད། །ཡེ་ཤེས་ལྔའི་ཀློང་དུ་བསྒྲལ། །འདུས་བྱས་ཕུང་པོའི་ཉེར་ལེན་བཅོམ། །དད་བརྩོན་སྙིང་རྗེའི་ཐུན་འཕངས་པས། །སྡིག་སྒྲིབ་བག་ཆགས་དྲུངས་ནས་ཕྱུངས། །རང་བཞིན་མེད་པའི་ངང་དུ་བསྒྲལ། །རེ་དོགས་བཟང་ངན་དབྱིངས་སུ་ཡལ། །གནམ་ལྕགས་རྡོ་རྗེའི་རྭ་རྩེ་ཡིས། །དགྲ་བོ་ཐམས་ཅད་དུས་གཅིག་བརླག །སྐྱེ་འཆི་མེད་པའི་ས་ལ་བསྒྲལ། །ཆགས་སྡང་རྟག་འཛིན་ཐམས་ཅད་སྦྱངས། །མཐུ་ནི་བདེ་བ་ཆེན་པོ་སྟེ། །ཆེ་བ་ཤེས་རབ་སྟོང་པ་ཉིད། །བདེ་སྟོང་དབྱེར་མེད་ངང་ལ་གནས། །མཐུ་མཁན་ཟེར་ན་ང་ལ་གྱིས། །” (ཤ་༤༢།༤༣) ཞེས་དང་།

  ༤༽དགེ་བའི་བཤེས་གཉེན་ཆེན་པོ་མཐའ་བཞི་སེ་ཐང་པ་བྱ་བ་ལ་མགུར་བཞེས་པ། “བཀའ་སྡེ་སྣོད་མཁྱེན་རྒྱ་ཆེ་ན་ཡང་། །དོན་ཤེས་ནས་ཉམས་སུ་མི་ལེན་ན། །ཁ་བཤད་པ་མཁས་ཀྱང་ནེ་ཙོ་འདྲ། །འཆི་དུས་སུ་ཆོས་མེད་བྱུང་ཉེན་ཡོད། ཞེས་པ་ནས། ཡི་དམ་གྱི་བསྐྱེད་རིམ་རྒྱུན་དུ་སྒོམས། །མེད་མཐའ་སེལ་བའི་དགོས་པ་ཡོད། །གང་ཤར་ལ་གཉུག་མའི་རྒྱ་ཡིས་ཐོབ། །ཡོད་མཐའ་ལས་གྲོལ་བའི་དགོས་པ་ཡོད། །ཚུལ་དེ་ལྟར་ཉམས་སུ་བླངས་པ་ན། །ཚེ་འདི་ལ་གྲོལ་པར་ཐེ་ཚོམ་མེད། །” (ཤ་༥༢།༥༣) ཞེས་དང་།

  ༥༽ བལ་ཡུལ་དུ་ཐེངས་གཉིས་པར་ཕེབས་ཁར་སློབ་མ་རྣམས་ལ་མགུར་བཞེས་པ། “ཐེག་ཆེན་ལམ་གྱི་སྙིང་པོ་བྱང་སེམས་ཡིན། །མ་གྱུར་འགྲོ་ལ་བརྩེ་བའི་སྙིང་རྗེ་དང་། །ཆོས་ཀུན་གདོད་ནས་དག་པའི་གནས་ལུགས་གཉིས། །དབྱེར་མེད་ཟུང་འཇུག་སྒོམ་པ་གདམས་པའི་སྲོལ། །གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་ཆོས་ནི། །གཞི་ལམ་འབྲས་གསུམ་དབྱེར་མེད་སྦྱོར་བའི་ཐབས། །གསལ་སྟོང་འཛིན་མེད་ལྷའི་རྣལ་འབྱོར་ཡིན། །ཕུང་པོ་འཇའ་ལུས་འདོད་ན་འདི་ལ་འབུངས། །ཞེས་པ་ནས། རྣམ་རྟོག་མང་ཡང་གཞི་མེད་རྩ་བྲལ་ཡིན། །བཀག་སྒོམ་མི་བྱ་རང་སར་ལྷོད་ཀྱིས་ཞོག །ཅིར་སྣང་ཐམས་ཅད་རིག་པའི་རང་རྩལ། །ཉམ་ང་རྩིས་གདབ་བྱེད་པ་འཁྲུལ་བ་ཡིན། །པོ་ཏི་མང་ཡང་ཚིག་གི་ཁྱད་པར་ལས། །དོན་གྱི་གདམས་པ་གླུ་འདིར་མ་འདུས་མེད། །འདི་དོན་ཉམས་སུ་བླངས་ན་སངས་རྒྱས་འགྲུབ། །སྙིང་ལ་རུས་པ་སྐྱེད་ཅིག་སློབ་རྣམས། །” (ཤ་༥༩།༦༠) ཞེས་དང་།

  ༦༽ གྲུབ་ཆེན་ལང་ལབ་བསྒྲལ་བས་དེ་དུས་སྐྱེ་བོ་ཕལ་བའི་ཁ་ངག་ལ་ཡང་། “ཟླ་བ་དཀར་བ་ཟླ་སྟོད་ཡིན། །ཕ་མ་འཛོམས་པ་ཚེ་སྟོད་ཡིན། །ཕུར་བུའི་ནུས་པ་ལན་གཅིག་ཡིན། །རྭ་ལོ་མཐུའི་དཀོར་མཛོད་ཡིན། །བྱ་བ་དེ་ཡང་དེ་དུས་བྱུང་བ་ཡིན། །” (ཤ་༨༩) ཞེས་དང་།

  ༧༽ སྦུར་ཉི་མ་སེང་གེ་བྱ་བར་མགུར་དུ་བཞེས་པ་ལས། “འགལ་རྟགས་འབྲེལ་རྟགས་སྣང་ལ་མ་ངེས་རྟགས། །འཁོར་འདས་ཀུན་གཞི་གྲུབ་དང་མ་གྲུབ་སོགས། །རང་གཞན་གྲུབ་མཐའི་དགག་སྒྲུབ་ཚེགས་མེད་ཤེས། །དགེ་བཤེས་ཚོགས་པའི་དབུས་ན་ང་རེ་བྲོད། །” (ཤ་༡༦༤) ཞེས་དང་།

  ༨༽ “རིན་སྤུངས་ན་བཞུགས་དུས་ཞང་ཚེ་སྤུངས་ཆོས་ཀྱི་བླ་མ་ཞེས་བྱ་བ་མཚན་ཉིད་པའི་དགེ་བཤེས་ཆེན་པོ་གཅིག་ཆོས་འཁོར་དུ་བྱོན་བྱུང་བ་ལ། བླ་མས་ཇ་བུར་དང་བཅས་པའི་སྣ་ལེན་བཟང་བ་གཅིག་མཛད་པས་ཁོ་དགའ་སྟེ་མཇལ་དུ་བྱུང་། དེར་ཆོས་ཀྱི་བགྲོ་གླེང་མཛད་པས་དགེ་བཤེས་ཧ་ལས་ཏེ། ལོ་ཙཱ་བ་ཆེན་པོ་འདི་ཙམ་མཁས་པ་གཅིག་བུད་མེད་བསྟེན་ནས་ཅི་མཛད་ཟེར། དེ་རྩ་ཐིག་རླུང་གསུམ་སྨིན་པར་བྱེད་པའི་ལམ་གྲོགས་ཡིན་གསུངས་པས” (ཤ་༡༩༢)

  ༩༽ ཕྱིས་སུ་ཡང་ཕྱག་རྒྱ་བཞེས་ནས་མི་ཀུན་གྱིས་ཚོར་ནས་སྐུར་པ་ཆེན་པོ་བྱུང་བས་མགུར་མཛད་པ། “ཁོ་བོས་ལས་རྒྱ་བསྟེན་པ་ལ། །ཁྱེད་རྣམས་རྩོད་པ་མཛད་བཞེད་ཀྱང་། །འགལ་འདུ་རིམ་པ་འགའ་ཞིག་སྣང་། །རྒྱུ་མཚན་བཤད་ན་འདི་ལྟར་ལགས། །སྣང་བ་ཡབ་ལ་སྟོང་པ་ཡུམ། །དེའང་གཉིས་མེད་ཟུང་འཇུག་སྟེ། །ཁྱེད་ཀྱི་དམ་བཅའ་འདི་ལྟར་ན། །སྣང་སྟོང་ཡ་བྲལ་འདོད་ལགས་སམ། །ཞེས་པ་་་་་་” (ཤ་༢༣༠) ཞེས་དང་།

  ༡༠༽ ཚེ་ཀྲེའོ་མཆོག་གི་བླ་མ་བྱ་བའི་དགེ་བཤེས་ཆེན་པོ་གཅིག་ན་རེ། ཁྱོད་དགེ་སློང་གི་སྡོམ་ལྡན་ཞིག་སྦྱོར་སྒྲོལ་རང་མཛད་པ་མ་ལེགས། དམྱལ་བར་ལྷུང་ན་མི་འཇིགས་པ་ལགས་སམ་ཟེར་ནས་ཉམས་སད་བྱེད་པ་ལ་མགུར་གསུངས་པ། “བོད་ཀྱི་བན་ཆུང་རྡོར་གྲགས་ང༌། །རིམ་གཉིས་རྟོགས་པ་མཐར་ཕྱིན་པས། །བདེ་སྡུག་བཟང་ངན་ཅི་གྱུར་ཀྱང་། །མི་འགྱོད་གདེང་ཚད་འདི་ལྟར་ཡོད། །དར་མ་མདོ་སྡེས་ཐོག་དྲངས་པའི། །རྡོ་རྗེ་འཛིན་པ་བཅུ་གསུམ་བསད། །དམྱལ་བར་སྐྱེས་ཀྱང་འགྱོད་པ་མེད། །རང་སྣང་དུ་ཤེས་པའི་གདེང་གཅིག་ཡོད། །འོད་ཟེར་འབུམ་མེས་ཐོག་དྲངས་པའི། །ཕྱག་རྒྱ་ན་ཆུང་ལྔ་ཙམ་བླངས། །ཆགས་པར་སོང་ཡང་འགྱོད་པ་མེད། །བདེ་སྟོང་དུ་འཆར་བའི་གདེང་གཅིག་ཡོད། །ཉམས་ལེན་སྙིང་པོར་བསྐྱེད་རྫོགས་བསྒོམས། །སོ་ནམ་གཙོ་བོར་དམ་ཚིག་བསྲུངས། །སྤྲོས་བཅས་ཟེར་ཡང་འགྱོད་པ་མེད། །ཟུང་འཇུག་ཏུ་ཤེས་པའི་གདེང་གཅིག་ཡོད། །བསམ་ཡས་ཁྲ་འབྲུག་ལ་སོགས་པའི། །ལྷ་ཁང་བརྒྱ་དང་བཅུ་གཉིས་སོས། །ལྟོགས་གྲིར་ཤི་ཡང་འགྱོད་པ་མེད། །ཚོགས་གཉིས་རྫོགས་པའི་གདེང་གཅིག་ཡོད། །གཞན་ཕན་བྱ་བ་རྒྱུན་དུ་བྱས། །ཆོས་བྱེད་ཡོངས་ལ་མཐུན་རྐྱེན་སྦྱར། །ལོག་སྒྲུབ་བྱས་ཀྱང་འགྱོད་པ་མེད། །གདུལ་བྱར་འགྱུར་བའི་གདེང་གཅིག་ཡོད། །དྲིན་ཅན་བླ་མ་རྣམ་གཉིས་ལ། །སྐྱོ་ངལ་སྤངས་པའི་ཞབས་ཏོག་བསྒྲུབས། །སུ་མ་མགུ་ཡང་འགྱོད་པ་མེད། །རྗེས་སུ་འཛིན་པའི་གདེང་གཅིག་ཡོད། །ཡི་དམ་རྡོ་རྗེ་འཇིགས་བྱེད་ལ། །ཐེ་ཚོམ་མེད་པའི་བློ་ཕུག་གཏད། །ལོག་ཆོས་ཟེར་ཡང་འགྱོད་པ་མེད། །འདམ་ཁ་མ་ནོར་གདེང་གཅིག་ཡོད། །དུས་གསུམ་སྒྲིབ་མེད་ས་ལེར་མཐོང་། །རྫུ་འཕྲུལ་ནུས་མཐུ་ཕྱོགས་མེད་ཐོན། །འདུ་འཛི་གཡེང་རུང་འགྱོད་པ་མེད། །འགྲོ་དོན་འགྲུབ་པའི་གདེང་གཅིག་ཡོད། །” (ཤ་༣༡༠) ཞེས་དང་།

རྣམ་ཐར་ལས་ཐ་སྙད་དམིགས་བསལ་ཅན་ཁག་གཅིག་ཟུར་འདོན་བྱས་པ།

  ཇ་སིག (ཇ་སིག་སོགས་དཔྱད་པ་སྣ་ཚོགས་ཀྱི་བརྟག་པའང་མཁས་པར་མཁྱེན། ཤ་༨) ཡེ་རང། (ཡེ་རང་ཉི་མ་སྟེང་བྱ་བའི་བྱ་བའི་དགོན་པ་ཅིག་ན་བཞུགས་ཟེར། ཤ་༡༣) ཕ་ཏོ། (ཕ་ཏོ་ཞིག་གི་ཁར་སླེབ་ཙ་ན། ཤ་༡༣) བྷ་རི་མ། (བྷ་རི་མ་མང་པོ་བསུ་བར་བྱུང་། ཤ་༡༣) ཁྱུང་འགྲམ། (གནམ་ཐང་བྱེ་མ་ཁྱུང་འགྲམ་ཞེས་བྱ་བ་་་། ཤ་༢༥) ན་མ། (ན་མ་དེ་ནས་ད་ལྟའི་བར། ཤ་༣༥) ཇ་བུར། (ཇ་བུར་གྱིས་སྙེ་ནམ་གཡས་ལུང་ཁེངས་ཟེར་བ་བྱུང་། ཤ་༤༥) ཐེར་བཟང་། (རྟ། མཛོ། ཐེར་བཟང། ཤ་༥༡) བུར་ཚོས། (རྟ། མཛོ། ཐེར་བཟང། བུར་ཚོས་ལ་སོགས་པའི་འབུལ་བ་ཤིན་ཏུ་མང་། ཤ་༥༡) ཧ་དུ། (རྭ་ལོ་ཆེན་པོས་ཧ་དུ་ཉིས་བརྒྱ་ཙམ་བསྡུས་པའི་ཚོགས་འཁོར་བཟང་པོ་ལན་བདུན་མཛད། ཤ་༦༦) ཀོལ་ལེར། (ཀུན་ཁྱབ་བརྡལ་བ་ཆེན་པོ་ལ། །ཀོལ་ལེར་སྤྱད་པས་འཚང་མི་རྒྱ། །ཤ་༩༦) འབྲས་ལྟང་། (གསེར། གཡུ། འབྲས་ལྟང་སོགས་ཟང་ཟིང་གི་འབུལ་བ་དཔག་ཏུ་མེད་བྱུང་། ཤ་༢༢) བབ་བཤགས། (ཇ་དང་གསེར་བསྐུར་ནས་བབ་བཤགས་ཕུལ་དུ་བཏང་བས། ཤ་༡༦༧) སྟིར་རྒན། (བླ་མ་མ་དགྱེས་ཏེ་སྟིར་རྒན་ཁྱེད་ཀྱིས་གང་ཡང་མི་ཤེས་ཁ་ཚུམ་སྡོད། ཤ་༡༨༡) ཕ་ཕོགས། (ཁྱེད་རྣམས་ཀྱི་དུས་ལ་བབ་པར་འདུག་པས་དེ་རིང་ཕ་ཕོགས་འབོག་པ་ཡིན་གསུངས་ནས་སོ་སོར་རྟེན་སྐལ་དང་གདམས་པ་རེ་རེ་གནང་། ཤ་༢༧༣)

རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་འགྱུར་བྱང་ཁག

  བཀའ་འགྱུར་ལས། གཏམ་རྒྱུད་ཀྱི་རྟོག་པ་འགྱུར་བྱང་མ་འཁོད་ཀྱང་རྭ་ལོའི་འགྱུར། ལས་མཁན་ཏེའུ་ལོ་བ་ཆུ་བྱའི་རྟོག་པ། གཤིན་རྗེ་གཤེད་ནག་པོའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་འཇིགས་བྱེད་དངོས་གྲུབ་གྲུབ་པའི་རྒྱུད་རྟོག་པ་བདུན་པ། དཔལ་ཨོ་རྒྱན་གྱི་གནས་ནས་འཇམ་དཔལ་གྱི་རྒྱུད་ལས་དཔལ་ལ་ལི་ཏ་བཛྲས་ཕྱུང་སྟེ་སྤྱན་དྲངས་པ། འཕགས་པ་གནོད་གནས་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ། །

  བསྟན་འགྱུར་ལས། དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་དཔལ་དོན་ཡོད་པའི་ཞབས་ཀྱིས་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་མཉྩ་བཛྲས་མཛད་པ། རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟིས་མཛད་པ། རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་པའི་ཐབས་འཇམ་པའི་དབྱངས་ཀྱིས་མཛད་པ། ཙུ་ཙྪནྡྷ་རའི་རྟོག་པ་བྷ་རོ་ཕྱག་རྡུམ་གྱི་ཕྱག་དཔེ་ལས་རྭ་རྡོ་རྗེ་གྲགས་ཀྱིས་ཕྱིས་བསྒྱུར་པ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་ཨ་མོ་གྷ་བཛྲས་མཛད་པ། །

  (འགྱུར་བྱང་འདི་ནི། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ཅེས་བྱ་བ་ལས་བཏུས།)

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།