གནད་དོན་གང་ཞིག་ཐུག་མིན་གྱི་དྲིས་ལན་ལས་འཕྲོས་པའི་གཏམ་ཐུང་།

[ཟླ་ཚེས། 2015-04-08 22:00:33][རྩོམ་པ་པོ། སྨན་རིའི་དགེ་བཤེས་ལེགས་བཤད་སྨྲ་བའི་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོད་པ་ཚང་གི་རང་མི་རིགས་ཀྱི་རིག་གནས་དེ་ཕུགས་གཞན་ལ་གཏུག་ས་མི་རགས་བཞིན་དུ་ཨུ་ཚུགས་བྱེད་པ་དེ་གནད་དོན་གང་ཞིག་ཐུག་མིན་གྱི་དྲིས་ལན་ལས་འཕྲོས་པའི་གཏམ་ཐུང་།

   ནང་དོན་གནད་བསྡུས། རྗེ་ཡི་མཛོད་འགྲེལ་ལས། དེ་ཡང་རྐྱང་པ་ལ་ནི་ལོ་ཉིས་བརྒྱ་རེ་ལ་སྐྱེ་འབྲི་བྱེད་ཅིང་། ཁུག་པ་ལ་ནི་བརྒྱ་རེ་བྱེད་ཅེས་གྲག་གོ །ཞེས་པས། འདོད་ཚུལ་དེ་སྲིད་པའི་མཛོད་ཕུགས་ཀྱི་དགོངས་པ་ཡིན་པར་མཚོན་མི་ཐུབ་ཅེས་དང་། གཤེན་རབ་སྐུ་དུས་ཀྱི་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་པ་པོ་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེ་ཡུལ་རྒྱ་ལག་འོད་མའི་གླིང་དང་རུས་སམ་རིགས་ནི་རྒྱལ་རིགས་རྗེ་རིགས་སོགས་ཀྱི་ནང་ནས་རྒྱལ་རིགས་ཡིན་པ་ཤེས་དགོས་པ་དེ་ཡིན།
འཕྲོས་གཞི། དྲི་བ་འདོན་ཡུལ་དགེ་ལུགས་དགེ་བཤེས་ངག་གི་དབང་ཕྱུག དྲི་བ་འདོན་པ་པོ་ཟླ་བའི་ལང་ཚོ། དྲི་བ།༼1༽དེང་འཛམ་གླིང་གོ་ལ་ཧྲིལ་པོའི་སྒང་དུ་སོ་སོའི་མི་རིགས་ཀྱི་རིག་གནས་རང་རང་ལ་ཕུགས་གཏུགས་བཞིན་པའི་འགྲན་རྩོད་ཀྱི་དུས་རབས་ནང་བོད་པ་ཚང་ནི་དེ་ལས་ལྡོག་སྟེ་གཞན་ལ་གཏུག་ས་མི་རག་བཞིན་དུ་ཨུ་ཚུགས་བྱས་ནས་བསྒྲུབ་བྱེད་ཐབས་ཆག་སྣ་དགུ་བཀོད་ནས་གཞན་ལ་གཏུགས་པ་དེ་གནད་དོན་གང་འདྲ་ཞིག་ཐུག་པ་ཡིན། གལ་སྲིད་བོད་པ་ལ་བོན་པོའི་རིག་གཞུང་ནང་བཞིན་རྒྱ་ཆེན་པོ་དང་རྒྱུན་རིང་པོ་ཞིག་བཤད་རྒྱུ་མེད་པ་ཡིན་ན་འཛམ་གླིང་དུ་བོད་ཀྱི་ཤེས་རིག་རང་སྐྱ་ཐུབ་པ་མེད་པ་དང་། འཛམ་གླིང་སྔོན་ཐོན་ཤེས་རིག་གྲལ་མི་འཇོག་ཚུལ་མཁས་དབང་ནམ་མཁའ་ནོར་བུ་ལགས་ཀྱིས་དྲ་བརྙན་གླེང་མོའི་ནང་དུ་གསུངས་སོང་བས་དེ་ཚོའི་ཐད་ལ་དགོངས་ཕྱོགས་ག་འདྲ་ཞིག་ཡོད་པ་བློ་གཟུ་བོར་གནས་པའི་སྒོ་ནས་ལེན་ཞིག་བསྐྱོན་རོགས་ཞུ།
ལན་དུ། སངས་རྒྱས་ཤཱཀྱ་ཐུབ་པའི་ནང་བསྟན་བཤད་པ་ལ་མི་ལོ་གཉིས་སྟོང་དྲུག་བརྒྱ་བཅུ་དགུ་ལས་བོན་ལ་གཏུག་དགོས་པ་གང་ཡང་མེད། མི་ལོ་དེ་ཙམ་གྱི་སྒྲུབ་བྱེད་ཡོད་ན་ཆོག་གི། ཁུང་ལུང་རྩོད་ཅན་ལ་ཆབ་སྲིད་དང་འབྲེལ་བའི་ཨུ་ཚུགས་བྱེད་ན་དངོས་ཡོད་ལས་བརྒལ་བ་ཐེ་ཚོམ་མེད། ནམ་མཁའི་ནོར་བུའི་དུས་རབས་ཀྱི་དཔྱོད་ལུགས་དེ་ངད་གཏན་ཚིགས་རིགས་ལམ་སྨྲ་མཁན་ཚོ་བཞད་བགད་འཆོར་བ་ཡོད། ད་ལྟའི་བོན་གཞུང་དང་བོན་རྩོམ་ལོ་རྒྱུས་ཇི་བཞིན་ཁྲི་སྲོང་སྔོན་ནས་ཡོད་ན་སྐབས་དེ་དུས་བོན་སྣུབས་དགོས་པའི་རྒྱུ་མཚན་ཆབ་སྲིད་ལ་བསྙད་འདོགས་ན་མ་གཏོགས་དམིགས་སུ་མེད། གཤེན་རབ་འདས་ལོ་དེ་སྤྱི་ལོའི་གོང་གི་༡༦༠༡༧ཡིན་ཟེར་ལྟར་ན་ད་ཆར་སྤྱི་ལོ་༢༠༡༤ཡིན། དེས་ན་དེ་གཉིས་བསྡོམས་ནས་ལོ་༡༨༠༣༡ཡིན་པས། བོན་གྱི་ལོ་རྒྱུས་ཀུན་ལས་གཤེན་རབ་མི་བོ་ཆེ་ནི་ཚེ་ལོ་མར་འགྲོས་བརྒྱ་པའི་སྐབས་བྱོན་ཟེར། འོ་ན་ཡར་ཐོག་རིང་མོ་དང་མར་ཐོག་རིང་མོ་གཉིས་ལ་ལོ་ཉིས་བརྒྱ་རེའི་མཚམས་སུ་ལོ་རེ་འཕེལ་འགྲིབ་བྱེད་པ་དང་། བར་གྱི་ཁུག་པ་བཅོ་བརྒྱད་ལ་ལོ་བརྒྱ་རེའི་མཚམས་སུ་ལོ་རེ་འཕེལ་འགྲིབ་བྱེད་པ་བོན་གྱི་སྲིད་པའི་མཛོད་ཕུགས་རྩ་འགྲེལ་གྱི་དགོངས་པ་ཡིན་པས། དེང་སང་མར་ཐོག་རིང་མོའི་ཚེ་ལོ་བཅུ་པ་ལ་སླེབས་བཞིན་པ་ཡིན་པར་ཐལ། ལོ་༡༨༠༣༡དེ་ལོ་༢༠༠ ལས་བགོ་ན་ལོ་༩༠དང་ཚེག་༡༥༥བབས་པའི་ཕྱིར། འདོད་ན་ཚེ་ལོ་བརྒྱ་པ་ནས་ཚེ་ལོ་དགུ་བཅུ་འཐེན་ན་ཚེ་ལོ་བཅུ་མ་གཏོགས་མི་ལྷག་པས་དེང་སང་མི་རྣམས་ཚེ་ལོ་བཅུ་པ་ཡིན་དགོས་པས་མངོན་སུམ་དང་འགལ་ལོ་ཟེར་ན། སྲིད་པའི་མཛོད་ཕུགས་ཟེར་བའི་བོན་གཞུང་གྲགས་ཅན་དེའང་རྫུན་ལ་མ་སོང་ངམ། ཁྱད་པར་དུ་གཤེན་རབ་མི་བོ་ཆེ་ནས་དགུང་གྲངས་ཉེར་ལྔར་མུ་ཁྱུད་བདལ་པའི་མཚོ་གླིང་ན་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་ཀོང་ཙེ་འཕྲུལ་གྱིས་བཞེངས་པར་ཁྱབ་པས་བར་ཆོད་བྱེད་སྐབས་སྟོན་པས་བདུད་སྲིན་གཡུལ་ལས་རྒྱལ་བའི་གཤེན་རབ་རྣམ་པར་རྒྱལ་བའི་སྐུར་བཞེངས། ཟེར་བ་དེའང་རྣ་བ་ལ་བབས་པའི་གཏམ་མི་འདུག་སྟེ། ཀོང་ཙེ་འཕྲུལ་རྒྱལ་འདི་སྟོན་པ་ཤཱཀྱ་ཐུབ་པའི་སྐབས་སུ་བྱུང་བ་རྒྱ་ནག་གིས་ཡིག་ཚང་རྙིང་བ་ན་གསལ། དེས་ན་མི་ལོ་ཁྲི་ཡི་བོན་རྩོམ་ལོ་རྒྱུས་དེ་ལ་དཔྱོད་ལྡན་ཡིན་ན་མི་དོགས་པར་མི་སྲིད་དོ། །སྤྱིར་ཁོ་བོ་ལ་བོན་ལུགས་དམིགས་བསལ་འགོག་འདོད་མེད་ཀྱང་། དང་པོ་རང་གིས་མ་བཞག་ན། ཐ་མ་མི་ཡིས་མི་བཞག ཟེར་བ་ལྟར་རེད། དྲི་བ་གཏོང་མཁན་རྣམས་ཀྱིས་མ་གཟབ་ན་ཆོས་རྒྱུད་དང་ཡིག་ཆ་གང་ལའང་སྔར་མེད་རྫུན་ཕུགས་མང་པོ་བརྟོལ་བའི་ཉེས་ཁ་ཡོད་དོ། ངག་གི་དབང་ཕྱུག་པས། ཞེས་པའི་དྲིས་ལན་ཁག་ལ་གསལ་བཤད་ཅུང་ཙམ་ཞུས་ན།
ཁྱོད་རང་གིས། བསྐལ་པའི་ཡ་ཐོག་མ་ཐོག་གཉིས་ལ་ལོ་བརྒྱ་རེ་ལ་ལོ་རེ་འབྲི་བ་དང་བར་ཁུག་བཅོ་བརྒྱད་ལ་ལོ་ཉིས་བརྒྱ་རེ་ལ་ལོ་རེ་འབྲི་བ་དེ་བོན་གྱི་སྲིད་པའི་མཛོད་ཕུགས་རྩ་འགྲེལ་གྱི་དགོངས་པ་ཡིན་པས། ཞེས་གཞིར་བཞག་ཀྱིས་བཤད་རྐྱང་བྱས་པ་འདི་གཞན་གྱི་ཟེར་སྒྲོས་ཡིན་ནམ་ཁྱོད་རང་གིས་མཐོང་ནས་ཡིན། དང་པོ་ལྟར་ན་གཞན་གྱི་ཟེར་སྒྲོས་ཙམ་ལ་ལུང་རིག་ཚད་མའི་སྒྲུབ་བྱེད་དུ་རློམ་པ་ནི་ཧ་ཅང་ཅོལ་ཆུང་ཞིག་རེད། དེ་ནི་གནའ་དཔེ་ལས་ངོ་ཚ་རིན་གྱིས་ཉོས་པ་རེད། ཞེས་པ་ལྟ་བུའོ།། ཕྱིས་སུ་སྣ་སུན་བསླབ་བྱར་ལེན་ནས་དེ་འདྲ་མི་གནང་བར་ཞུ། ཁྱེད་རང་གིས་མཐོང་ནས་ཡིན་ན་དེ་འདྲའི་བོན་དཔེ་སྲིད་པའི་མཛོད་ཕུགས་རྩ་འགྲེལ་དེ་ངད་ཅག་བོན་པོ་ཚོ་ལ་བསྟན་རོགས་གནང་ཞེས་ཞུ་རྒྱུ་ཡིན། རང་རེ་བོན་པོ་རྣམས་ཀྱིས་ཉམས་སུ་ལེན་བཞིན་པའི་སྲིད་པའི་མཛོད་ཕུགས་ཀྱི་རྩ་བ་གཤེན་རབ་ཀྱི་བཀའ་ནང་ལ་དེ་ལྟར་བསྟན་པའི་གཞུང་ཚིག་བཙལ་ན་མི་རྙེད་ཅིང་། འགྲེལ་བའི་སྐོར་ལའང་རྗེ་སྨན་རི་བ་མཉམ་མེད་པའི་མཛོད་འགྲེལ་ནང་དུ། དེ་ཡང་རྐྱང་པ་ལ་ནི་ལོ་ཉིས་བརྒྱ་རེ་ལ་སྐྱེ་འབྲི་བྱེད་ཅིང་། ཁུག་པ་ལ་ནི་བརྒྱ་རེ་བྱེད་ཅེས་གྲག་གོ(1)ཞེས་པ་དེ་ཙམ་ཡིན། ཚིག་འདི་ལ་བརྟེན་ནས་རྗེ་མཉམ་མེད་པའི་མཛོད་འགྲེལ་གྱི་དགོངས་པ་རེད་ཅེས་བཤད་ཀྱི་ཡོད་ན་དགེ་བཤེས་ཆེན་མོ་ཞིག་གིས་གཞུང་ཆེན་མོ་ལ་གོ་བ་ལེན་སྟངས་ཧ་ཅང་གི་ཐབས་སྐྱོ་པོ་རེད། རྩ་བ་ལས་མ་གསལ་བ་མ་ཟད་འགྲེལ་བའི་སྐབས་སུ། གྲག་གོ ཞེས་པའི་ཚིག་དེས་རྩ་བ་རང་གིས་དགོངས་པ་མ་ཡིན་པར་གཞན་ལ་དེ་འདྲའི་བཤད་སྟངས་ཡོངས་སུ་གྲགས་པ་ཞིག་འདུག་ཅེས་གསུངས་པ་གསལ་པོ་རེད། ད་དུང་སྐྱེ་འབྲི་བྱེད་ཅེས་པ་ཙམ་ལས་ལོ་རེ་སྐྱེ་འབྲི་བྱེད་ཅེས་མ་གསལ་བས་སྐྱེ་འབྲི་བྱེད་ན་ལོ་རེ་རང་བྱེད་དགོས་པའི་ཁྱབ་པའང་སྒྲུབ་མི་ནུས། དགེ་བཤེས་ལགས་ཀྱིས་གཞུང་ཆེན་མོ་ལ་གོ་བ་རྒྱག་སྐབས་གཞུང་དེའི་ནང་གླེངས་སོ་ཅོག་གཞུང་དེ་ཡི་དགོངས་པར་འདོད་ཀྱི་ཡོད་དམ་ཡང་ན་གཞུང་གི་དགོངས་པ་དང་ཞོར་འཕྲོས་གཞན་གྱི་འདོད་པ་བཞག་པ་གཉིས་ཁྱད་པར་ཕྱེད་མི་ཤེས་པ་ཡིན། རྗེ་ཡིས་གྲག་གོ་ཅེས་གསུངས་པའི་གྲག་སའི་གཞུང་དེ་དག་གང་ཡིན་ཁྱེད་རང་ལ་གསལ་པོ་ཡོད་བཟོ་རེད། འོན་ཀྱང་བོན་གྱི་མཁས་རྩོམ་འགའ་ཡི་ནང་དུ་དེ་འདྲ་ཡོད་ཀྱང་ཆོག་སྟེ་དེས་བོན་གྱི་མཛོད་རྩ་འགྲེལ་གྱི་ཚབ་བྱེད་མི་ཐུབ། དེ་དག་གིས་གཤེན་རབ་འཁྲུངས་ལོ་དང་བསྟན་པའི་གནས་ཚད་གཤེན་ལོ་དང་མི་ལོ་ཚེ་ལོ་སོགས་ཀྱི་ཁྱད་པར་ལ་དགོངས་པ་དགོངས་གཞི་གཞན་ཞིག་ཡོད་ཀྱང་མི་ཆོག་པ་ཅི། ད་ཁྱོད་རང་གིས་ཐལ་བ་གནམ་ལ་གཏོར་བ་དེ་ཕྱིར་རང་མགོ་བབས་པ་ལགས་སོ། །དེར་བརྟེན་དགེ་བཤེས་ལགས་ཀྱིས་གཞུང་དོན་དང་ཞོལ་འཕྲོས་ཕྱེད་མ་ཤེས་ཁར་ལོ་བརྒྱད་སློབ་ཆུང་གིས་ཀྱང་རྒྱག་ཐུབ་པའི་སྡོམ་འཐེན་གྱི་རྩིས་ཆུང་ཞིག་གིས་བོན་པོ་ཚོ་ཧང་འཐོར་བར་བཟོས་ཡོད་བསམ་པ་ནི་མཐོང་བ་ཙམ་གྱིས་བགད་མོ་རང་དབང་མེད་པར་ཤོར་སོང་། གལ་སྲིད་ཁྱོད་རང་གིས་བསྐལ་པའི་འཕེལ་གྲིབ་དང་ཚེ་ལོ་བརྩི་སྟངས་སོགས་ཀྱི་སྐོར་ལ་བོན་གྱི་མདོ་དང་མཛོད་ཀྱི་དགོངས་དོན་བཤའ་མ་མཁྱེན་པར་འདོད་ན་ཐད་ཀར་གསུང་རྐྱང་གནང་དང་ཐུགས་རེ་བསྐང་ཆོག དེ་མིན་ཤེས་བཞིན་དུ་བརྙད་བཏགས་ཏེ་སྐྱོན་འགེལ་བ་ཡིན་ན་དེ་ཙམ་གྱིས་འཐུས་པར་བྱས་ཡོད།
ཡང་ཁྱོད་ཀྱིས། ཁྱད་པར་དུ་གཤེན་རབ་མི་བོ་ཆེ་ནས་དགུང་གྲངས་ཉེར་ལྔར་མུ་ཁྱུད་བདལ་པའི་མཚོ་གླིང་ན་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་ཀོང་ཙེ་འཕྲུལ་གྱིས་བཞེངས་པར་ཁྱབ་པས་བར་ཆོད་བྱེད་སྐབས་སྟོན་པས་བདུད་སྲིན་གཡུལ་ལས་རྒྱལ་བའི་གཤེན་རབ་རྣམ་པར་རྒྱལ་བའི་སྐུར་བཞེངས། ཟེར་བ་དེའང་རྣ་བར་བབས་པའི་གཏམ་མི་འདུག་སྟེ། ཀོང་ཙེ་འཕྲུལ་རྒྱལ་འདི་སྟོན་པ་ཤཱཀྱ་ཐུབ་པའི་སྐབས་སུ་བྱུང་བ་རྒྱ་ནག་གིས་ཡིག་ཚང་རྙིང་བ་ན་གསལ། དེས་ན་མི་ལོ་ཁྲི་ཡི་བོན་རྩོམ་ལོ་རྒྱུས་དེ་ལ་དཔྱོད་ལྡན་ཡིན་ན་མི་དོགས་པར་མི་སྲིད་དོ། ཞེས་པ་ལ། གཤེན་རབ་སྐུ་དུས་ཀྱི་ཀོང་ཙེ་འཕྲུལ་རྒྱལ་ནི་མདོ་གཟེར་མིག་ལས། འུ་བུའི་འཇིག་རྟེན་འདི་ཡི་ནུབ་ཕྱོགས་ཀྱི།(2)ཞེས་དང་། ཡང་དེ་ཉིད་ལས། ཡུལ་རྒྱ་ལག་འོད་མའི་གླིང་། མཁར་ཁྲི་སྒོ་རྩེ་བརྒྱའི་དབུས། གྲོང་ཁྱེར་འཕྲུལ་བསྒྱུར་བཀོད་པའི་མཆོག (3)ཅེས་པ་དག་ཞིང་འོལ་གླིང་གི་ནུབ་ཕྱོགས་སུ་ཡོད་པར་གསལ། ད་ལྟའི་རྒྱ་ནག་གི་ཆར་ངོས་འཛིན་མཁན་ཡོད་ཀྱང་ཡིད་རྟོན་ཕེར་བ་མེད། རྒྱ་ཀོང་ཙེ་ཞེས་པའི་རྒྱ་ཡི་ཐ་སྙད་དེ་རྒྱ་ལག་འོད་མའི་གླིང་ཞེས་ལག་གི་ཚིག་ཟླ་ཡིན་པར་གསལ་ཞིང་ནག་གི་ཚིག་ཟླ་ཡིན་པར་མ་གསལ། ཡང་དེ་ཉིད་ལས། རྒྱལ་པོ་རྒྱ་ཡི་རིགས་ལ་འཕྲུལ་གྱི་ཡི་གེ་གབ་རྩེ་སུམ་ཅུ་འཁོར་བར་བྲིས་པས་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོར་མིང་བཏགས་སོ། (4)ཞེས་དང་། ཡབ་ཡུམ་ལགས་བདག་ཀྱང་ཐོབ་དཀའ་བའི་མི་ལུས་རིན་པོ་ཆེ་ནི་ཐོབ། དེའི་ནང་ནས་ཀྱང་ཁུངས་བཙུན་པའི་རིགས་རྒྱལ་རིགས་སུ་ནི་སྐྱེས།(5)ཞེས་རྒྱ་ཀོང་ཙེ་ཞེས་པའི་རྒྱ་དེ་ཡུལ་མིང་རྒྱ་ལག་ཅེས་པའི་ཚིག་ཟུར་ཡིན་པ་དང་ཀོང་ཙེ་འཕྲུལ་རྒྱལ་གྱི་རུས་སམ་རིགས་ནི་རྒྱལ་རིགས་ཡིན་པར་གསལ། དེས་ན་རྒྱ་ནག་ཀོང་ཙེ་དེ་ཡུལ་རྒྱ་ལག་དང་རིགས་རྒྱ་རིགས་ཡིན་པ་རྒྱ་ཡི་ཡིག་ཚང་ནང་གསལ་ཡོད་དམ་མེད་དཔྱད་ཨི་མྱོང་། འོ་ན་ཡུལ་གང་ཞིག་ལ་ངོས་འཛིན་ཞེ་ན། འུ་བུའི་འཇིག་རྟེན་ཞེས་གཤེན་རབ་འཁྲུངས་ཡུལ་དེ་ངོས་ཡག་པོ་ཞིག་ཟིན་ན་ཡུལ་འདི་ཡང་ངོས་ཟིན་པ་སླ་མོ་ཡིན། གལ་སྲིད་ད་ལྟའི་རྒྱ་ནག་འདིར་ངོས་ཟིན་པའི་དབང་དུ་གཏོང་ནའང་གཤེན་རབ་ཀྱི་སྐུ་དུས་དང་ཤཱཀྱ་ཐུབ་པའི་སྐུ་དུས་གཉིས་ཀར་རྒྱ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་ཡོད་ཆོག་སྟེ། རྒྱལ་རྒྱུད་གཅིག་གི་དབང་དུ་གཏང་ན་གཤེན་རབ་ཀྱི་སྐུ་དུས་སུ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པའི་མིང་གྲགས་ཅན་ཞིག་བྱུང་ཡོད་ན་དེ་རྗེས་རྒྱལ་རབས་རིམ་བྱོན་རྣམས་ལ་དམིགས་བསལ་སོ་སོའི་མིང་ཡོད་ཀྱང་སྤྱི་ཡི་འབོད་སྟངས་གོང་ལྟར་བྱས་པ་ཡིན་སྲིད་དེ་རྒྱལ་རྒྱུད་གཞན་ལ་རྒྱལ་པོ་གོང་མའི་མིང་སྙན་རྒྱལ་རབས་རིམ་བྱོན་ལ་བཀོལ་སྲོལ་ཡོད་པ་དང་། རིགས་རྒྱུད་ཕྱི་མའི་སྐབས་སུ་མེས་པོ་གོང་མ་གང་ཞིག་དང་འདྲ་བའི་ཕུལ་བྱུང་མི་སྣ་མཚར་ལོངས་ཡོང་བའི་སྨོན་ལམ་གཡང་བསུའི་རྟེན་འབྲེལ་གྱིས་འདོགས་སྲོལ་ཡོད་པ་ལྟར་རེད། གཞན་ཡང་འཛམ་གླིང་འདི་ཡི་སྒང་ལ་མི་ལོ་སྟོང་ཕྲག་དུ་མའི་རིང་ལ་ཀོང་ཙེ་འཕྲུལ་རྒྱལ་ཞེས་གཅིག་མ་གཏོགས་འབྱུང་མི་སྲིད་པའི་སྒྲུབ་བྱེད་རྣམ་པ་ཐམས་ཅད་དུ་མ་དམིགས་པའི་ཕྱིར་རོ། །
ཡང་། སངས་རྒྱས་ཤཱཀྱ་ཐུབ་པའི་ནང་བསྟན་བཤད་པ་ལ་མི་ལོ་གཉིས་སྟོང་དྲུག་བརྒྱ་བཅུ་དགུ་ལས་བོན་ལ་གཏུག་དགོས་པ་གང་ཡང་མེད། མི་ལོ་དེ་ཙམ་གྱི་སྒྲུབ་བྱེད་ཡོད་ན་ཆོག་གི། ཁུང་ལུང་རྩོད་ཅན་ལ་ཆབ་སྲིད་དང་འབྲེལ་བའི་ཨུ་ཚུགས་བྱེད་ན་དངོས་ཡོད་ལས་བརྒལ་བ་ཐེ་ཚོམ་མེད། ནམ་མཁའི་ནོར་བུའི་དུས་རབས་ཀྱི་དཔྱོད་ལུགས་དེ་ངད་གཏན་ཚིགས་རིགས་ལམ་སྨྲ་མཁན་ཚོ་བཞད་བགད་འཆོར་བ་ཡོད། ཅེས་ཆོས་རྒྱལ་ནམ་མཁའ་ནོར་བུ་རིན་པོ་ཆེའི་གསུང་དེ་ལ་འགྲེལ་བཤད་གནད་ལ་བབས་པ་ཅི་ཡང་མེད་པའི་ཁར་ཚིག་ངན་ཐུང་ངུ་ཞིག་ཤོར་འདུག་པ་དེས། དྲི་བ་དེ་ལ་ལེན་ཅི་ལྟར་རྒྱག་དགོས་མིན་མ་ཤེས་ནས་མི་འདོད་པའི་ཁོང་ཁྲོ་མི་བཟོད་པ་ཞིག་བསླངས་ཡོད་པ་གསལ་པོར་མངོན་གྱི་འདུག་པས་ཀློག་པ་པོ་ཚོ་བཞད་བགད་འཆོར་བ་ཞིག་འདུག ལན་ཡོད་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་ནང་བསྟན་བཤད་པ་ལ་མི་ལོ་གཉིས་སྟོང་དྲུག་བརྒྱ་བཅུ་དགུ་ལས་བོན་ལ་གཏུག་དགོས་པ་གང་ཡང་མེད། མི་ལོ་དེ་ཙམ་གྱི་སྒྲུབ་བྱེད་ཡོད་ན་ཆོག་གི། ཞེས་པ་འདི་ཡིན་ཞེ་ན། དགོས་པ་ཡོད་དེ་བོད་མི་རིགས་རང་གི་ཤེས་རིག་འདི་འཛམ་གླིང་སྔོན་ཐོན་ཤེས་རིག་གྲལ་འགྲོ་ཐུབ་པ་དེ་ཡོད་པའི་ཕྱིར། དེ་བོད་ཀྱི་རིག་གནས་ཁུངས་བོན་ལ་མ་གཏུག་ཀྱང་འགྲོ་ཐུབ་ཀྱི་ཡོད་ཟེར་གྱི་ཡོད་ན་དེའི་འགྲོ་ཚུལ་ཤོད་ཅིག ཡང་ན་དེ་འགྲོ་མ་ཐུབ་ཀྱང་བོན་པོ་མེད་པ་བཟོ་ཐུབ་ན་འགྲིག་གི་ཡོད་ཟེར་གྱི་ཡོད་ན་བོད་པོ་ཚང་ལ་ཁ་ཕྱོགས་འདི་ལས་མེད་དུས་བོད་མི་རིགས་འདི་འཛམ་གླིང་མི་གྲལ་དུ་ཚུད་པར་བསྐལ་པར་འགོར་དགོས་ཀྱི་མེད་དམ་སྙམ་པའི་སྐྱོ་སྣང་ཞིག་འགོག་ཐབས་བྲལ་སོང་། །
ཁུང་ལུང་རྩོད་ཅན་ལ་ཆབ་སྲིད་དང་འབྲེལ་བའི་ཨུ་ཚུགས་བྱེད་ན་དངོས་ཡོད་ལས་བརྒལ་བ་ཐེ་ཚོམ་མེད། ཅེས་པ་ནི། རང་ཕྱོགས་ཀྱི་ཁས་ལེན་བདེན་པར་མཐའ་གཅིག་ཏུ་རློམ་ཏེ་ཉོན་མོངས་ཀྱི་གཏམ་དབུགས་གང་མ་ཞིག་ལས། དཔྱད་པ་ཡང་དག་པའི་ལམ་ནས་གཟུ་བོར་གནས་པའི་གཏམ་ཞིག་ཡིན་དཀའ་བས་འདི་གོ་མཁན་རང་གཞན་སུ་ཡིན་ཆ་མི་འཚལ་བའི་གནས་སོ། །
ཡང་། ད་ལྟའི་བོན་གཞུང་དང་བོན་རྩོམ་ལོ་རྒྱུས་ཇི་བཞིན་ཁྲི་སྲོང་སྔོན་ནས་ཡོད་ན་སྐབས་དེ་དུས་བོན་སྣུབས་དགོས་པའི་རྒྱུ་མཚན་ཆབ་སྲིད་ལ་བསྙད་འདོགས་ན་མ་གཏོགས་དམིགས་སུ་མེད། ཅེས་པས་ཁྱོད་རང་གིས་ད་ལྟའི་བོན་གཞུང་དང་བོན་རྩོམ་ལོ་རྒྱུས་རྣམས་ལ་གཟིགས་རྟོག་ཅུང་ཙམ་བྱས་ཏེ་འདི་དག་ཁྲི་སྲོང་གི་སྐབས་སུ་སྣུབ་རྒྱུའི་བོན་དེ་དང་ཁ་ཁ་ཡིན་པར་ཐག་ཆོད་པ་གསལ་པོར་མཚོན་ཐུབ། རྒྱལ་ཁྲི་སྲོང་གིས་དམ་ཆོས་སྤེལ་བའི་ཆེད་དུ་ད་ལྟའི་བོན་གཞུང་དང་བོན་རྩོམ་འདི་ལྟ་བུ་ཞིག་བསྣུབས་མི་སྲིད་པར་ཐག་ཆོད་པའི་རྒྱུ་མཚན་གང་ཞིག་ཡོད་པ་གསལ་པོར་གསུང་རོགས་ཞུ་རྒྱུ་དང་།
ཡང་། ཁྱེད་ཀྱིས། དང་པོ་རང་གིས་མ་བཞག་ན། ཐ་མ་མིས་མི་བཞག་ཟེར་བ་ལྟར་རེད་གསུངས་པ་བཞིན། རང་རེ་གཉིས་དགྲ་དང་རང་ཕྱོགས་ཀྱི་འཐབ་རྩོད་མ་ཡིན་པར་ཆོས་རའི་ནང་གི་ཆོས་གྲོགས་བོད་ཕྲུག་གཉིས་ཀྱི་འདུ་ཤེས་བཞག་སྟེ་བོན་དཔེ་སྲིད་པའི་མཛོད་ཕུགས་འདི་ཉིད་དབུ་གཞུང་མཇུག་གསུམ་ཞིབ་ཏུ་དཔྱད་དེ་བདེན་རྫུན་གང་གི་ཕྱོགས་གཏོགས་ཡོད་མོད་དང་རང་རྒྱུ་དང་རྐུན་རྒྱུ་གང་ཞིག་ཡིན་མིན་མུ་མཐུད་དེ་ལུང་རིག་ཚད་མས་བརྒལ་བརྟག་བྱེད་རྒྱུའི་ལས་ལ་ཞུགས་པ་འདི་ང་རང་གཉིས་ཀྱི་ཁས་བླངས་པའི་དམ་བཅའ་ཡིན་པས་ཚོད་འཛིན་མེད་པར་གསུང་རྐྱང་གནང་བར་ངང་སྒུག་བྱས་ཡོད་པས་ཇི་ལྟར་གསུང་བཞིན་དེ་ལྟར་གསུང་ལེན་མི་འགོར་བར་འབུལ་རྒྱུ་ཡིན་ནོ། །
སྨན་རིའི་དགེ་བཤེས། ལེགས་བཤད་སྨྲ་བའི་ཉི་མ་ནས།
(1 ) ཆོས་རྒྱུད་ཆེན་པོ་ལྔ་ཡི་དོགས་དྲི་ལ་ལན་དུ་འདེབས་པ་བློ་གསལ་བུང་བའི་དགའ་
སྟོན།
(1)བོན་དཔེ་སྲིད་པའི་མཛོད་ཕུགས་འགྲེལ་བ། རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན། གངས་ཏི་སེ་བོན་གཞུང་རིག་གཞུང་དཔེ་ཚོགས། དེ་བཅུ་གཉིས་པ། ལྡེབ་ངོས། ༤༠༧
(2)སྟོན་པ་གཤེན་རབ་ཀྱི་མཛད་རྣམ་འབྲིང་པོ། འཕྲུལ་དེབ། ༡༥༣༢/༢༣༢༠
(3)སྟོན་པ་གཤེན་རབ་ཀྱི་མཛད་རྣམ་འབྲིང་པོ། འཕྲུལ་དེབ། ༡༥༣༢/༢༣༢༠
(4)སྟོན་པ་གཤེན་རབ་ཀྱི་མཛད་རྣམ་འབྲིང་པོ། འཕྲུལ་དེབ། ༡༥༣༩/༢༣༢༠
(5)སྟོན་པ་གཤེན་རབ་ཀྱི་མཛད་རྣམ་འབྲིང་པོ། འཕྲུལ་དེབ། ༡༥༥༧/༢༣༢༠

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།