བརྡ་སྤྲོད་སྲིད་པའི་སྒྲོན་མའི་གཞུང་ཚིག་གལ་ཆེན་གཉིས་ལ་ཞུ་དག་དང་འབྲེལ་བའི་དཔྱད་བརྗོད།
[ཟླ་ཚེས། 2025-11-24 10:30:11][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །བརྡ་སྤྲོད་སྲིད་པའི་སྒྲོན་མའི་གཞུང་ཚིག་གལ་ཆེན་གཉིས་ལ་ཞུ་དག་དང་འབྲེལ་བའི་དཔྱད་བརྗོད།
དགེ་བཤེས་བསྟན་འཛིན་རྣམ་རྒྱལ།
[གནད་བསྡུས] ཁྱུང་སྤྲུལ་རིན་པོ་ཆེའི་བརྡ་སྤྲོད་སྲིད་པའི་སྒྲོན་མེའི་གཞུང་ཚིག་སྟེ། གང་ཟག་ཤེས་ཆ་བེམ་གསུམ་དབྱེ། །[གང་ཟག་ཡིན་གྱི་བེམ་སོགས་མིན།] ཞེས་པ་དང་། བྱེད་ལས་བསྒྲུབ་བྱ་[སྒྲུབ་བྱེད]དེ་ཉིད་ཡིན། །ཞེས་པ་གཉིས་ཡིག་ནོར་དུ་དྭོགས་ཏེ། འབྲེལ་ཡོད་ཡིག་ཆ་དཀར་ལེབས་དྲུང་ཡིག་གི་རྟགས་འཇུག་དང་མཚུངས་བསྡུར་གྱིས་ཡང་སྙིང་ཚིག་རྐང་དེ་གཉིས་ཇི་ལྟར་ནོར་ཡོད་པའི་སྐོར་ལ་དཔྱད་བརྗོད་ཞུས་ཡོད།[གནད་ཚིག] བརྡ་སྤྲོད་སྲིད་སྒྲོན། གཞུང་ཚིག །ཡིག་ནོར།
སྤྱིར་ན་ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེའི་བརྡ་སྤྲོད་སྲིད་པའི་སྒྲོན་མེ་འདི་ཉིད་སུམ་རྟགས་ཀུན་ཚང་གོ་སླ་གནད་འདུས་ཀྱི་གཞུང་བཟང་ལེགས་པོ་ཞིག་ཡིན་པ་སྨོས་མེད་དུ་གྲུབ་ཀྱང་། ཐོག་མའི་མ་ཕྱི་ལ་དག་ཞུས་དེ་ཙམ་མ་གྲུབ་པ་ཡིན་ནམ་འོན་ཏེ་ཕྱིས་ཀྱི་དཔེ་བཤུ་ཡིག་འབྲིའི་སྐྱོན་ཡིན་ནམ་སྟེ། གང་ལྟར་དོག་གཞི་ཅན་དང་འགྲེལ་བརྗོད་མི་བདེ་བ་འགའ་ཞིག་འདུག་པ་ལས། འདིར་རྟགས་འཇུག་སྐབས་ཀྱི་ཚིག་རྐང་གཉིས་ལ་དཔྱད་བརྗོད་ཞུ་དག་གི་ཚུལ་དུ་གླེང་བ་ལ།
གཅིག །དེ་ཡང་ཁྱུང་སྤྲུལ་རིན་པོ་ཆེའི«བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེའི»རྟགས་འཇུག་སྐབས་ཀྱི་བྱེད་པ་པོ་འཆད་པའི་གཞུང་ཚིག་སྟེ། “བྱེད་པ་པོ་དང་བྱེད་མཁན་འདྲ། །གང་ཟག་ཤེས་ཆ་བེམ་གསུམ་དབྱེ། །”1. ཞེས་ཧོབ་སྟེ་བལྟས་ན་བྱེད་པ་པོ་ལ་དབྱེ་ན་གང་ཟག་དང་། ཤེས་པ། བེམ་པོ་གསུམ་དུ་དབྱེ་བ་བསྟན་པ་འདྲ་ཞིག་སྣང་མོད། ཞིབ་ཏུ་བརྟགས་ན་ཡིག་ནོར་ཡིན་པ་གསལ་པོར་མངོན་ཏེ། དེ་དང་འབྲེལ་ཡོད་དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེས་བརྩམས་པའི«རྟགས་ཀྱི་འཇུག་པའི་སྙིང་པོ་དཀའ་གནད་རབ་གསལ»ལས། “བྱེད་པ་པོ་དང་བྱེད་མཁན་འདྲ། །གང་ཟག་ཡིན་གྱི་བེམ་སོགས་མིན། །”ཞེས་བྱེད་པ་པོ་ཞེས་གང་ཟག་ལས་བེམ་པོ་ཐོ་བ་སོགས་དང་། མིག་ཤེས་སོགས་ཤེས་པ་ལ་བྱེད་པ་ལས་བྱེད་པ་པོ་མིན་པར་བསྟན་འདུག་ལ། འོ་ན་སྲིད་སྒྲོན་གྱི་དགོངས་པ་དེ་དང་མཐུན་ནམ་ཞེ་ན་མཐུན་ཏེ། སྐབས་དེར《སྲིད་སྒྲོན》ལས། “མིང་ནི་བུམ་པ་རྡོ་བ་སོགས། །བདག་སྒྲའི་པོ་ཡིག་སྦྱར་ན་ཡང་། །བུམ་པ་པོ་དང་རྡོ་བ་པོ། །ཞེས་འགྲུབ་བབ་འཆོལ་འཁྱལ་གཏམ་ལས། །བྱེད་པ་པོ་ནི་སྟོན་མི་ནུས། །”2. ཞེས་སོགས་དང་། 《དཀར་དྲུང་རྟགས་འཇུག》ལས། “མིང་ནི་ལག་པ་ཀ་བ་དང་། །ངང་པ་རྟ་པ་ལ་སོགས་པར། །བདག་སྒྲའི་པོ་ཡིག་སྦྱར་ན་ཡང་། །བྱེད་པ་པོ་ནི་སྟོན་མི་ནུས། །”3. ཞེས་སོགས་ཀྱིས་བྱེད་པ་པོ་གང་ཟག་ཁོ་ན་དང་། བྱེད་པ་ལ་བེམ་པོ་སོགས་ཡོད་པར་བསྟན་ཅིང་། གལ་ཏེ་སྲིད་སྒྲོན་རང་བཞེད་ལ་བེམ་པོ་སོགས་ལ་བྱེད་པ་པོ་རུ་འདོད་ན་གཞུང་དེ་ཉིད་གོང་འོག་ཚིག་དོན་མཐུན་པ་དེ་འདྲ་མི་འབྱུང་བས་ཤེས་སོ། །
གཉིས། ཡང་《བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེ》ལས། “བྱེད་པ་ཞེས་པ་ཡན་ལག་དང་། །ཆ་ཤེས་བེམ་པོ་སོགས་ལའང་འཇུག །བྱེད་ལས་བསྒྲུབ་བྱ་དེ་ཉིད་ཡིན། །དེ་ལའང་རྫས་དངོས་ཡོད་མེད་གཉིས། །རིམ་པ་བཞིན་དུ་ལྕགས་ཀྱུ་དང་། །ལག་པ་དག་གི་དཔེ་ཤེས་བྱ། །” 4. ཞེས་པའི་ཚིག་རྐང་གསུམ་པ་འདི་ཉིད་ད་སྔོན་དཔར་སྐྲུན་ཞུས་པའི་ཡིག་ཆ་ཕལ་མོ་ཆེར་རྩོད་མེད་གཅིག་མཐུན་ལྟ་བུར་བྱུང་འདུག་རུང་། དེ་ཉིད་ཞིབ་ཏུ་བསམ་ན་ཡིག་ནོར་ལས་མ་འདས་ཏེ། ཚིག་དེའི་ནོར་ཡ་ནི། “བྱེད་ལས་སྒྲུབ་བྱེད་དེ་ཉིད་ཡིན། །”ཞེས་པ་དེ་ཡིན་པ་སྟེ། དཀར་དྲུང་གི《རྟགས་ཀྱི་འཇུག་པའི་སྙིང་པོ་དཀའ་གནད་རབ་གསལ》ལས། “བྱེད་པ་ཡན་ལག་ཆ་ཤས་དང་། །བེམ་པོ་སོགས་ལའང་འཇུག་པ་སྟེ། །བྱེད་ལས་སྒྲུབ་བྱེད་དེ་ཉིད་ཡིན། །དེ་ལའང་རྫས་དངོས་ཡོད་མེད་གཉིས། །རིམ་པ་བཞིན་དུ་ཐོ་བ་དང་། །ཁུ་ཚུར་དག་གི་དཔེས་ཤེས་བྱ། །”5. ཞེས་པས་ཤེས་ཐུབ་པ་འདུག །དེ་ཡང་གོང་གསལ་གྱི་བྱེད་ལས་ཏེ། ལྕགས་ཀྱུས་ཉ་འཛིན་པའམ། ཐོ་བས་ལྕགས་རྡུང་བ་གང་ཡིན་རུང་སྐབས་ཀྱི་བྱ་བ་སྒྲུབ་བྱེད་དེ་ཉིད་ལ་འདིར་བསྟན་གྱི་བྱེད་པ་ལ་ངོས་འཛིན་དགོས་པ་ནི་བསྙོན་དུ་མེད་དོ། །དེ་ལྟར་ན་སྲིད་སྒྲོན་གཞུང་འདི་ཉིད་དཀར་དྲུང་སུམ་རྟགས་དང་ཐད་ཀར་འབྲེལ་བ་ཡོད་པའང་། གཞུང་ཚིག་ཕན་ཚུན་གོ་བསྡུས་བྱས་པས་ཀྱང་ཤེས་པར་འགྱུར་ལ། དེ་མཚུངས་ཁྱུང་སྤྲུལ་མཆོག་གིས་ཀྱང《མིང་གཞི་དགོས་འབྱུང་ནོར་གཏེར》གྱི་མཇུག་བྱང་སྐབས་ཁུངས་བཅོལ་སའི་དཔེ་ཆ་བསྟན་པའི་ནང་། “དཀར་དྲུང་པདྨ་རྡོ་རྗེ་ཅན་ཐུ་མའི་དགོངས་རྒྱན་དང་སྙིང་པོ་རབ་གསལ་དྭངས་ཤེལ་མེ་ལོང་སོགས། ” 6. ཞེས་ཆེད་དུ་སྨོས་པའི་དགོངས་གཞི་ཡང་འདི་རིགས་ཡིན་སྲིད་པས་སོ། །དེ་ལ་ཁ་ཅིག་གིས་ཚིག་རེ་གཉིས་ཙམ་ལ་ཞུ་དག་ཟེར་བའི་མིང་ཆེན་བཏགས་ཏེ་གླེང་རིན་དེ་ཙམ་མེད་དམ་སྙམ་སྲིད་མོད། ནམ་རྒྱུན་རྩོད་གཞི་ཆེ་ཞིང་ངེས་གཏན་ཤེས་དཀའ་བའི་རིགས་ལ་ཡང་དང་བསྐྱར་དུ་དཔྱད་པས་དུས་ཚོད་རྫོགས་པ་ལས། དཔྱད་ན་ཤེས་སླ་ཞིང་མ་དཔྱད་ན་གོ་འཛོལ་ཤོར་བའམ་སྙོམས་ལས་སུ་ལུས་ཉེན་ཡོད་པའི་ཚིག་འབྲུ་ཞིག་ལ་གསལ་ཁ་འདོན་ཐུབ་ནའང་འབྲེལ་ཡོད་རིག་པའི་ཕྱི་དོར་དང་། རྗེས་འཇུག་དག་ལའང་ཕན་པ་འབྱུང་ངེས་ཡིན་པས་དེ་ལྟར་ལག་ཏུ་བླངས་པ་ཡིན་ནོ། །
མཆན་འགྲེལ།
1. བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེ། སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཉེར་དྲུག །ཤོག་ངོས། ༢༡༦པར་གསལ།
2. གོང་མཚུངས་ཤོག་ངོས། ༢༡༦པར་གསལ།
3. 《རྟགས་ཀྱི་འཇུག་པའི་སྙིང་པོ་དཀའ་གནད་རབ་གསལ》 བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། པོད་བཅུ་གཉིས་པ། ཤོག་ངོས། ༢༣པར་གསལ།
4. 《བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེ།》 སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཉེར་དྲུག་པ། ཤོག་ངོས། ༢༡༦པར་གསལ།
5. དཀར་ལེབས་སུམ་རྟགས་དཀའ་འགྲེལ། ཤོག་ངོས། ༢༢པར་གསལ།
6. 《གངས་ཅན་བོད་ཀྱི་བརྡ་དག་མིང་གཞི་གསལ་སྟོན་པའི་བསྟན་བཅོས་དགོས་འབྱུང་ནོར་བུའི་གཏེར་ཆེན།》 སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཉེར་དྲུག་པ། ཤོག་ངོས། ༡༩༢པར་གསལ།
དཔྱད་གཞིའི་ཡིག་ཆ། ༡༽ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ། 《བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེ》 སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཉེར་དྲུག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣
༢༽ ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ། 《གངས་ཅན་བོད་ཀྱི་བརྡ་དག་མིང་གཞི་གསལ་སྟོན་པའི་བསྟན་བཅོས་དགོས་འབྱུང་ནོར་བུའི་གཏེར་ཆེན 》 སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཉེར་དྲུག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣
༣༽དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེ། 《རྟགས་ཀྱི་འཇུག་པའི་སྙིང་པོ་དཀའ་གནད་རབ་གསལ》 བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། པོད་བཅུ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤
