ཉག་ཇའི་རིག་གནས་སྐོར་གླེང་བ།

[ཟླ་ཚེས། 2023-02-09 20:40:55][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཉག་ཇའི་ཐ་སྙད་བསྟན་པ།

  ཉག་ཇ་ཞེས་པའི་ཐ་སྙད་དེ་ཡི་གེ་ཐོག་ཏུ་དང་པོ་བཀོད་མཁན་སུ་ཡིན་གསལ་ཁ་མི་འདུག འོན་ཀྱང་ཉག་རོང་ཐལ་ཇ་དང་ཉག་རོང་རྩམ་ཇ་ཞེས་པའི་ཐ་སྙད་དེ་གངས་རི་ཁྲོད་འདིར་མི་ལོ་སྟོང་ཕྲག་དུ་མའི་རིང་ནས་གྲགས་ཡོད་པར་འདྲ་སྟེ། ཉག་དཔོན་ཀླུ་རྒྱལ་གྱི་རིང་ནས་ཡོད་པའི་བཤད་སྲོལ་ཞིག་ཐོས་མྱོང་། གང་ལྟར་ཡང་ཐོག་མ་རྩམ་འགྱར་ཟེར་བ་དང་། དེ་ནས་རྩམ་ཆུ་ཟེར་བ། དེ་ནས་ཐལ་ཇ་ཟེར་བ། དེ་ནས་རྩམ་ཇ་ཟེར་བ་སོགས་ཐ་སྙད་མང་པོ་བྱུང་ཡོད་དོ།།

ཉག་ཇ་ཞེས་པའི་དོན་བསྟན་པ།

  ཉག་ཇ་ཞེས་པ་ནི། ཁམས་ཉག་རོང་ས་ཆའི་མི་རིགས་ཀྱི་བཏུང་བྱ་ཡིན་པ་དང་། ཉག་རོང་ས་ཆར་བཀོལ་སྤྱོད་མང་བའི་ཇ་ཞེས་པའི་དོན་ཡིན་ལ། ཉག་རོང་ས་ལ་འོ་སེར་དང་། སུར་དཀར་སོགས་ཤིང་གི་ལོ་མའི་རིགས་འགའ་མ་གཏོགས་ཇ་ཡི་རིགས་མེད་ཀྱང་། ཉག་རོང་གི་ཡུལ་དུ་ཐུན་མོང་དང་ཐུན་མིན་གྱི་ཇ་བསྐོལ་སྟངས་རིགས་མི་འདྲ་བ་མང་པོ་ཡོད་པ་དག་ལ་ཉག་ཇ་ཟེར་རོ།།ཉག་ཇ་ལ་བསྐོལ་སྟངས་རིགས་མི་འདྲ་བ་བཅུ་བདུན་ཙམ་ཡོད་དོ། །

ཉག་ཇའི་འབྱུང་ཁུངས་བཤད་པ།

  སྤྱིར་བོད་ཡུལ་གྱི་དབང་དུ་བཏང་ན་བོན་གཞུང་རྣམས་སུ་ཇ་ཡི་ལོ་རྒྱུས་མང་པོ་འདུག བཏུང་བྱའི་ཇ་ཞེས་པའི་ཐ་སྙད་ཆེས་སྔ་མོར་བཀོད་ཡོད་པ་དེ་ནི་བོན་གཞུང་བཀའ་མ་འདུལ་བ་རྒྱུད་དྲུག་རེད། དེའི་ནང་དུ། ཇ་ཆང་རོ་ལ་སྲེད་ཞེན་སྤངས། །མི་ངོ་དཀར་ནག་ངོ་སྲུང་སྤངས། །ཞེས་བཏུང་བྱའི་ཇ་ཡི་ཐ་སྙད་བསྟན་ཡོད། འདུལ་བ་རྒྱུད་དྲུག་དེ་འདུལ་བའི་བསྲུང་བྱ་བསྟན་པའི་གཞུང་ཡིན་ཡང་། འདུལ་བ་རྒྱུད་དྲུག་ནི་སྟོན་པ་གཤེན་རབ་མི་བོའི་ཞལ་གསུང་དྲི་མ་མེད་པ་ཡིན་པ་དང་། གཏེར་དང་སྙན་རྒྱུད་གང་དུ་མ་སོང་བར་བཀའ་མ་ཞེས་གྲགས་པའི་གྲས་ཡིན། འདུལ་བ་རྒྱུད་དྲུག་ནི་ཡར་རྒྱ་གར་གྱི་རིག་གཞུང་མ་ཡིན། མར་རྒྱ་ནག་གི་རིག་གཞུང་མ་ཡིན། བོད་རང་ས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཡིན་པར་མ་ཟད། ལོ་རྒྱུས་ཧ་ཅང་རིང་བའི་རིག་གཞུང་ཞིག་ཀྱང་ཡིན། བོད་ཡུལ་ལ་བཏུང་བྱ་ཇ་ཡི་རྣམ་བཤད་ཡི་གེར་བཀོད་པ་དུས་ནམ་ཙམ་བྱུང་བའི་ལོ་རྒྱུས་གསལ་ཁ་མེད་ཀྱང་། མིའི་རིགས་ཀྱི་འཚོ་བ་ནི་ཇ་དང་ཁ་བྲལ་ཐབས་མེད་པའི་འབྲེལ་བ་དམ་ཟབ་ཞིག་ཡོད་པར་བཤད་མི་དགོས། སྤྱིར་ཇ་ཡི་རིག་གནས་འདི་ནི་མི་སྣ་སུ་ཞིག་གིས་དུས་རབས་ནམ་ཞིག་ལ་གསར་གཏོད་བྱས་པའི་ལོ་རྒྱུས་གསར་ཁ་མ་མཐོང་ཡང་། དུས་རབས་བཅུ་བཞིའི་ནང་དུ་བྱོན་པའི་བློ་ལྡན་སྙིང་པོའི་སྙན་རྒྱུད་བོན་གཞུང་དྲི་མེད་གཟི་བརྗིད་ནང་དུ། ཇ་ནི་སྐྱེད་ཤིང་རྒྱུ་ལས་བྱུང་། །སྤྱིར་ནི་སྐྱེས་ཤིང་བཅད་པ་དང་། །རྩི་ཏོག་བྲེགས་དང་ལོ་མ་བསྐམས། །དབུགས་མེད་སྲོག་བཅད་རྒྱུ་ལ་གཏོགས། །དེ་ཡང་རྩི་ཤིང་ལོ་ཏོག་ལ། །ལྗང་པ་དྲུངས་སུ་བསྐམས་ན་ཉེས། །དེ་བཞིན་ལོ་རྒྱས་མེ་ཏོག་དང་། །འབྲས་བུ་སྨིན་པ་རིམ་བཞིན་ཆུང་། །ཤེ་མོང་རྫོགས་ནས་སྐྱེད་མེད་པས། །ལོ་འདབ་མེ་ཏོག་འབྲས་བུ་བྲུལ། །དེ་ལ་ཉེས་འགལ་མེད་པར་ཤེས། །སྐྱེད་ཤིང་ལོ་འབྲས་བརྒྱ་བྲེགས་པས། །ཡལ་ག་གཅིག་བཅད་ཉེས་པ་ཆེ། །དེ་ཕྱིར་སྡོང་པོ་རྩ་བཅད་ན། །དེ་ཡང་དབུགས་མེད་སྲོག་ལས་གཏོགས། །ས་བདག་ཀླུ་གཉན་གཏོད་འཁོར་གྱི། །བརྟེན་པའི་གནས་དང་བསྐྱེད་པའི་སྲོག །གསེར་གྱི་རུས་སྦལ་ལུས་ལས་བྱུང་། །དེ་ལ་སྐྱེ་འགྲོ་སེམས་ཅན་འཁྲས། །ཤིང་གི་ལྷ་མོས་བདག་ཏུ་བྱེད། །དེ་ཕྱིར་ནགས་འཚལ་མེ་ཏོག་དང་། །སྐྱེད་ཤིང་རྩ་བཅད་སྤང་བར་བྱ། །སྒོས་སུ་ཡོངས་མར་<དམར>ཇ་ཞེས་པ། །ཡོངས་ནི་ཡོངས་འདུའི་ཤིང་ལས་བྱུང་། །མར་ནི་བཙོ་མ་གསེར་ལས་དམར། །ཇ་ནི་སྐོམས་པ་སངས་པས་ཇ། །དེ་ཕྱིར་ཡོངས་མར་ཇ་ཞེས་བྱ། །དེ་ཡང་ཐོག་མར་བྱུང་ཚུལ་ནི། །རི་རབ་བང་རིམ་གསུམ་པ་ན། །རྟག་མྱོས་ཀུ་མ་ར་ཙ་གནས། །འབྲུ་བཅུད་རྩི་ཏོག་ཤིང་ཏོག་ལ། །ཨ་མྲི་ཏ་ཡི་ཕབས་བཏབ་ནས། །བསྙལ་དང་མྱོས་དང་ལངས་དང་གསུམ། །ཡུ་ཏི་ཆང་ལ་ལོངས་སྤྱོད་བྱེད། །དེ་ལ་བག་མེད་འགལ་འཐུང་པས། །སྐོམས་པ་ངོམས་དང་བཟི་བ་དང་། །མྱོས་དང་རྨུགས་དང་འཐིབས་པར་བྱུང་། །དེ་ཚེ་བང་རིམ་གསུམ་པའི་མི། །མཚེ་མ་གནོད་སྦྱིན་ལྷ་ཡིས་ཀྱང་། །བཏུང་བའི་ཡུ་ཏིས་རྐྱེན་བསླངས་ནས། །ལྷ་དང་ལྷ་མིན་འཁྲུག་པ་བྱུང་། །ལྷ་སྲས་ཁྱེའུ་ལྕམ་དྲལ་རྣམས། །གཅིག་ལས་སྐྱེ་བ་མ་སྲིད་ཀྱང་། །གཉིས་གཉིས་འགྲོགས་ཏེ་མཚེ་རུ་སྐྱེས། །དེས་ན་གནོད་སྦྱིན་མཚེ་མ་ཞེས། །ལྕལ་དྲལ་གཅིག་ལ་གཅིག་འཚོ་ཞིང་། །གཅིག་སྲོག་གཅིག་གིས་བཅད་ནས་སུ། །ལྷ་ལ་དམེ་དང་ཁྲེལ་ཤོར་བས། །གཙང་མའི་ལྷ་རིགས་ཐུགས་འཁྲུགས་ནས། །ལྷ་ཁམས་སྨེ་ཞིང་མནོལ་བ་ལས། །དེ་ཚེ་ཡོད་ཀྱི་ཁ་འཛིན་པ། །གནོད་སྦྱིན་ལག་རིང་རྩེ་རྒན་གྱིས། །སྲིད་པ་གསུམ་གྱི་རྩེ་མོ་ཡི། །ཡོངས་འདུའི་ཤིང་གི་ལྡིང་ཁང་དུ། །ཇོ་མོ་གནམ་ཕྱི་གོང་རྒྱལ་ལ། །གུས་པའི་ཚུལ་གྱིས་ཞུ་བ་ཕུལ། །ཇོ་མོ་གནམ་ཕྱི་གོང་རྒྱལ་ལགས། །ཁྱོད་ནི་སྐྱེ་འགྲོ་སྲིད་པའི་མ། །འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ། །བདག་ཅག་མཚེ་མ་གནོད་སྦྱིན་ལྷ། །རི་རབ་བང་རིམ་གསུམ་པ་ན། །རྟག་མྱོས་ཀུ་མ་ར་ཛཱ་གནས། །འབྲུ་དགུ་བཅུད་ཀྱི་འབྲས་བུ་ལ། །ཨ་མྲྀ་ཏ་ཡི་ཕབ་བཏབ་ནས། །ཡུ་ཏི་ཆང་ལ་ལོངས་སྤྱོད་པས། །སྨྱོས་དང་མྱོས་དང་རྩུབ་པ་ཡིས། །མཚེ་མའི་ལྷ་ལ་འཁྲུག་པ་བྱུང་། །ལྕམ་དྲལ་གང་དུ་དམེ་བསྣོལ་བས། །ལྷ་ལ་དམེ་དང་ཁྲེལ་ཤོར་ཏེ། །གཙང་མའི་ལྷ་རིགས་ཐུགས་འཁྲུགས་ནས། །ལྷ་ཁམས་དམེ་ཞིང་མནོལ་བ་ཡི། །གྲིབ་མ་འགྲོ་བ་མི་ལ་ཕོག །ལྷ་མི་དབུ་འཕང་དམའ་ལ་ཁད། །བདུད་སྲིན་འགོ་ལོ་འཕང་ལ་ཁད། །འདི་ལ་ཇོ་མོས་ཐུགས་དགོངས་ལ། །ལྷ་ཁམས་མནོལ་བ་སངས་པ་དང་། །མི་ཁམས་དར་ལ་རྒྱས་པ་དང་། །སྐུ་ལུས་མྱོས་པ་དྭངས་ནས་སུ། །ལྷ་མིན་འཁྲུགས་པ་མི་འབྱུང་ཞིང་། །ཞི་བདེ་མཉམ་པའི་ཐབས་ཅིག་ཞུ། །དེ་ལ་ཇོ་མོས་བཀའ་སྩལ་པ། ཉོན་ཅིག་གནོད་སྦྱིན་རྒྱལ་པོའི་ལྷ། །ཁྱོད་ཀྱི་བསམ་པའི་དོན་དེ་དག །བདག་གིས་སྨོན་པ་བཞིན་དུ་བསྒྲུབ། །ཁྱོད་ཀྱང་སྐྱེ་འགྲོ་བརྟེན་པའི་ཤིང་། །ཡོངས་འདུའི་ཤིང་གི་སྡོང་པོ་ལ། །བདུད་དང་སྲིན་པོའི་ཆོ་འཕྲུལ་གྱིས། །གདུག་པ་སྲིན་བུ་མི་འབྱུང་བའི། །རིན་ཆེན་དབྱུག་པ་ཐོགས་ནས་སུ། །སྲིད་པའི་རྩེ་ནས་བྱ་ར་མཛོད། །གལ་ཏེ་གདུག་པའི་སྲིན་བྱུང་ན། །དབྱུག་ཐོགས་རྒྱལ་པོས་ཆད་པ་ཆོད། །དེ་སྐད་གསུངས་ནས་བཀའ་ལུང་གནང་། །དེ་ནས་གནམ་ཕྱི་གོང་རྒྱལ་གྱིས། །སྲིད་གསུམ་འདུས་པའི་ཡོངས་གོང་གི །ཡོངས་འདུའི་ཤིང་གི་རྩེ་མོ་ན། །དབུ་སྐྲ་སྨིན་མ་ཕྱད་ཕྱོད་དང་། །ལྗགས་ཀྱི་མཆིལ་མ་བསྲེས་པ་ལ། །བདུད་རྩི་སྨན་གྱི་སྨོན་ལམ་བཏབ། །དེ་ལས་བདུད་རྩི་ཤིང་གཅིག་སྐྱེས། །ཤིང་ལས་ཡལ་ག་ལྔ་རུ་གྱེས། །སྡོང་པོ་ཡོངས་འདུའི་ཤིང་ལ་ཟུག །ཡལ་ག་ཕྱོགས་བཞི་དབུས་ལྔར་གྱེས། །ཤར་དུ་དུང་ལོ་སུར་བུ་དཀར། །ལྷོ་རུ་གཡུ་ལོ་ཤུག་པ་སྔོ། །ནུབ་ཏུ་ཟངས་ལོ་འོམ་བུ་དམར། །བྱང་དུ་གསེར་ལོ་སྟག་པ་སེར། །དབུས་སུ་མུ་ལེ་དྲུམ་ཤིང་ལྗང་། །དེ་ལས་བསང་གི་རྩི་དགུ་འཁྲུངས། །རྩི་ལས་བསང་ཤིང་བཅོ་བརྒྱད་སྲིད། །དེར་བདུད་རྩི་བསང་གི་ལོ་བྲེགས་དང་། །ཕྱེ་མར་འོལ་ཀོན་ཕུད་སྦྱར་ནས། །གསེར་གྱི་རི་བདུན་རྩེ་མོ་རུ། །རེངས་པར་མི་རྟ་བཅོ་བརྒྱད་དང་། །སྲིད་པའི་བླ་བོན་བཅུ་གསུམ་དང་། །བྱ་བོན་འཕྲིན་པ་བཅུ་གསུམ་གྱིས། །གཡུང་དྲུང་སྔོན་པོས་མནོལ་བསང་ཞིང་། །ཕྱེ་མར་འོལ་ཀོན་ཕུད་མཆོད་པས། །ལྷ་ཁམས་སྨེ་ཞིང་མནོལ་བ་བསངས། །འགྲོ་བ་མི་རྣམས་བདེ་སྐྱིད་ལྡན། །བདུད་རྩི་བསང་ཤིང་འབྲས་བུ་རྣམས། །མི་ཡུལ་གླིང་བཞིར་གཏོར་བ་ལས། །བདུད་རྩི་ཅན་གྱི་ཤིང་རྣམས་སྲིད། །ཀུ་མ་ར་ཙ་དྭངས་པའི་ཐབས། །མུ་ལེ་དྲུམ་ཤིང་འབྲས་བུ་རྣམས། །གསེར་གྱི་རི་བདུན་དང་པོ་དང་། །བང་རིམ་གསུམ་པར་བསྐྱེད་པ་ལས། །མུ་ལེ་དྲུམ་ཤིང་ཚལ་དུ་སྲིད། །ཚལ་ལས་དྲུམ་ཤིང་བཅུད་འབྱུང་གནས། །ཤིང་ལས་འདོད་ཡོན་སྣ་ཚོགས་བྱུང་། །ལོ་མར་བསིལ་དང་གཡབ་ཏུ་བྱུང་། །མེ་ཏོག་ངོ་མཚར་ལྟད་མོར་བྱུང་། །འབྲས་བུར་གསོས་དང་ཟས་སུ་བྱུང་། །སྙིང་པོར་རིན་ཆེན་རྒྱན་ཆར་བྱུང་། །ཤུན་པར་དར་དང་ཟབས་སུ་བྱུང་། །ཁུ་བར་བཅུད་དང་བདུད་རྩིར་བྱུང་། །སྡོང་པོར་འཁྲ་བའི་གནས་སུ་བྱུང་། །གནམ་ཕྱི་གོང་རྒྱལ་བྱིན་རླབས་ཀྱིས། །སྦྱིན་པ་མཐར་ཕྱིན་ལྡན་པ་ཡིས། །དྲུམ་ཤིང་མི་ཡི་ལོངས་སྤྱོད་རྒྱུ། །སྐལ་ལྡན་རྣམས་ཀྱིས་སྤྱོད་ཡུལ་ལ། །སྐལ་མེད་རྣམས་ནི་ག་ན་བ། །དབུལ་ཕོངས་རྣམས་ཀྱིས་བྱར་མི་མཐོང་། །བང་རིམ་གསུམ་པར་ཚལ་བསྐྱེད་པས། །དེ་ལས་ཡོངས་མར་ཇ་ཤིང་བྱུང་། །ཁ་དོག་རྣམ་པ་དྲུག་ཏུ་ཆད། །དཀར་ལྗང་དམར་སྔོན་ཐོན་ཁ་སེར། །ལོ་མ་མེ་ཏོག་འབྲས་བུ་དང་། །དྲི་ངད་རོ་མཆོག་དྲུག་དང་ལྡན། །རྒྱུ་ནི་ཡོངས་འདུའི་ཤིང་ལས་བྱུང་། །གཏོགས་ནི་དྲུམ་ཤིང་རིགས་ལ་གཏོགས། །གནམ་ཕྱི་གོང་རྒྱལ་བྱིན་རླབས་ཀྱིས། །གསོ་བྱེད་ཤིང་གི་བདུད་རྩི་དེས། །ཀུ་མ་ར་ཙ་མྱོས་པ་དྭངས། །མཚེ་མ་གནོད་སྦྱིན་གདུག་སེམས་ཞི། །དེ་ཚེ་གནམ་ཕྱི་གོང་རྒྱལ་གྱིས། །དེ་ཡི་ལོ་མ་མེ་ཏོག་འབྲས། །མི་ཡུལ་གླིང་བཞིར་གཏོར་ནས་སུ། །བདུད་རྩི་གསོས་ཀྱི་སྨོན་ལམ་བཏབ། །དེ་ལས་ཇ་ཡི་རྒྱུ་རུ་སྲིད། །བཏུང་བ་ཀུན་གྱི་མཆོག་ཏུ་སྟེ། །ཤིང་ལས་བྱུང་བས་ཉེས་འགལ་ཆུང་། །དེ་ཡང་བག་དང་ལྡན་པར་བྱ། །བག་མེད་བཏུང་ན་ལང་ཚོ་རྒྱས། །གཟི་མདངས་རྐང་གི་རྒྱུ་རུ་འགྲོ། །བདུད་རྩི་ཤིང་གི་བཅུད་ཡིན་པས། །ལུས་པོ་ཤེད་ཆེ་ཆགས་པ་སྐྱེ། །སྲེད་ལེན་ཐིག་ལེ་འཆོར་བའི་རྒྱུ། །དེ་ཕྱིར་རན་ཚོད་སྐོམས་བངས་ཙམ། །དེ་ལས་ཉེས་པ་ཆེ་ཆུང་ནི། །ལྗང་བུ་སྐྱེད་ཤིང་རྩ་བཅད་རྒྱུ། །འབྱུང་བའི་རྒྱུ་ལས་བསྐྱེད་པ་སྟེ། །དུས་ཀྱི་འཁོར་ལོའི་ཆོ་གས་བྱང་། །དེ་མིན་དར་དང་རྒྱས་པ་དང་། །རྒུད་པ་རིམ་བཞིན་ཉེས་འགལ་ཆུང་། །བཏུང་བའི་རྒྱུ་རུ་བསྟན་པའོ། །① ཞེས་པའི་རིག་གཞུང་འདིས་ཇ་ཤིང་གི་འབྱུང་ཁུངས་དང་།ཇ་ཡི་ཁྱབ་ཚུལ། ཇ་ཡི་ཆ་རྐྱེན། ཇ་ཤིང་སྲུང་སྐྱོབ་དགོས་ཚུལ། ཇ་ཡི་ལེགས་ཉེས་སྤང་བླང་བྱ་ཚུལ། ཇ་ཡི་སྣ་རིགས། ཇ་ཡི་ལྷ་སྒྲུང་། ཇ་བཟོ་བ། ཇ་ཡི་མཆོད་པ་བཅས་ངོ་སྤྲོད་བྱས་པ་འདི་ནི་བོད་ལ་མཚོན་ན་ཇ་ཡི་སྐོར་བསྟན་པའི་ཡིག་ཆ་ཆེས་སྔ་ཤོས་ཤིག་ཡིན་ནོ། །

  ཉག་ཇ་འདི་ཡང་དུས་རབས་ནམ་ཞིག་ལ་གསར་གཏོད་བྱས་པ་དང་། སུ་ཞིག་གི་གསར་བཏོན་བྱས་པ་དང་། སྐྱེས་བུ་དམ་པས་ཞིབ་འཇུག་བྱས་པའི་ཟིན་བྲིས་སོགས་ནི་མཐོང་རྒྱུ་མི་འདུག། རང་ཉིད་སྤྱི་ལོ༢༠༠༠ལོར་རྒྱ་ཡིག་སྟེང་དུ་ཉག་རོང་གི་ཐལ་ཇ་ཞེས་པའི་ངག་རྒྱུན་གྱི་སྒྲུང་གཏམ་ཚིག་འབྲུ་བརྒྱ་དང་བཅུ་བཞི་པ་ཞིག་བྲིས་ཀྱང་བོད་ཡུལ་ནས་དོགས་སྣང་བྱེད་མཁན་མ་བྱུང་། ཉག་རོང་རྫོང་སྤྱི་བདེ་ཅུས་ནང་ལས་དོན་སྒྲུབ་མཁན་རྒྱ་མི(李机西)སོགས་ཀྱིས་བསྔགས་བརྗོད་ཐོབ་པ་མ་ཟད། རྒྱ་ཡིག་སྟེང་དུ་བསྒྱུར་མྱོང་། དེ་ནི་རང་གའི་ངག་རྒྱུན་ཙམ་ལས་ཚད་ལྡན་ཡིག་ཆ་དང་གནས་རྫས་དཔྱད་གཞི་གང་ཡང་མེད་དོ། །གང་ལྟར་ཡང་ཉག་ཇ་ཡི་འདུ་ཤེས་དེ་ནི་ཉག་རོང་མིའི་རིགས་ཀྱི་འཚོ་བའི་ལོ་རྒྱུས་དང་འབྲེལ་ཏེ་དམའ་རིམ་ནས་མཐོ་རིམ་དུ་སྒོ་ཐེམ་བརྒལ་ནས་ཡོང་ཡོད་པ་དངོས་པོའི་རང་གཤིས་ཡིན་མོད། ཉག་ཇ་དེ་ཡང་ཐོག་མ་ཉག་རོང་གི་མི་སེར་ཀྱི་འཚོ་བའི་ཉམས་མྱོང་ལ་བསྟེན་ནས་སྐྱེ་དངོས་གང་ཞིག་གིས་ལུས་སྲོག་ལ་ཕན་མིན་བརྟགས་པའི་བློ་ཤེས་སྐྱེས་པ་ནས། མི་དང་སྐྱེ་དངོས་བར་ཐག་ཇེ་ཉེ་རུ་སོང་སྟེ། སྐྱེ་དངོས་ཀྱིས་མིའི་རིགས་ཀྱི་འཚོ་བའི་སྟོང་ཆ་ཁ་སྣོན་བྱས་པ་དང་། ཉག་ཇ་ཡི་རིག་གནས་དེ་ལའང་གསོན་ཤུགས་གསར་བ་ཞིག་བསྣན་ཡོད་པ་རྒྱུན་ལྡན་རེད།

ཉག་ཇའི་རིག་གནས་སྐོར་བསྟན་པ།

  སྤྱིར་ཇ་ཡི་རིག་གནས་ནི་འཛམ་བུ་གླིང་གི་ཡུལ་ཕྱོགས་མང་པོ་ལ་བཤད་ཕྱོགས་འདྲ་མིན་སྣ་ཚོགས་ཡོད། རྒྱལ་ཁབ་དང་རྒྱལ་ཁབ། མི་རིགས་དང་མི་རིགས། ཡུལ་ལུང་དང་ཡུལ་ཚོས་བཤད་སྟངས་མི་འདྲ། ནང་གསེབ་དབྱེ་བའི་རིགས་ཀྱང་མི་འདྲ། བེད་སྤྱད་སྟངས་དང་བཏུང་ཚུལ་ཡང་མི་འདྲ་ས་མང་པོ་ཡོད་པ་ལས། ཁམས་ཉག་རོང་གི་བཏུང་བྱའི་ཇ་ཡི་སྐོར་ལའང་ཇ་དང་ཇ་བརྐོལ་སྟངས་ཐབས་ཤེས་མི་འདྲ་བ་སྣ་ཚོགས་ཡོད། ཉག་ཇའི་རིག་གནས་ནི་ཉག་རོང་སྲོལ་རྒྱུན་གྱི་རིག་གནས་དང་། ཉག་རོང་ཟས་རིགས་ཀྱི་རིགས་གནས་སོགས་ཀྱི་ཁོངས་སུ་གཏོགས་སོ། །

ཉག་ཇ་རིག་གནས་ཀྱི་ཁྱད་ཆོས་བསྟན་པ།

  ཉག་ཇའི་ཁྱད་ཆོས་གཙོ་བོ་ནི་ཉག་རོང་གི་སྲོལ་རྒྱུན་གྱི་རིག་གནས་མཚོན་ཐུབ། ཉག་ཇ་ནི་ཉག་རོང་གི་ལོ་རྒྱུས་ཐོག་གི་བསམ་བློ་དང་འདུ་ཤེས་འཛིན་སྟངས་སྣ་ཚོགས་པ་མཚོན་ཐུབ་པ་དང་། ཉག་རོང་གི་ས་ཁོངས་སུ་སྡོད་པའི་ཉག་རོང་བའི་མི་རིགས་དང་ཉག་རོང་བའི་མེས་པོས་གསར་སྐྲུན་བྱས་པ་དང་། ཉག་རོང་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བའི་ཉག་རོང་གི་ཁྱད་ཆོས་མངོན་གསལ་བསྟན་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པ། ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ། སྲོལ་རྒྱུན་བཟང་བ་བཅས་མཚོན་ཐུབ། མདོར་བསྡུས་ནས་བཤད་ན། ཉག་ཇའི་རྣམ་པ་མི་འདྲ་བ་ལ་བརྟེན་ནས་ཉག་རོང་གི་ཤེས་རིག་དང་།ཡུལ་སྲོལ། སྙིང་སྟོབས་བཅས་བསྟན་ཐུབ། ཉག་ཇའི་ཁྱད་ཆོས་གཙོ་བོ་ནི། ༡ ཉག་ཇ་ནི་ཉག་རོང་བ་མི་རབས་ནས་མི་རབས་བརྒྱུད་པའི་རིག་གནས་ཤིག་ཡིན། ཉག་ཇ་བསྐོལ་བའི་སྲོལ་དར་ནས་བཟུང་ད་བར་དུ་ཉག་ཇ་བཏུང་བའི་སྲོལ་རྒྱུན་ཆད་མ་མྱོང་། ༢ ཉག་རོང་བའི་ཁྱད་ཆོས། ཉག་ཇའི་རིག་གནས་ནི་ཉག་རོང་སྲོལ་རྒྱུན་གྱི་རིག་གནས་ཡིན། ཉག་ཇ་ལ་དམིགས་བསལ་ཡོད་པ་ཞིག་ཡིན་པས་ཉག་ཇ་ནི་འཛམ་གླིང་ཐོག་གི་མི་རིགས་གཞན་དག་གི་ཇ་བསྐོལ་ཚུལ་དང་རྒྱུ་རྐྱེན་སོགས་མི་འདྲ། ༣ ལོ་རྒྱུས་ཡུན་རིང་ལྡན་པ། ཉག་ཇ་ལ་ལོ་ངོ་བརྒྱ་སྟོང་གི་ལོ་རྒྱུས་ཡོད། ༤ ཉག་ཇའི་རིག་གནས་ནི་རྒྱ་ཆེ་ཞིང་གཏིང་ཟབ། ཇ་རིགས་མི་འདྲ་བ་རེ་རེ་ལ་རང་ཉིད་ཀྱི་ཁྱད་ཆོས་མི་འདྲ་བ་རེ་རེ་ཡོད།

ཉག་ཇའི་ངོ་བོ་བསྟན་པ།

  མི་རིགས་སོ་སོའི་གོམས་སྲོལ་དང་མི་རང་རང་གི་དགའ་ཕྱོགས་མི་འདྲ་བས་ཇ་ལ་ཡང་རིགས་མི་འདྲ་བ་མང་པོ་ཡོད་པ་རེད། དཔེར་ན་མེ་ཏོག་གི་ཇ་ཡི་རིགས་ལ། རྒྱ་སའི་མེ་ཏོག་དང་། ཁ་ཆེ་གུར་གུམ། རྒྱ་ཇའི་མེ་ཏོག་གཡང་འཛོམས་སོགས་དང་། ཤིང་གི་ཇ་རིགས་ལ་སྨྱུག་མའི་ཇ་དང་སྤོ་ཇ། ཇ་ཤིང་དང་འོ་སེ། འབྲུ་ཡི་ཇ་རིགས་ལ་བྲ་བོ་སོགས་མང་པོ་ཡོད། དེ་བཞིན་དུ་ཉག་ཇ་ལའང་། དཀར་ཇ་ཡི་རིགས་ལ། མར་ཇ། འོ་ཇ། ཟོ་ཤེའི་ཇ་སོགས་དང་། དམར་ཇ་ཡི་རིགས་ལ། རུས་ཇ། ཚིལ་ཇ། མགོ་ཇ་སོགས་དང་། སྨན་ཇའི་རིགས་ལ་ཛྭ་ཏིའི་ཇ། པི་པི་ལིང་ཇ། ལྒ་སྐྱའི་ཇ། གཡེར་མའི་ཇ་སོགས་དང་། འབྲུ་རིགས་ཀྱི་ཇ་ཡི་རིགས་ལ། རྩམ་ཇ། དཀར་བྲང་ངམ་དཀར་ཐང་ཇ་སོགས་མང་པོ་ཡོད་དོ། །

ཉག་ཇའི་རང་བཞིན་བསྟན་པ།

  ཉག་ཇ་བསྐོལ་ཚུལ་རིགས་མི་འདྲ་བ་ལ་ཇ་ཡི་རང་བཞིན་མི་འདྲ་བ་ཡོད་པ་དང་། ཇ་ཡི་རང་བཞིན་མི་འདྲ་བ་དང་བསྟུན་ནས་ཇ་ཡི་བྲོ་བ་དང་། ཇ་ཡི་མདངས་བཅས་འདོན་སྤེལ་གང་ལེགས་བྱེད་ཐུབ། ཉག་ཇ་བསྐོལ་ཚུལ་མི་འདྲ་བ་བཅོ་བརྒྱད་ལ། རྒྱུ་རྐྱེན་མི་འདྲ་བ་སྣ་ཚོགས་ཡོད་པ་དང་། དམིགས་བསལ་གྱི་ཇ་སྐོལ་བྱེད་ཀྱི་ཆུ་ལ་ཁྱད་པར་མེད་ནའང་། ཇ་དང་ཇ་བསྐོལ་ཐབས་དང་། ཇ་ནང་འདེབས་རྒྱུའི་རིགས་སམ་ཇ་རྡོག་ལ་ཁྱད་པར་ཡོད་པས་ཇ་ཡི་བྲོ་བ་དང་། ཇ་ཡི་ནུས་པ་དང་། ཇ་ཡི་ཕན་པ་སོགས་ཀྱང་མི་འདྲ་བ་སྣ་ཚོགས་ཡོད།

ཉག་ཇའི་དབྱེ་བ་བཤད་པ།

  སྤྱིར་ཉག་རོང་གི་ཡུལ་ལུང་མང་པོ་ཞིག་ན་ཇ་ཤིང་ཡོད་ནའང་ཉག་རོང་བའི་མི་སེར་རྣམས་ཀྱིས་དེའི་ཕྱོགས་ལ་དོ་སྣང་ཆེན་པོ་བྱེད་མ་མྱོང་བས་ཉག་ཇ་སྐོལ་བྱེད་ཀྱི་ཇ་དེ་གཙོ་བོ་གཡག་རྔའི་ཇ་ནག(雅安黑茶)དེ་ཡིན། དེ་ལ་ཇ་ཤིང་བཙོས་པའི་ཇ་ལ་གཙོ་བོ་རིགས་གཉིས་ཡོད་ཅིང་། གཅིག་ནི་ཇ་སྐམ་དང་། ཡང་ན་ཇ་རྒོད་ཅེས་འབོད་སྲོལ་ཡོད་པའི་ཇ་བག་ཆེ་ཆུང་ཅི་རིགས་ཡོད་པ་དེ་ཡིན་ལ། གཅིག་ཤོས་ནི་ཇ་བག་དེ་བཙོས་ནས་སྐམ་སོབ་ལེགས་པོར་བྱས་པའི་ཇ་བརྔོས་ཞེས་པ་དེ་གཉིས་ཡིན། ཉག་ཇ་ཞིམ་བཙོག་ནི་གཙོ་བོ་ཇ་ཤིང་ངམ་ཇ་བཟང་ངན་ལ་ཐུག་ཡོད། དེ་ལས་གཞན་པ་ནི་ཇ་ནང་བཏབ་རྒྱུའི་མར་དང་རྩམ་པ་སོགས་བཟང་ངན་ལ་ཐུག་ཡོད། གོང་དུ་བསྟན་པའི་ཇ་ཡི་དབྱེ་བ་གཉིས་ལ་ཉག་ཇ་དབང་དུ་བཏང་ན། ཇ་ལྷོད་བལ་ཟེར་བ་ཇ་ལོ་དེ་རང་སྐོལ་བ་དང་། ཇ་རྡུང་ཕྱེ་ཟེར་བ་གཏུན་ཁུང་དུ་བརྡུང་ནས་ཕྱེ་མ་ཞིབ་མོར་བྱས་པའི་ཇ་རྣམ་པ་གཉིས་ཡོད། ཇ་དེ་དག་སྐོལ་ཚུལ་མི་འདྲ་བ་ཡོད་པས་ཉག་ཇ་རིགས་སྐོལ་སྟངས་ལ་རིགས་མི་འདྲ་བ་བཅུ་བདུན་ཙམ་ཡོད་པ་ནི་འོག་ཏུ་རིམ་གྱིས་བསྟན་པར་བྱའོ། །

ཐལ་ཇ་བཤདཔ།

  སྤྱི་ཉག་རོང་གི་གནའ་སྐད་དུ། རྗེས་འཇུག་ལ་ཡིག་ལ་ས་མཐའི་སྒྲ་གདངས་ཀྱི་ཤན་ཞུགས་ཡོད། དཔེར་ན། ཇ་ཐལ་ལ་ཇ་ཐས། ཉལ་ལ་ཉས། འབུལ་བ་ལ་འབུས་བ། ཇ་གསོལ་བ་ལ་ཇ་གསོས། ཐལ་བ་ལ་ཐས་བ། ཐལ་ཇ་ལ་ཐས་ཇ། དལ་མོ་ལ་དས་མོ། ཆུ་ཁོལ་ལ་ཆུ་ཁོས་སོགས་མང་ངོ་། །ཉག་རོང་གི་ཐལ་ཇ་ལ་རིགས་བཞི་ཡོད། ཐལ་ཇ་ཚྭ་མེད་དང་། ཐལ་ཇ་སྣུམ་མེད། ཚྭ་དང་སྣུམ་གཉིས་ཀ་ཡོད་པ་དང་། ཚ་སྣུམ་གཉིས་ཀ་མེད་པ་དང་བཞི། ཉག་རོང་ཐལ་ཇ་བཞི་པོའི་རྒྱུ་གཙོ་བོ་ནི་གོང་དུ་བསྟན་པའི་ཇ་རྡུང་ཕྱེ་དེ་ཡིན། ཐལ་ཇ་ནང་དུ་ཚྭ་མི་འདེབས་པའི་རིགས་ལ་ཐལ་ཇ་ཚྭ་མེད་དང་། མར་སོགས་སྣུམ་རིགས་མི་འཕེན་པ་དེ་ལ་ཐལ་ཇ་སྣུམ་མེད་ཟེར། དེ་གཉིས་ནི་དགའ་ཕྱོགས་དང་། ཆ་རྐྱེན་ཡོད་མེད། དགའ་ཕྱོགས་ཡོད་མེད། ཆེད་དུ་སྐོལ་བ་སོགས་དམིགས་བསལ་ཅན་ཡིན། སྐབས་སུ་བསྟན་པ་ནི། ཚྭ་དང་སྣུམ་གཉིས་ཀ་ཡོད་པའི་ཐལ་ཇ་སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ་ཞེས་ནས་ནག་ཚིག་ཆེ་ཙམ་གྱི་རྩམ་པ་ཤིན་ཏུ་ཞིབ་མོ་དེ་བཏབས། དེ་ནས་ཇ་རྡུང་ཕྱེ་བཏབ། དེ་ནས་རྡོ་ལ་ཞུན་མར་མ་ཡིན་པའི་མར་སེར་པོ་ཅུང་ཟད་རྙིང་ཞན་ཅན། བྲོ་བ་ལ་བྱང་ཚྭ་དཀར་ལུའམ་བོད་ཚྭ་བཅས་བཏབས་ནས་བསྐོལ་བའི་བཏུང་བྱ་ལ་ཟེར། བྲོ་བ་ནི། མར་དྲི་བྲོ་ཞིང་ཞིམ་མངར་དང་ལྡན་པ་མ་ཟད། ཚྭ་དྲི་ཡང་བྲོ། དེ་ཡི་ཕན་ནུས་ནི། གཅིན་མངར་གྱི་ནད་དང་། ཕོ་བ་མི་བདེ་བ། ངལ་དུབ་ཀྱིས་ཤུགས་མེད་པ། ཕོ་བ་བཤལ་བ། སྙིང་རླུང་གི་ནད།དུག་སེལ་སྐྱུག་པ། ཁྲག་འཇགས་པ། སྐྲངས་སྦོས་འཇགས་པ། མིའི་ལུས་ཁམས་ཀྱི་རིམས་འགོག་ནུས་པ་ཆེ་རུ་གཏོང་བ་སོགས་ཕན་པ་ཡོད། ཁྲལ་ཚིལ་མཐོ་པོ་དང་ཤ་ཤེད་རྒྱག་པ་སོགས་ཀྱིས་འཐུང་རྒྱུ་ཉུང་ཙམ་བྱེད་ན་འགྲིགས། ཐལ་ཇ་ནི་བཅུད་ལྡན་ཀྱི་ཟས་རིགས་གྲལ་དུ་གཏོགས་སོ། །

དཀྲུགས་ཇ་བཤད་པ།

  དཀྲུགས་ཇ་ཞེས་པའི་ཇའི་རྒྱུ་གཙོ་བོ་ནི་གོང་ལྟར་ཇ་རྡུང་ཕྱེ་དེ་ཡིན། སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ་བཏབས། དེ་ནས་ཇ་རྡུང་ཕྱེ་བཏབ། བོད་ཚྭ་སོགས་ཚྭ་རིགས་མི་བཏབས་ནས་བསྐོལ། བསྐོལ་རྗེས་ཇ་དེ་བོད་རིགས་ཀྱི་མར་ཇ་དཀྲུག་བྱེད་ཀྱི་སྣོད་མདོང་མོ་ནང་དུ་བླུག། དེའི་ནང་དུ་མར་ཅུང་ཙམ་འཕེན། དེ་ནས་ལན་མང་པོ་དཀྲུགས་བའི་བཏུང་བྱ་ལ་དཀྲུག་ཇ་ཟེར། དེང་སང་མདོང་མོའི་ཚབ་དུ་འཕྲུལ་ཆས་བྱེད་ཀིན་འདུག། བྲོ་བ་ནི། མར་དྲི་བྲོ་ཞིང་མངར་བཅུད་དང་ལྡན། དེ་ནི་སྐུ་མགྲོན་དང་དུས་སྟོན་སོགས་ཀྱི་ཆེད་དུ་བསྐོལ། ཕན་པ་ནི། གཙོ་བོ་གཅིན་མངར་གྱི་ནད་དང་། ཕོ་བ་མི་བདེ་བ། ལུས་པོ་ནུས་ཤུགས་མེད་པ། ལུས་ཤུགས་ཞན་པ། མིའི་ལུས་ཁམས་ཀྱི་རིམས་འགོག་ནུས་པ་ཆེ་རུ་གཏོང་བ་སོགས་ཕན་པ་ཡོད། དེ་ནི་ཁྲལ་ཚིལ་མཐོ་པོ་དང་ཤ་ཤེད་རྒྱག་པ་སོགས་ཀྱིས་ཉུང་ཙམ་བཏུང་ན་ལེགས།

རྩམ་ཐང་བཤད་པ།

  རྩམ་ཐང་ཞེས་པའི་ཇའི་རྒྱུ་གཙོ་བོ་ནི་རྩམ་པ་ཡིན། སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ་བཏབས། དེ་ནས་ཡུན་རིང་ཁོལ་དུ་བཅུག། བོད་ཚྭ་སོགས་ཚྭ་རིགས་མི་བཏབས། མར་དང་སྣུམ་གྱི་རིགས་ཀྱང་མི་འཕེན་པ། དེ་ནི་ནད་པ་ལ་ཆེད་དུ་སྐོལ་ཏེ་བཏུང་བྱ་ཞིག་ཡིན། བྲོ་བ་ནི། རྩམ་དྲི་བྲོ་ཞིང་མངར་བཅུད་དང་ལྡན། ཕན་པ་ནི་དོན་ལྔ་སྣོད་དྲུག་གསོ་བ་ལ་ཕན་པ་ཡོད་ཟེར། གཙོ་བོ་གཅིན་མངར་གྱི་ནད་དང་། ཕོ་བ་མི་བདེ་བ། ལུས་པོ་ནུས་ཤུགས་མེད་པ། སྙིང་རླུང་གི་ནད། མིའི་ལུས་ཁམས་ཀྱི་རིམས་འགོག་ནུས་པ་ཆེ་རུ་གཏོང་བ་སོགས་ཕན་པ་ཡོད། དེ་ནི་ཁྲལ་ཚིལ་མཐོ་པོ་དང་ཤ་ཤེད་རྒྱག་པ་སོགས་ཀྱང་བཏུང་ཆོག་གོ།

དཀར་ཐང་བཤད་པ།

  ཉག་རོང་ཡུལ་སྐད་ལ་དཀར་བྲང་ཟེར། རྒྱུ་གཙོ་བོ་ནི་གོང་ལྟར་ཇ་རྡུང་ཕྱེ་དེ་ཡིན། སྐོལ་ཐབས་ནི། ཐོག་མ་མར་གསར་པ་དང་རྩམ་པ་གསར་པ་གཉིས་ལྷན་གཅིག་ཏུ་འཕུར་འཕུར་བྱེད། དེ་ཡང་ཆུ་གྲང་མོ་ལ་བཏབས། དེ་ནས་ཇ་རྡུང་ཕྱེ་བཏབ། མེ་ཆུང་ངུ་བཏང་ནས་སྐོལ་ཞོར་དུ། སྐྱོགས་ཀྱིས་བརྒྱ་ཕྲག་འགའ་འཕྱར་བཞིན་སྐོལ་ཏེ་ཁོལ་ཙམ་དེ་ལ་དཀར་ཐང་ཟེར། དེ་ནི། སྤྱིར་གྲང་ནད་ཅན་དང་རླུང་ནད་ཅན། བྱེ་བྲག་ཏུ་ལུས་པོ་ནུས་ཤུགས་མེད་པ་དང་། རླུང་ནད་བད་སྦ་ཅན་སོགས་ལ་ཕན་པའི་བཏུང་བྱ་ཞིག་ཡིན།

ཇ་བསྲག་བཤད་པ།

  དང་པོ་ཆུ་གྲང་མོ་རྒྱ་མ་གང་ཡན་མན་ལ་མར་ཁེ་བཅུ་ཙམ་འཕེན། མར་ཞུ་རྗེས་རྩམ་པ་ཁེམ་བུ་ཆེ་བ་གསུམ་བཞི་ཙམ་བཏབ། ག་རག་ཅེས་ཤིང་གི་དཀྲུག་བྱེད་ཐུར་མ་ཡུ་བ་གཅིག་ལ་ཡན་ལག་འགའ་ཤས་ཡོད་པ་དེས་ཡང་ཡང་དཀྲུག་ནས་མར་དང་ཆུ་རྩམ་པ་བཅས་འདྲེས་སུ་བཅུག། དེ་ནས་སྐོལ་བ་ལ་མེ་ཆུང་ཙམ་བྱ་དགོས་མ་གཏོགས་འཕྱུར་ཤོར་གྱི་རེད། དེ་ནས་ཇ་ཕྱེ་ཁེམ་བུ་ཆུང་བ་གང་དང་ཚྭ་ཅུང་ཟད་བླུགས་ནས་ཡུན་སྐར་མ་ཉི་ཤུ་ཙམ་གདུ་དགོས། ཡུན་རིང་ཙམ་ཁོལ་བཅུག་ན་རྩམ་པ་དང་ཇ་དང་མར་དང་ཚྭ་བཅས་ཀྱི་རོ་བྲོ་བ་ཁ་ཁ་མེད་པ་གཅིག་ཏུ་གྱུར་པའི་ཞིམ་པོ་ཞིག་ཏུ་འགྱུར་ངེས་ཡིན། དེ་ཡི་ཕན་ནུས་ནི། ལུས་ཉམས་ཀྱི་ནད་དང་། ཕོ་བ་དྲོད་མེད་ཀྱི་ནད། ལུས་ཤུགས་མེད་པ། གྲངས་རླུང་གི་ནད་སོགས་ལ་ཕན་པ་ཡོད། འོན་ཀྱང་ཁྲལ་ཚིལ་མཐོ་པོ་དང་། ཁྲག་ཤེད་ཅན། མཁྲིས་ནད་ཅན་ལ་ཅུང་ཟད་གནོད་པས་རང་རང་གི་ལུས་ཁམས་དང་བསྟུན་ཤེས་པར་བྱའོ། །དགུན་ཁ་སོགས་འཁྱགས་དུས་ཚ་པོ་འཐུང་ན་ལུས་དྲོན་དང་ལུས་ཟུངས་གསོ་བར་ཕན་ནུས་ཡོད།

ཟོ་ཤེའི་ཇ་བཤད་པ།

  སྤྱིར་ཟོ་ཤེ་ཟེར་བ་ནི་ཟོ་བའི་ནང་ལྕུག་མ་སིལ་བུ་བསྐོར་ཏེ་བཞག་པར་འོ་མ་བླུགས་ནས་ཆགས་པའི་བཅུད་ལྡན་གྱི་རྩི་ཞིག་ལ་ཟོ་ཤེ་ཟེར། དེའི་ཇ་སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ་བཏབས། དེ་ནས་ཇ་རྡུང་ཕྱེ་བཏབ། བོད་ཚྭ་སོགས་ཚྭ་རིགས་བཏབས། དེ་ནས་ཟོ་ཤེ་གསར་རྙིང་གང་རུང་འཕེན། དེ་ནས་ཡུན་རིང་པོ་བསྐོལ་ནས་བཏུང་བ་བྱ་བའི་རིགས་ལ་ཟེར། བྲོ་བ་ནི་འོ་མའི་དྲི་དང་ཅུང་ཙམ་ཁ་བའི་དྲི་དང་ལྡན། དེའི་ཕན་ནུས་ལ་རིགས་བཞི་ཡོད་དེ། དང་པོ། རུས་པ་སོབ་བ་དེ་ལ་རྒྱ་སྐད་དུ (缺钙)ཟེར་བའི་རིགས་ལ་ཕན་པ་ཡོད། འོ་དང་། ཞོ། ཟོ་ཤེ་སོགས་ལ་རུས་པ་གསོ་བའི་ནུས་པ་ཡོད། གཉིས་པ། མིའི་ལུས་ཁམས་ཀྱིས་ནད་ཡོམས་སོགས་འགོག་རྒོལ་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པར་མ་ཟད། ཟོ་ཤེ་ཇ་ཅི་ཙམ་བཏུང་ཡང་ཁྲག་ཚིལ་བསགས་པ་དང་ཚོན་པོར་འགྱུར་མི་སྲིད། གསུམ་པ། སོ་རུས་པའི་ནུས་པ་ཇེ་མཐོ་འགྲོ་བ། བཞི་པ། རྒྱུ་ནད་སོགས་ལ་ཕན་པ་ཡོད།

རུས་ཇ་བཤད་པ།

  ཉག་རོང་ཡུལ་སྐད་ལ་རུས་པ་ཇ་ཡང་ཟེར། རྒྱུ་གཙོ་བོ་ནི་གོང་ལྟར་ཇ་རྡུང་ཕྱེ་དེ་ཡིན། སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ་བཏབས། དེ་ནས་ཇ་རྡུང་ཕྱེ་བཏབ། བོད་ཚྭ་སོགས་ཚྭ་རིགས་བཏབས། དེ་ནས་སྒོ་ཟོག་སེམས་ཅན་ཀྱི་རུས་པ་གསར་རྙིང་འཕེན། ཡུན་རིང་པོ་བསྐོལ་ནས་བཏུང་བྱའི་རིགས་ལ་ཟེར། བྲོ་བ་ནི་རུས་པ་དང་ཤའི་དྲི་བྲོ། དེའི་ཕན་ནུས་ལ་རིགས་གཉིས་ཡོད་དེ།་རིགས་དང་པོ་ནི་མཁལ་མ་གསོ་བ་དང་།ལུས་སྟོབས་རྒྱས་པ། སྐེད་པ་དང་པུས་མོ་ལ་ཤུགས་མེད་པ་དང་། གཅིན་པ་གཏོང་བ་ན་ཟུག་ཅན་ན་ཟུག་ཆུང་ཆུང་གཏོང་བ། དེ་བཞིན་རུས་པ་ན་བ་སོགས་ཀྱི་ནད་རིགས་སྨན་བཅོས་བྱེད་ཐུབ། རིགས་གཉིས་པ། ཁྲག་གསོ་བ་དང་།ཕོ་བ་བདེ་ཐང་ཡོང་བ། མཚེར་བ་ཉམས་ཞན་དུ་འགྲོ་བ་བཅས་ལ་ཕན་ནུས་ཡོད། དེ་དོ་སྣང་བྱེད་དགོས་ས་ནི་ཚ་བ་རྒྱས་པ་དང་། སོ་ན་བ། ཁ་ལྕེ་ལ་རྨ་བྱུང་བ་སོགས་མེ་ནད་ཕོག་མཁན་དང་ཁྲག་ཤད་རྒྱས་པ་དག་གིས་བཏུང་མི་ཆོག། ཇ་རིགས་མི་འདྲ་བ་གཞན་དང་ཆང་བཅས་མཉམ་དུ་འཐུང་མི་རུང་ངོ་། །

ཚིལ་ཇ་བཤད་པ།

  ཉག་རོང་ཡུལ་སྐད་ལ་ཚིལ་ཇ་ལ་ཚིས་ཇ་ཟེར། རྒྱུ་གཙོ་བོ་ནི་གོང་ལྟར་ཇ་རྡུང་ཕྱེ་དེ་ཡིན། སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ་བཏབས། དེ་ནས་ཇ་རྡུང་ཕྱེ་བཏབ། བོད་ཚྭ་སོགས་ཚྭ་རིགས་བཏབས། དེ་ནས་སྒོ་ཟོག་སེམས་ཅན་ཀྱི་ཚིལ་འཕེན། དེ་ནས་ཡུན་རིང་པོ་བསྐོལ་ནས་བཏུང་བ་བྱ་བའི་རིགས་ལ་ཟེར། བྲོ་བ་ནི་སྣུམ་ཤས་ཆེ་ཞིང་ཤའི་དྲི་བྲོ། དེའི་ཕན་ནུས་ལ་ཕོ་བ་གསོ་བའི་ནུས་པ་ཧ་ཅང་བཟང་། ཕོ་བ་གྲང་བ་དང་ཟས་ཀྱི་ཡི་ག་མི་བཟང་བའི་མིས་བཏུང་བར་འཚམ། མཁལ་མ་གསོ་ཐུབ་པ་དང་ངལ་དུབ་ཆེ་བ་དང་མཁལ་མར་གྱོང་གུན་ཕོག་ནས་སྐེད་པ་ན་བ་དང་རྒྱབ་ན་བའི་མིས་བཏུང་བར་བྱ། གལ་ཏེ་ཁྲག་ཤེད་མཐོ་བའི་ནད་དང་མཆིན་པ་རྒྱས་པའི་མིས་བཏུང་བར་མི་འཚམ།

མགོ་ཇ་བཤད་པ།

  ཉག་རོང་གི་མགོ་ཇ་ལ་རིགས་གཉིས་ཡོད། རིགས་གཅིག་ནི། ཐོག་མ་སྒོ་ཟོག་གི་མགོ་དེ་གདུ་ནས་མགོ་ཁུར་དེ་གཞོང་པ་ནང་དུ་བླུག། དེ་འཁྱག་ས་བཞག་རྗེས་མགོ་ཞལ་ཟེར་བ་ཡོད་པ་དེ་ཇ་ནང་འཕེན་བ་དང་། རིགས་གཉིས་པ་དེ་སྒོ་ཟོག་མགོའི་སྤུར་མེར་བསྲེག་རྗེས། མགོ་ཤ་རུས་པ་བཅས་ཇ་ནང་འཕེན་བ་དང་གཉིས་ལ་མགོ་ཇ་ཟེར། སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ་དང་། ཇ་རྡུང་ཕྱེ། བོད་ཚྭ་སོགས་ཚྭ་རིགས་བཏབས། དེ་ནས་གོང་དུ་བསྟན་པའི་མགོ་ཞལ་དང་མགོ་ཤ་ཅི་རིགས་འཕེན་ནས་ཡུན་རིང་པོ་བསྐོལ་ཏེ་བཏུང་བ་བྱ་བའི་རིགས་ལ་ཟེར། བྲོ་བ་ནི་ཤའི་དྲི་བྲོ་ཞིང་ཅུང་ཁ་བ། སྣུམ་ཤས་ཆེ་བའོ། །དེའི་ཕན་ནུས་ལ། མཚེར་བའི་ནད་དང་། ཕོ་བ་བདེ་བ། ཁྲག་གསོ་བ། ཆུ་བསགས་པ་མེད་པར་བཟོ་བ། མིའི་ལུས་པོའི་རིམས་འགོག་ནུས་པ་ཆེ་རུ་གཏོང་བའི་ནུས་པ་ཐོན་ཐུབ་པ་དང་། མིའི་ལུས་པོའི་སྐྱེ་འཚར་དང་རྨ་ཁ་སོས་རྒྱུར་སྐུལ་འདེད་གཏོང་ཐུབ་པ་མ་ཟད་གཤགས་བཅོས་བྱས་རྗེས་སམ་ཡང་ན་ཕྲུ་གུ་བཙས་རྗེས་དང་དེ་བཞིན་རུས་པའི་ཤ་གནད་ལ་ཤུགས་མེད་པ་སོགས་ལ་ནུས་པ་ངེས་ཅན་ཐོན་སྲིད། འོན་ཀྱང་མཁྲིས་རྒྱུ་གཤེར་རྩི་མཐོ་བ་དང་། ཚིལ་མང་བ། རྒན་པ་དང་བྱིས་པ། འཇུ་ཤུགས་ཞན་པའི་མིས་མང་པོ་བཏུང་མི་རུང་ངོ་། །

གཡེར་མའི་ཇ་བཤད།

  རྒྱུ་གཙོ་བོ་ནི་གོང་ལྟར་ཇ་རྡུང་ཕྱེ་དེ་ཡིན། སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ། ཇ་རྡུང་ཕྱེ། ཚྭ་རིགས་བཅས་བཏབས། དེ་ནས་གཡེར་མ་ཅུང་ཟད་རེ་འཕེན་རྗེས་ཡུན་རིང་པོ་བསྐོལ་ནས་བཏུང་བྱ་ལ་གཡེར་མའི་ཇ་ཟེར། གཡེར་ཇ་ཡང་ཟེར། བྲོ་བ་ནི་དྲི་ཞིམ་ལ་རོ་ཚ་བ་དང་སྦྲིད་བ་ཅན་ཡིན། ཞུ་རྗེས་དྲོད། ནུས་པས་རྩ་ཁ་འབྱེད། སྲིན་ནད་གསོད། ཟས་འཇུ། ཟ་འཕྲུག་ཞི། ཆང་ནད་ལ་ཕན། གཞན་དྲི་ཞིམ་ལྡན་ཞིང་ཕོ་བ་བདེ་བ་ལ་ཕན་པ།དྲོད་འཇམ་གྱིས་གྲང་ངར་སེལ་བ། གྲང་ནད་ཀྱི་ན་ཟུག་འཇགས་པ། ཁོག་པའི་འབུ་གསོད་ཅིང་དུག་སེལ་བ། གྲང་ངར་ཆེ་ཞིང་བརླན་གཤེར་ཆེ་བའི་ནད་ལ་ཕན་པ། སོ་ན་བ་སོགས་ཀྱི་ནད་བཅོས་ཐུབ། ཁྲག་གི་གནོན་ཤུགས་ཇེ་དམའ་རུ་གཏོང་བ།། ཁྲག་རྩ་རྒྱ་བསྐྱེད་ཐུབ་པ། ཁྲག་ཤེད་ཇེ་དམའ་རུ་གཏོང་བ། ལུས་ལ་སྲིན་འབུ་མེད་པར་བཟོ་ཐུབ་པ་སོགས་ཀྱི་ཕན་ནུས་ཡོད།

ཛ་ཏུའི་ཇ་བཤད་པ།

  རྒྱུ་གཙོ་བོ་ནི་གོང་ལྟར་ཇ་རྡུང་ཕྱེ་དེ་ཡིན། སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ། ཇ་རྡུང་ཕྱེ། ཚྭ་རིགས་བཅས་བཏབས། དེ་ནས་སྨན་ཛ་ཏི་ཅུང་ཟད་རེ་འཕེན་རྗེས་ཡུན་རིང་པོ་བསྐོལ་ནས་བཏུང་བྱ་ལ་ཛྭ་ཏིའི་ཇ་ཟེར། བྲོ་བ་ནི་རོ་ཚ་བ་སྨན་དྲི་བྲོ་བ། དེའི་ཕན་ནུས་ལ། གྲང་གཞི་ཅན་དང་། སྙིང་རླུང་། གྲང་ནད་ཅན། ཕོ་བ་སྦོས་གཟེར་རྒྱག་པ། ཕོ་བ་ལ་དྲོད་མེད་པ་དང་། ཟ་མ་མི་ཞུ་པ་དང་ཟ་རྒྱུ་ཧ་ཅང་ཉུང་བ། ཟས་སྐྱུག་པའི་ནད་རྟགས་ཅན་སོགས་ལ་ནུས་པ་ཐོན་ཐུབ། ཛྭ་ཏིའི་ཇ་འཐུང་རྒྱུ་མང་དྲགས་ན་ཟས་འཇུ་དཀའ་བ་དང་དབུགས་འགག་པའི་ནུས་པ་ཡོད། འོན་ཀྱང་ནད་པའི་རྒྱུ་མའི་ནང་དུ་ཚ་བ་ཡོད་པའམ་ལུས་ལ་ཚ་བ་རྒྱས་པ་དང་། དབྱར་ཁའི་ཚ་བ་ལས་བྱུང་བའི་ཞུ་སྟོབས་ཉམས་པ་སོགས་ཀྱི་བཏུང་མི་རུང་།

ལྒ་སྐྱའི་ཇ་བཤད་པ།

  རྒྱུ་གཙོ་བོ་ནི་ཇ་རྡུང་ཕྱེ་དེ་ཡིན། སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ། ཇ་རྡུང་ཕྱེ། ཚྭ་རིགས་བཅས་བཏབས། དེ་ནས་ལྒ་སྐྱ་ཅུང་ཟད་རེ་འཕེན་རྗེས་ཡུན་རིང་པོ་བསྐོལ་ནས་བཏུང་བྱ་ལ་ལྒ་སྐྱའི་ཇ་ཟེར། བྲོ་བ་ནི་ཁ་ཚ་བ་ལ་དྲི་ཞིམ་དང་ལྡན་པའི་སྨན་དྲི་བྲོ་བ། དེའི་ཕན་ནུས་ལ། ཁྲག་རྒྱུ་བ་དང་། བད་རླུང་གི་ནད་སེལ། ཞུས་ཀྱི་རྔུལ་ཆུ་བཞུར་བ།གློ་ནད། ཕོ་བ་དྲོན་པོ། ཕོ་ཁ་སྐྱུག་མེར་ལངས་པ་སོགས་ལ་ཕན་ནུས་ཡོད། གཙོ་བོ་ཕྱི་རོལ་གྱི་གྲང་ངར་དང་ཆམ་པ་ལ་ཧ་ཅང་ཕན། གཞན་ཡང་རླུང་ནད་དང་། གྲང་ནད་སོགས་ནད་ཁ་ཤས་ལ་དམིགས་བསལ་གྱི་ཕན་པ་ཡོད།

ཁམ་བུའི་ཇ་བཤད་པ།

  སྟར་ཀའི་ཇ་ལ་ཉག་རོང་ཡུལ་སྐད་ལ་ཁམ་བུའི་ཇ་ཟེར། སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ། ཇ་རྡུང་ཕྱེ། ཚྭ་རིགས་བཅས་བཏབས། དེ་ནས་སྟར་ཀའི་ནང་སྙིང་ཅུང་ཟད་འཕེན་རྗེས་ཡུན་རིང་པོ་བསྐོལ་ནས་བཏུང་བྱ་ལ་ཁམ་བུའི་ཇ་ཟེར། བྲོ་བ་ནི་ཞིམ་ལ་ཅུང་ཙམ་ཁ་བ། དེའི་ཕན་ནུས་ལ། གཟུགས་གཞི་ཅུང་ཞན་པ་དང་། ངལ་དུབ་ཆེ་བ། ཤེད་ཤུགས་ཞན་པ། སྙིང་སྟོབས་མི་འདང་བ་བཅས་ཀྱི་མི་རྣམས་ལ་སྟར་ཀའི་ཇ་བཏུང་ན་འགྲིག་གི་རེད། འོན་ཀྱང་སྟར་ཀ་ཡང་སྣུམ་ཚིལ་རང་བཞིན་གྱི་ཟས་རིགས་ཡིན་པས་མང་པོ་བཏུང་མི་ཉན། དེ་མིན་ན་ཁྲག་ཚིལ་ཇེ་མཐོར་འགྲོ་སྲིད། སྟར་ཀའི་ཇ་ལ་མིག་གི་དབང་པོ་གསལ་ཞིང་དང་ག་འབྱེད་པ། ཀླད་པ་དྭངས་ཤིས་བློ་གསལ་བ། སྐྲ་ནག་པོའི་ནུས་པ། མཁལ་མ་གསོ་ཐུབ་པ་སོགས་ཀྱི་ཕན་པ་ཡོད། བཏུང་རྒྱུ་ཉུང་ཙམ་བྱེད་ན་འགྲིག

པི་པི་ལིང་ཇ་བཤད་པ།

  སྤྱི་པི་པི་ལིང་ནི་དྲོད་སྨན་ཞིག་གི་མིང་། དེའི་ཇ་སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་ཇ་ཐལ། ཇ་རྡུང་ཕྱེ། ཚྭ་རིགས་བཅས་བཏབས། དེ་ནས་སྨན་པི་པི་ལིང་ཅུང་ཟད་འཕེན་རྗེས་ཡུན་རིང་པོ་བསྐོལ་ནས་བཏུང་བྱ་ལ་པི་པི་ལིང་ཇ་ཟེར། པི་ལིང་ཇ་དང་དྲོད་སྨན་ཇ་ཡང་ཟེར། ཇ་དྲི་རོ་ཚ་ལ་མངར། ཞུ་རྗེས་དྲོད་དང་ལྡན་པ། དེའི་ཕན་ནུས་ལ། ཕོ་བའི་དྲོད་ཉམས་པ་དང་། བད་རླུང་གི་ནད། དབུགས་མི་བདེ་བ་སོགས་ལ་ཕན། ནད་ཁྲག་དང་ཟུངས་ཁྲག་འབྱེད་ནུས་སོ། །

འོ་སེའི་ཇ་བཤད་པ།

  འོ་སེའི་ཇ་ལ་ཉག་རོང་ཡུལ་སྐད་ལ། ཝལ་ལིའི་ཇ་ཟེར། འོ་སེ་དེ་ཤིང་སྨན་ཞིག་གི་མིང་། ཤིང་སྨན་དེའི་འབྲས་བུ་རོ་མངར། ཞུ་རྗེས་སྙོམས། ནུས་པས་གློ་ནད་སེལ། ལུད་པ་ཕྱིར་འདྲེན་པ་སོགས་ཕན་ནུས་ཡོད། དེའི་ཇ་སྐོལ་ཐབས་ནི། ཆུ་ཁོལ་ནང་དུ་འོ་སེའི་མེ་ཏོག་དང་ལོ་མ་བཏབས་རྗེས་ཡུན་ཐུང་ཙམ་བསྐོལ་ནས་བཏུང་བྱ་ལ་ཝལ་ལིའི་ཇ་ཟེར། དེའི་ཕན་ནུས་ལ། རླུང་ཚ་སེལ་བ། གློ་བའི་ཚ་བ་འདོན་པ། མགོ་ན་བ། གློ་བ་དང་མཆིན་པ་གཙང་སེལ་བྱེད་པ། ཁྲག་ཤད་དམའ་བ། མིག་གསལ་བ་སོགས་ལ་ཕན་པར་བཤད། གནའ་སྔ་མོ་ཉག་རོང་ལ་ཝལ་ལིའི་ཇ་བཏུང་མཁན་ཡོད། བར་སྐབས་ཤིག་ལ་བཏུང་མཁན་མེད་པར་ལྟ་བུ་ཆགས། དེང་སང་ཡང་ཝལ་ལིའི་ཇ་བཏུང་མཁན་ཇེ་མང་འགྲོ་བཞིན་ཡོད། རྒྱུ་མཚན་ནི། ཝལ་ལིའི་ཇའམ་འོ་སེའི་ཇ་དེ་ཁྲག་ཚིལ་དང་ཁྲད་ཤད་དམའ་བ་སོགས་ལ་ཕན་པ་ཡོད་པས་སོ། །

འོ་ཇ་བཤད་པ།

  སྐོལ་ཐབས་ནི། ཆུ་གྲང་མོ་ནང་འོ་མ་བླུག། དེ་ནས་གོང་དུ་བསྟན་པའི་ཇ་ལོ་དང་ཇ་རྡུང་ཕྱེ་གང་རུང་བཏབས་ནས་སྐོལ་བ་ལ་འོ་ཇ་་ཟེར། ཇ་དཀར་ཡང་ཟེར། འོ་ཇ་ནང་དུ་ཚྭ་བླུག་མིན་ཅི་རིགས་ཡོད། འོ་མའི་དྲི་བྲོ་ལ་ཞིམ་མངར་དང་ལྡན་པ། དེ་ཡི་ཕན་ནུས་ནི། ངལ་དུབ་ཞི་ལྷོད་དུ་གཏོང་བ་དང་། སེམས་རྣལ་དུ་ཕབ་པ། སེམས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ནུས་པ་ཡོད་པ་དང་། གཉིད་མི་ཁུག་པར་ཕན་པ་ངེས་ཅན་ཞིག་ཡོད། འོ་མར་ཀལ་གྱི་འབྱུང་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ།་རུས་པ་དང་སོ་སྐྱེ་བར་ཕན་ཐོགས་ཡོད་པ། ལྷག་པར་དུ་གཞོན་ནུ་ལོ་ཆུང་དང་བྱིས་པའི་ངོས་ནས་བཤད་ན། གཟུགས་པོ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་ཐུབ་པ་དང་། ལུས་པོ་བདེ་ཐང་ཡོང་བ། རྒ་རྒན་དང་གཟུགས་པོ་ཞན་ཞིང་ནད་མང་བ། ཁྲག་ཚིལ་མཐོ་བ། ཀླད་པའི་ཁྲག་སྦུག་གི་ནད་སོགས་ལ་ཕན་པ་ཡོད་དོ། །

ཇ་ནག་བཤད་པ།

  སྐོལ་ཐབས་ནི་ཆུ་ནང་ཇ་ཡི་ལོ་མ་བཏབས་ནས་སྐོལ་བ་ལ་ཇ་ནག་ཟེར། ཇ་དྭངས་ཡང་ཟེར། ཇ་ནག་ནང་དུ་ཚྭ་བླུག་མིན་ཅི་རིགས་ཡོད། ཇ་ནག་གི་དྲི་ལ་ཇ་རིགས་མི་འདྲ་བ་ལ་བྲོ་བ་ཡང་མི་འདྲ་བ་ཡོད། ཇ་དྭངས་འཐུང་བའི་བཟང་ཆ་གཙོ་བོ་གསུམ་ཡོད། ༡ ཁྲག་ཚིལ་ཇེ་དམའ་རུ་གཏོང་བའི་ནུས་པ་ལྡན་པ་དང་།སྙིང་ཁྲག་འདོན་སྤྲོད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་ཐུབ། མགོ་ན་བ་དང་མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་ཞི་ལྷོད་དུ་གཏོང་ཐུབ། ༢ སྙིང་ནད། ཁྲག་ཤེད་མཐོ་བ། སྙིང་ཤ་སྒྲིམ་ནས་ཤི་བ་སོགས་ལ་སྔོན་འགོག་བྱེད་ཐུབ། ༣ ཀླད་པ་གསལ་པོ་ཡོང་བ་བྱེད་ཐུབ་པ་སོགས་བདེ་ཐང་ལ་ཕན་པ་ཡོད།

མར་ཇ་བཤད་པ།

  མར་ཇ་ཞེས་པ་ནི་དམིགས་བསལ་ཅན་ཞིག་ཡིན། དེ་ནི་མེ་དང་ཆུ་ཐབ་ཀ་མེད་པའི་རི་མཐོ་ས་ལྟ་བུ་ལ་ཇ་ཕྱེ་དང་མར་མཉམ་དུ་བརྫིས་ནས་ལག་པའི་མཛུབ་མོ་ལྔས་བཅངས་པའི་ཟན་རྡོག་ཆངས་བུ་གཅིག་ཙམ་བཟའ་བར་བྱ་བའི་རིགས་ལ་ཟེར། མར་དང་ཇ་ཡི་དྲི་མ་གཏོགས་མེད། དེས་འཁྱགས་ལྟོག་གིས་མནར་དུས་ལུས་ལ་དྲོ་ཁོལ་ཅིང་བཀྲེས་སྐོམ་གྱི་གདུང་བའང་སེལ་བ་ཡིན་ནོ། །དེ་ཡན་ཆན་ནི་ཉག་རོང་བ་མིའི་ཚོར་བ་དང་འབྲེལ་བའི་ཇ་ཡི་དབྱེ་བཤད་ཙམ་བསྟན་པ་ཡིན་ནོ། །

མཛོ་ཇ་བཤད་པ།

  སྤྱིར་ཉག་རོང་བ་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་ནི། ཉག་རོང་གི་ཡུལ་ལ་གྲགས་པའི་རྒྱ་ཡི་ལོ་སར། བོད་ཀྱི་བཅུ་གསུམ། ཟེར་བའི་དུས་སྟོན་བཅུ་གསུམ་དུས་སྐབས་ཟ་རྒྱུའི་རིགས་ཐམས་ཅད་ལས་འདེ་གུ་བཟོས་པའི་ཟས་ཚོགས་དེ་ནི་ཡར་ལྷ་སྐལ། བར་གཟའ་ཚང་གི་སྐལ་བ། སྒོ་ཟོག་དུད་འགྲོའི་སྐལ་བར་བཅས་བྱེད་སྲོལ་ཡོད། འདེ་གུ་ཟེར་བ་དེ་ནི་རྩམ་པ་དང་། ཆང་ཕབ། ཆུ་གསུམ་བསྲེས་ནས་དྲོད་སར་བསྙལ་ནས་བཟོས་པའི་ཟས་རིགས་ཤིག་ཡིན། དེ་བཞིན་དུ་ཉག་རོང་བས་ཞོན་པ་རྟ་ལ་རྟ་ཇ་ཟེར་བ་དང་། ཞིང་རྨོ་བའི་མཛོ་ལ་མཛོ་ཇ་ཟེར་བ་བསྐོལ་སྲོལ་ཡོད། མཛོ་ཇ་ཟེར་བ་ནི། ཇ་ཡི་ལོ་མས་བསྐོལ་པའི་ཇ་ནག་ནང་དུ་ཚྭ་དང་ཇ་ཐལ། ཟོ་ཤེ་ཉུང་ཙམ་འཕེན་ནས་སྐོལ་བའི་ཇ་ལ་ཟེར། མཛོ་ཇའི་ཇ་ཐལ་ལ་ཉག་སྐད་དུ་མཛོ་ཐས་ཟེར། དམིགས་བསལ་དུ་མཛོ་ཇའི་ཆེད་དུ་བཏབ་པའི་ཇ་ཐལ་ལ་གོ ། མཛོ་ཇ་དེ་དུས་རྒྱུན་པར་མི་སྐོལ། དབྱར་རྨོས་དང་དཔྱིད་རྨོས་གཉིས་ཀྱི་སྐབས་སུ་མཛོ་ལ་ཇ་བསྐོལ་བའི་སྲོལ་ཡོད། དེ་ནི་མཛོ་ཡི་ནུས་ཤུགས་བཏོན་པའི་ཆེད་དུའོ། །

ཉག་ཇ་བཏུང་ཚུལ་བཤད་པ།

  སྔོན་ཆད་ལྷ་ས་མི་རྣམས་ཀྱིས། ཉག་རོང་བའི་མི་དེ་མཚར་བོ་རེད། ཇ་ཁོལ་མོ་དེ་ཚ་བཏུང་བྱེད། ཆང་འཁྱག་པོ་དེ་ག་ལེར་འཐུང་། ང་ཚོ་ལྷ་ས་བ་ནི། ཇ་ཚ་མོ་དེ་དལ་མོ་བཏུང་། ཆང་བསིལ་མོ་དེ་ཚ་འཐུང་བྱེད། ཟེར་བའི་བཤད་སྲོལ་ཞིག་ཆགས་ཡོད་པར་གྲགས། ཉག་རོང་བའི་མི་གཤིས་ལ་ངོ་མ་ཇ་ཚ་མོ་དེ་ཅུང་ཙམ་ཚ་བཏུང་བྱེད། ཆང་བསིལ་མོ་དེ་དལ་མོ་བཏུང་། ཉག་རོང་བས་ཉག་ཇ་རིགས་གང་ཞིག་བཏུང་བའི་ཚེ། ཐོག་མ་ཡར་དཀོན་མཆོག་གསུམ་ལ་ཇ་མཆོད་ལན་གསུམ་འཕེན། དེ་ནས་རང་གིས་བཏུང་བར་བྱ། རི་འགོ་སོགས་ལ་འགྲོ་སྐབས་ཇ་བཏུང་འཕྲོའི་ཇ་ལོ་དང་ཇ་སྙིགས་ཡོད་ན་ཐལ་རྡོའི་སྟེང་དུ་བཞག། ཇ་བཏུང་འཕྲོ་ཡོད་པ་དེ་ཐལ་ཀའི་གཡས་གཡོན་སོགས་ལ་བཀྲམ། དེ་ཡང་མར་རིགས་དྲུག་ལ་སྦྱིན་པ་དང་། ཡང་ན་ཡུལ་དེ་ན་གནས་པའི་གཟུགས་མེད་ཀྱི་སེམས་ཅན་ལ་ཇ་ཡི་སྦྱིན་པ་བཏང་བར་བཤད། ཇ་མཆོད་འབུལ་སྟངས་ལའང་། ཁྲོ་ནང་གི་ཇ་དེ་ཁོལ་བའི་ཚེ། ཇ་སྐྱོགས་ཀྱིས་ཇ་མཆོད་ལན་གསུམ་འབུལ། ཇ་དེ་རང་གི་ཇ་ནེ་ནང་དུ་བླུག་རྗེས། ལག་གཡས་ཀྱི་སྲིན་མཛུབ་དེས་ཇ་ཕོར་ནང་གི་ཇ་ལ་ཐུག་ཙམ་བྱེད་རྗེས་ཡར་ལ་མཆོད་པ་ལན་གསུམ་འཕེན། དེ་ནས་རང་གིས་བཏུང་བ་དང་། གཞན་ལ་ཇ་འདྲེན་པ་སོགས་བྱེད་སྲོལ་ཆགས་ཡོད། དེ་ཡང་ཉག་རོང་གི་སྲོལ་རྒྱུན་རིག་གནས་དང་། ཡར་ལྷ་ལ་མཆོད་པ། བར་མི་ལ་ཇ་འདྲེན། འོག་སེམས་ཅན་ལ་སྦྱིན་པ་ཟེར་བར་གྲགས་སོ། །དེ་ཡང་སྔོན་ཆད་སྟོན་པ་གཤེན་རབ་བོད་ཡུལ་དུ་ཕེབས་སྐབས། བོད་ཀྱི་བོན་པོ་རྣམས་ལ། ཡང་ལྷ་མཆོད། མར་འདྲེ་བཀར། ཐད་དུ་ཡུགས་ཕོག་ཅེས་པའི་དོན་དང་འབྲེལ་སྙམ།

རྟ་ཇ་བཤད་པ།

  གོང་དུ་བཤད་མ་ཐག་པར་ལྟར་དུ་ཞོན་པ་རྟ་ལ་རྟ་ཇ་བསྐོལ་སྲོལ་ཡོད། རྟ་ཇ་ཟེར་བ་ནི། ཇ་ཡི་ལོ་མས་བསྐོལ་པའི་ཇ་ནག་དྭངས་མ་སྐོལ་བའི་ཇ་ལ་ཟེར། རྟ་ཇ་དེ་ཡང་དུས་རྒྱུན་པར་མི་སྐོལ། རྟ་རྒྱུག་མདའ་འཕེན་བའི་སྐབས་སུ་རྟ་ལ་ཇ་བསྐོལ་བའི་སྲོལ་ཡོད། དེ་ནི་རྟ་མགྱོགས་པའི་ཆེད་དུའོ། །

སྤྱི་ཉག་ཇ་ཡི་ཕན་ནུས་བཤད་པ།

  སྤྱིར་བོན་གཞུང་རྣམས་སུ་ཇ་ཡི་ཉེས་དམིགས་བཤད་ས་ཡང་ཡོད། དེ་ནི་ཇ་དང་འབྲེལ་བའི་སྡིག་པའི་ལས་བསགས་པ་ལ་དགོངས་ནས་གསུང་བར་མངོན། དངོས་པོ་གང་ཞིག་ལ་ལེགས་ཉེས་གཉིས་དང་། བཟང་ངན་གཉིས། ཕན་གནོད་གཉིས། ཡག་གཙོག་གཉིས་རེ་ཡོད་པ་ནི་དངོས་པོའི་རང་གཤིས་སོ། །ཉག་ཇ་ཡི་ཕན་ནུས་ལ་ཕོ་བ་རྒྱགས་པ་དང་། ཁྲག་གི་རྒྱུ་བ་མི་སྙོམ་པ་སྙོམས་པ་བྱེད་པ། ལུས་ཀྱི་ཚད་པ་སེལ་བ། རླུང་ཟད་པ་གསོ་ཞིང་ལུས་ཡང་བར་བྱེད། མིག་གི་དབང་པོ་གསལ་ཞིང་དང་ག་འབྱེད་པ། སྐོམ་དད་སེལ་བར་བྱེད་པ་སོགས་ཀྱི་ཕན་ནུས་ཡོད་དོ། །
མཆན།
① ཇ་ཡི་སྐོར་བསྟན་པ་འདི་ནི། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ» པོད་བཅོ་བརྒྱད་པ། «འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་ཁྱིམ་སྤང་རབ་ཏུ་བྱུང་བའི་མདོ» སྟོན་པ་གཤེན་རབ་མི་བོས་གསུང་། བློ་ལྡན་སྙིང་པོའི་སྙན་རྒྱུད།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤ༢༥༦
② ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ» པོད་བཅོ་བརྒྱད་པ། «འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་ཁྱིམ་སྤང་རབ་ཏུ་བྱུང་བའི་མདོ» སྟོན་པ་གཤེན་རབ་མི་བོས་གསུང་། བློ་ལྡན་སྙིང་པོའི་སྙན་རྒྱུད།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤ༢༥༦

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།