སྒོ་འཛུང་བཀའ་འགྱུར་དཀར་ཆག་ལ་དཔྱད་པ།

[ཟླ་ཚེས། 2022-10-02 17:52:26][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དེང་བཙན་ལྷ་རྫོང་ན་ཡོད་པའི་གྱང་རིས། པར་ལེན་མཁན་ནི། 范久辉

  [ནང་དོན་གནད་བསྡུས] དཔྱད་རྩོམ་འདིར་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེའི་དཀའ་ཆག་དེའི་མིང་གི་གོ་དོན་དང་། དཀར་ཆག་སྒྲིག་པ་པོ་ངོ་སྤྲོད་པ་དང་། དཀར་ཆག་ནང་གི་དཔེ་གཞུང་གི་བསྟན་བྱ་གཙོ་བོ་གང་ཡིན་ངོ་སྤྲོད་བཅས་བསྟན་ཡོད།

  [གནད་ཚིག] སྒོ་ཛུང་། སྒོ་འཛུང་། ནམ་མཁའ་གཡུང་དྲུང་། རྟོགས་ལྡན་ནམ་མཁའ་གཡུང་དྲུང་། བོན་གྱི་བཀའ་འགྱུར། ཆོས་ལུགས་ཀྱི་བཀའ་འགྱུར།

དཔྱད་གཞི་དཀར་ཆག་ངོ་སྤྲོད་བསྟན་པ།

  འདིར་དཔྱད་གཞི་སྒོ་འཛུང་བཀའ་འགྱུར་དཀར་ཆག་ཟེར་བའི་གནས་དཔེ་ཚན་པ་གསུམ་ཡོད། ཚན་པ་དང་པོ། རྒྱལ་རོང་མུ་རྡོ་ལྷ་གཉན་གྱིས་ལྷོ་ཕྱོགས་སུ་སྒོ་འཛུང་ནམ་མཁའ་གཡུང་དྲུང་གི་སྒྲིག་པའི་མདོ་མང་སུམ་བཅུ་པའི་རྩི་རྒྱའ་བཞུགས་སོ།།

  ཚན་པ་གཉིས་པ། བཀྲ་ཤིས་མདོ་མང་གིས་རྩིས་བརྒྱ་ཐོ་ཡིག་དབུས་ཕྱོགས་བཞུག་ལ་སྨར་རོ།།

说明: 1cde7d4ead0da1e5850d20aeba5344d

  ཚན་པ་གསུམ་པ། གཡུང་དྲུང་བོན་གྱི་སེམས་སྡེ་སྔགས་སྡེ་མདོ་འབུམ་སྡེ་སོ་སོར་ཕྱེ་བའི་བཀའ་འགྱུར་རྒྱལ་རོང་མུ་རྡོ་ལྷ་གཉན་ལྷོ་ཕྱོགས་རོང་ཡུལ་དུ་བཞུགས་ཡོད་ཟེར་བ་དེའི་དཔེ་རྩིས་སོ།།

说明: 9d9e9e746be9a45f7d15f8bbfee2cb5

  དེ་གསུམ་ལ་ནི་མདོ་སྨད་རྔ་བ་ཁུལ་ཟིང་ཆུ་རྫོང་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་དུ་བཞུགས་པའི་བཀའ་འགྱུར་རྩིས་ཐོ་བཞུགས་པའོ། །ཞེས་པའི་དཔེ་རྙིང་གསུམ་པོ་དེ་རིན་སྤུངས་ཚུལ་བསྟན་ཁོང་གིས་མཁོ་འདོན་གནང་བྱུང་། ཚན་པ་གསུམ་པོ་དེ་སྒོ་འཛུང་ནམ་མཁའ་གཡུང་དྲུང་གིས་བསྒྲིགས་པ་ཡིན་མིན་དེ་ལ་དཔྱད་གཞི་ཡོད་པ་དང་། གང་ལྟར་ཡང་ཚན་པ་དང་པོ་དེ་སྒོ་འཛུང་ནམ་མཁའ་གཡུང་དྲུང་གིས་བསྒྲིགས་པ་ཡིན་པ་ནི་མཚན་གྱི་ཚིག་ཟུར་ལས་གསལ་ལོ། །

དཀར་ཆག་མཚན་གྱི་ཁྱད་བོན་ལ་དཔྱད་པ།

  བོད་ཀྱི་རིག་གཞུང་པོད་ཏི་དང་དེབ་ཐེར་སོགས་ཀྱི་མཚན་དེ་གསོལ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པ་ལས། འདིར་གོང་དུ་བསྟན་པའི་དཀར་ཆག་ཚན་པ་གསུམ་གྱི་མཚན་ལ་ཁྱད་ཆོས་མི་འདྲ་བ་གསུམ་ཡོད། ཚན་པ་དང་པོའི་མཚན་གྱི་ཁྱད་ཆོས་ནི། དཔེ་ཆ་དེའི་མཚན་ལ་དཔྱད་ན། རྩོམ་པ་པོ་འཁྲུངས་ཡུལ་ལམ་རྩོམ་སའི་ས་ཕྱོགས་ནི་རྒྱལ་རོང་དམུ་རྡོ་ལྷ་གཉན་གྱི་ལྷོ་ཕྱོགས་སྒོ་འཛུང་ཟེར་བའི་ས་ཆ་དེ་ཡིན་པ་དང་། རྩོམ་པ་པོ་ནི་སྒོ་འཛུང་ནམ་མཁའ་གཡུང་དྲུང་ཡིན་པ་དང་། རྩོམ་པ་པོས་བརྩམས་པའི་ཡིག་ཆ་དེས་བརྗོད་བྱ་གཙོ་བོ་ནི་མདོའི་སྐོར་སོགས་རྒྱལ་བའི་བཀའ་ཡིན་པ་དང་། རྗོད་བྱེད་ལ་ཀ་སྨད་སུམ་ཅུ་ལ་གཞལ་ནས་མདོ་མང་རྣམ་གྲངས་སོ་གསུམ་ཡོད་པ་བསྟན་ཡོད། ཚན་པ་དེ་ཡི་ནང་དུ་ཐ་སྙད་རྙིང་བ་དང་དཔེ་གཞུང་གི་ཐ་སྙད་རྙིང་བ་མང་པོ་ཡོད་པ་མ་ཟད། དྲི་མེད་གཟི་བརྗིད་ལས་གཞན་པའི་པོད་རེ་རེའི་ལེའུ་དང་ལེ་ཚན་གསལ་བ་བསྟན་འདུག།

  ཚན་པ་གཉིས་པའི་མཚན་གྱི་ཁྱད་ཆོས་ནི། སྤྱིར་བཏང་བཀྲ་ཤིས་མདོ་མང་ཞེས་པ་དེ་ནི་མདོ་གཙོ་བོ་བསྟན་པའི་དཔེ་ཆའམ་རྩིས་རྒྱ་ཞིག་ལ་གོ་དགོས་སྙམ།

  མཁན་ཆེན་ཉི་མ་བསྟན་འཛིན་གྱི་བཀའ་འགྱུར་བརྟེན་འགྱུར་གྱི་དཀར་ཆག་ནང་དུ་བསྟན་པའི་བཀྲ་ཤིས་མདོ་མང་ཞེས་པ་དེ་ནི་དཔེ་ཆ་འདི་ཡིན་པར་འདྲ [1]། བོན་གྱི་ལོ་རྒྱུས་སྟེང་བཀྲ་ཤིས་མདོ་མང་གི་རྩིས་རྒྱ་ཟེར་བའི་དཔེ་ཆ་གཉིས་ཙམ་འདུག། འདིར་བསྟན་གྱི་བཀྲ་ཤིས་མདོ་མང་གི་རྩིས་རྒྱ་ཐོ་ཡིག་དང་། ཀུན་གྲོལ་གྲགས་པས་མཛད་པའི་བཀའ་རྒྱུད་བཀྲ་ཤིས་མདོ་མང་གི་དཔེ་རྩིས་གཉིས་ཡོད། དེ་གཉིས་ཀྱི་ཚིག་སྦྱོར་དང་ནང་གི་དཔེ་རྩིས་གྲངས་སོགས་མི་འདྲ་ས་མང་པོ་འདུག། ལྷག་པར་དུ་འདིར་བསྟན་གྱི་བཀྲ་ཤིས་མདོ་མང་ཞེས་པའི་ནང་དུ་ཆོས་ལུགས་ཀྱི་བཀའ་འགྱུར་རྩིས་རྒྱ་ཞེས་པའི་ལེ་ཚན་ཞིག་ཀྱང་ཡོད། དཔེ་ཆ་འདི་གཙོ་བོ་ཧོར་ཁོག་རྒྱ་བཟང་དང་དགེ་བཤེས་རྒྱལ་པོའི་སྤྱི་རྫོགས་སུ་བཞུགས་པའི་མདོ་སྔགས་འདྲེས་མའི་བཀྲ་ཤིས་མདོ་མང་གི་རྩིས་རྒྱ་ཞིག་ཡིན་པ་ནི་གཞུང་དེའི་ནང་དུ་བསྟན་ཡོད།

  ཚན་པ་གསུམ་པའི་མཚན་གྱི་ཁྱད་ཆོས་ནི། གཡུང་དྲུང་བོན་གྱི་བཀའ་འགྱུར་ལ་དབྱེ་བཤད་མཛད་སྐབས། དང་པོ་དེ་སེམས་སྡེ་དང་། གཉིས་པ་སྔགས་སྡེ། གསུམ་པ་མདོ་སྡེ། བཞི་པ་འབུམ་སྡེ་སྟེ་བཞིར་དབྱེ་ཡོད། འདི་དང་བཀའ་ལ་དབྱེ་ན་མདོ་འབུམ་རྒྱུད་མཛོད་ཅེས་པའི་བཀའ་ཡི་གོ་རིམ་སྒྲིག་སྟངས་དང་ཐ་སྙད་སོགས་མི་འདྲ་བས་ཁྱད་ཆོས་ཡོད། སེམས་སྡེ་སྔགས་སྡེ་མདོ་སྡེ་འབུམ་སྡེ་བཅས་ཡོད་པའི་བཀའ་འགྱུར་དེ་ནི་རྒྱལ་རོང་མུ་རྡོ་ལྷ་གཉན་ལྷོ་ཕྱོགས་རོང་ཡུལ་དུ་བཞུགས་ཡོད་པ་དང་། བཀའ་འགྱུར་དེའི་དཀར་ཆག་གམ་རྩིས་རྒྱ་ལ་དཔེ་རྩིས་ཟེར་བ་སོགས་ཁྱད་ཆོས་ཡོད་དོ། །དཔེ་རྩིས་ཞེས་པའི་ཐ་སྙད་དེ་དུས་ནམ་ཙམ་ཞིག་ལ་དར་ཡོད་པ་སོགས་ལ་དཔྱད་རྒྱུ་ཡོད་སྙམ། །

མདོ་མང་ཞེས་པའི་ཐ་སྙད་ལ་དཔྱད་པ།

  སྤྱི་མདོ་མང་ཞེས་པའི་གོ་དོན་ལ་ལྔ་ཡོད། གཅིག། སངས་རྒྱས་ཤིག་གི་མཚན་ཏེ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ལས། གཤེན་རབ་མཆོག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ། མཐའ་ཡང་རྒྱལ་པོའི་སངས་རྒྱས། གཙུག་ཕུད་མདོ་མང་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གཉིས། ཞང་ཞུང་འོལ་མོ་ལུང་རིང་གི་གླིང་ཞིག། གསུམ། བོན་གྱི་དཔེ་ཆ་ཞིག། གུ་རུ་བན་ཆུང་གི་གཏེར་མ་ལྗོན་པ་བཀྲ་ཤིས་མདོ་མང་། བཀྲ་ཤིས་མདོ་མང་གི་རྩིས་རྒྱ། བཞི། མདོ་རྐྱང་པ་བསྟན་པའི་མདོ་ཡི་སྡེ་ཚན། ལྔ། དཀར་མཛེས་ཁུལ་བྲག་མགོ་རྫོང་གི་ཁོངས་སུ་གཏོགས་པའི་ས་ཆ་ཞིག་གི་མིང་། འདིའི་སྐབས་ཀྱི་མདོ་མང་ཞེས་པ་ནི་མདོའི་སྡེ་ཚན་ལ་གོ་དགོས། མཚན་གྱི་ཚིག་ཟུར་མདོ་མང་སུམ་ཞེས་པ་ནི་གཞུང་འདིར་བསྟན་གྱི་མདོ་མང་གསུམ་ཡོད་དེ། མདོ་མང་སུམ་ཅུ་པའི་རྩིས་རྒྱ། བཀྲ་ཤིས་མདོ་མང་གི་རྩིས་རྒྱ། ཆོས་ལུགས་པའི་བཀའ་འགྱུར་མདོ་མང་སོ་གཉིས་ཀྱི་རྩིས་རྒྱ་དང་གསུམ། ཡང་མཚན་དེའི་ཚིག་ཟུར་དུ་གསུམ་བཅུ་པ་ཞེས་པ་ནི་བརྡ་རྙིང་གྱི་བརྗོད་སྟངས་ཤིག་ཡིན་ཏེ། མདོ་རྐྱང་པ་བསྟན་པའི་སྡེ་ཚན་གསུམ་ལ་པོད་སུམ་ཅུ་ལྷག་རེ་ཡོད་པའི་དོན་ཡིན། རྩི་རྒྱས་ཞེས་པའི་འབྲི་ནོར་རམ་ཐ་སྙད་རྙིང་པ་གང་ཡིན་གསལ་ཁ་མེད་ཀྱང་། དོན་དུ་དེང་སང་རྩིས་རྒྱ་དང་དཀར་ཆག་ཟེར་བའི་དོན་ཡིན་ནོ།།

དཀར་ཆག་སྒྲིག་པ་པོ་ལ་དཔྱད་པ།

  རྒྱལ་རོང་མུ་རྡོ་ལྷ་གཉན་གྱིས་ལྷོ་ཕྱོགས་སུ་སྒོ་འཛུང་ནམ་མཁའ་གཡུང་དྲུང་གི་སྒྲིག་པའི་མདོ་མང་སུམ་གསུམ་བཅུ་པའི་རྩི་རྒྱས་བཞུགས་སོ།། ཞེས་པའི་ཚིག་ལ་བརྟག་ན་དཀར་ཆག་སྒྲིག་པ་པོ་ནི་སྒོ་འཛུང་ནམ་མཁའ་གཡུང་དྲུང་ཡིན་པ་ལ་ཐེ་ཚོམ་མི་དགོས། འོན་ཀྱང་། སྒོ་ཛུང་རྒྱལ་བའི་དཀར་ཆག་འདི་རྩོམ་པ་པོ་དེ་སྒོ་ཟུང་ནམ་མཁའ་གཡུང་དྲུང་ཡིན་མིན་ལ་དོགས་པའི་གནས་ཞིག་ཡོད་པ་ནི། དཔེ་གཞུང་དེའི་མཇུག་བྱང་དུ། བམ་པོ་གསུམ་བཅུ་སོ་གསུམ་པ་འདི། སྒོ་ཛུང་རྟོགས་ལྡན་ནམ་མཁའ་གཡུང་དྲུང་དང་གྱུར་པ་འོད་ཟེར་རྒྱལ་མཚན་ལ་སོགས་པ་དཔོན་སློབ་རྣམས་ཀྱི་སྔགས་སྡེ་སེམས་སྡེ་སོགས་མ་འདྲེས་པའི་མདོ་གཟུངས་ཁོ་ནས་ཕྱོགས་གཅིག་དུ་བཞེངས་པའི་དཔེ་རྩིས་འདི་ནི། ཞེས་པ་ལ་བརྟག་ན་སྒྲིག་པ་པོའི་མི་སྣ་ལ་གྱུར་པ་འོད་ཟེར་རྒྱལ་མཚན་སོགས་ཡོད་པ་ཤེས་སླའོ། །དཔེ་རྩིས་དེ་རྒྱལ་རོང་སྟོད་སྨད་ཀུན་ཏུ་ཡོད་པ་བཞེད་འདུག། སྡེ་ཚན་གཉིས་པ་བཀྲ་ཤིས་མདོ་མང་གིས་རྩིས་བརྒྱ་ཐོ་ཡིག་དབུས་ཕྱོགས་བཞུག་ལ་སྨར་རོ།ཞེས་དཀར་ཆག་དེ་ནི་ཧོར་ཁོག་རྒྱ་བཟང་དང་དགེ་བཤེས་རྒྱལ་པོའི་སྤྱི་རྫོགས་སུ་བཞུགས་པའི་མདོ་སྔགས་འདྲེས་མའི་བཀྲ་ཤིས་མདོ་མང་གི་དཔེ་རྩི་ཞིག་ཡིན་པར་བསྟན་ཡོད། ཀུན་གྲོལ་གྲགས་པས་བརྩམས་པའི་བཀའ་རྒྱུད་བཀྲ་ཤིས་མདོ་མང་གི་དཔེ་རྩིས་དེ་ཡང་འདི་ལ་བསྟེན་ནས་བརྩམས་པ་ཡིན་མིན་དཔྱད་རྒྱུ་ཡོད་སྙམ། འདིར་ཧོར་ཁོག་རྒྱ་བཟང་དང་དགེ་བཤེས་རྒྱལ་པོ་སོགས་དུས་རབས་ནམ་ཞིག་ལ་བྱོན་པ་སོགས་ལ་དཔྱད་རྒྱུ་འདུག།

སྒོ་འཛུང་ཞེས་པའི་ཐ་སྙད་ལ་དཔྱད་པ།

  སྒོ་འཛུང་ཞེས་པའི་ཐ་སྙད་དེ་ལ་དཔལ་ཚུལ་གྱི་བསྟན་འབྱུང་སོགས་ལས་སྒོ་ཛུང་དང་། ཞང་བོད་ཚིག་མཛོད་སོགས་ལས་སྒོ་འཛུངས་ཞེས་བྲིས་འདུག། ཐ་སྙད་དེ་ལ་མཁས་པ་ལ་ལས་རྒྱལ་རོང་ཡུལ་གྱི་རུས་མིང་རྩ་ཆེན་ཞིག་ཡིན་ངེས་ཞེས་གསུང་བ་ཡང་ཡོད[2]། འོན་ཀྱང་། བོན་གྱི་ཡིག་ཚང་མང་ཕྱོགས་སུ་རྒྱལ་རོང་ཡུལ་གྱི་ས་མིང་བྱེ་བྲག་པ་ཞིག་ལ་ངོས་འཛིན་གནང་འདུག[3]། ས་ཆ་དེ་ཡང་ད་ལྟ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་བསེའུ་ཙུ་ཤང་སྒོ་འཛུང་གྲོང་ཚོ་ཞེས་པ་དེ་ཡིན་པ་ནི་ཞང་བོད་ཚིག་མཛོད་ཆེན་པོ་ནང་དུ་གསལ[4]། དེ་ལ་རྒྱ་སྐད་དུ་“格宗乡”ཞེས་བྲིས་ཡོད། དཀར་ཆག་མཚན་གྱི་ཚིག་ཟུར་དུ་རྒྱལ་རོང་དམུ་རྡོ་ལྷ་གཉན་གྱིས་ལྷོ་ཕྱོགས་ཞེས་པ་དེས་ཀྱང་ས་མིང་ཞིག་ཡིན་པར་བསྟན་ཐུབ་བོ། །ས་ཆ་དེ་ལ་བོན་གྱི་བླ་མ་སྒོ་ཛུང་ནམ་མཁའ་འོད་ཟེར་དང་། སྒོ་ཛུང་བློ་གྲོས་རྒྱལ་མཚན། སྒོ་ཛུང་ནམ་མཁའ་གཡུང་དྲུང་། སྒོ་ཛུང་རིན་ཆེན་རྒྱལ་མཚན། སྒོ་ཛུང་ཚུལ་ཁྲིམས་རྒྱལ་མཚན། སྒོ་ཛུང་རྒྱལ་མཚན་འོད་ཟེར་སོགས་བོན་གྱི་མཁས་གྲུབ་མང་པོ་སྐུ་འཁྲུངས་བའི་གནས་ཁྱད་པར་ཅན་ཞིག་ཡིན། བླ་མ་དེ་དག་གི་རུས་རིགས་མི་འདྲ་བའི་ཚུལ་ནི་བླ་མ་དེ་དག་གི་རྣམ་ཐར་ལས་གསལ་ལོ། །

དཀར་ཆག་སྒྲིག་པ་པོ་འཁྲུངས་ལོ་ལ་དཔྱད་པ།

  དཀར་ཆག་སྒྲིག་པ་པོ་ནི་སྒོ་ཛུང་ནམ་མཁའ་གཡུང་དྲུང་ཞེས་པ་དེ་ཡིན། ཁོང་ལ་སྒོ་ཛུང་རྟོགས་ལྡན་ནམ་མཁའ་གཡུང་དྲུང་ཡང་ཟེར། སྔ་སྒོ་ཛུང་གི་ཁོངས་སུ་གཏོགས། དེང་སང་བཙན་ལྷ་ཟེར་བའི་ས་ཆ་ན་ཡོད་པའི་གྱང་རིས་ངོགས་སུ་རྩ་བའི་བླ་མ་སྒོ་ཛུང་རྟོགས་ལྡན་ནམ་མཁའ་གཡུང་དྲུང་ལ་གུ་དུན་ཧྲུན། ཞེས་བྲིས་འདུག། ཁོང་དུས་རབས་ནམ་ཙམ་ལ་བྱོན་པའི་ལོ་རྒྱུས་གསལ་བོར་མ་མཐོང་ཡང་། བོན་གྱི་ཡིག་ཚང་རྣམས་ལ་དཔྱད་བསྡུར་བྱེད་ཚེ་ཕལ་ཆེར་དུས་རབས་བཅུ་གསུམ་པའི་མཇུག་དང་བཅུ་བཞིའི་དཀྱིལ་ཙམ་ཡས་མས་སུ་རྒྱལ་རོང་གི་ཕྱོགས་སུ་སྐུ་འཁྲུངས་བ་ཨེ་ཡིན་སྙམ། ལོ་རྒྱུས་སྨྲ་བའི་དབང་པོ་མཁས་པ་དཔལ་ཚུལ་གྱི་བསྟན་འབྱུང་ལས། ཁག་གཅིག་ཀྱུ་ར་བློ་གྲོས་བཟང་པོ་ཡིས། །རབ་སྒང་ཐར་སྐས་རིན་ཆེན་དབང་ལྡན་ལ། །དེ་ཡིས་སྒོ་ཛུང་ནམ་མཁའ་གཡུང་དྲུང་དང་། །དེ་ལ་ཀྱུར་པ་འོད་ཟེར་རྒྱལ་མཚན་ཞུས། །དེ་ཡིས་སུམ་སྟོན་རིན་ཆེན་རྒྱལ་མཚན་དང་། །དེ་ནས་རོང་སྟོན་ཚུལ་ཁྲིམས་འོད་ཟེར་སོགས། །གཤེན་དང་བྲུ་ཞུ་རྨེའུ་བཅས་གཙང་ཕྱོགས་དར[5]། ཞེས་པ་ལྟར་གྱི་ཀྱུར་པ་འོད་ཟེར་རྒྱལ་མཚན་དང་ཀྱུ་ར་འོད་ཟེར་རྒྱལ་མཚན་གཉིས་གཅིག་ཡིན་མིན་བཤད་དཀའ། ཀྱུར་པ་འོད་ཟེར་རྒྱལ་མཚན་ལ་གྱུར་པ་འོད་ཟེར་རྒྱལ་མཚན་བྲིས་པའང་ཡོད། གལ་སྲིད་ཀྱུར་པ་འོད་ཟེར་རྒྱལ་མཚན་དང་ཀྱུ་ར་འོད་ཟེར་རྒྱལ་མཚན་གཉིས་མི་གཅིག་ཡིན་ན། སྒོ་ཛུང་ནམ་མཁའ་གཡུང་དྲུང་དེ་དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་དགོས། རྒྱུ་མཚན་ནི་ཀྱུ་ར་འོད་ཟེར་རྒྱལ་མཚན་དེ་ནི་དུས་རབས་བཅུ་གསུམ་པའི་ནང་དུ་སྐུ་འཁྲུངས་པར་བཤད[6]། སྒོ་ཛུང་ནམ་མཁའ་གཡུང་དྲུང་ནི་ཀྱུར་པ་འོད་ཟེར་རྒྱལ་མཚན་གྱི་བླ་མ་ཡིན་པར་གོང་དུ་དཔལ་ཚུལ་གྱི་བསྟན་འབྱུང་ལས་གསལ་ལོ། །དེ་ལྟར་ན་སྒོ་འཛུང་བཀའ་འགྱུར་དཀར་ཆག་དེ་ཡང་དུས་རབས་བཅུ་གསུམ་ནང་དུ་སྐུ་འཁྲུངས་བའི་སྒོ་ཛུང་ནམ་མཁའ་གཡུང་དྲུང་གིས་བསྒྲིགས་པའི་དཀར་ཆག་ཞིག་ཡིན་དགོས། འོན་ཀྱང་དཀར་ཆག་དེའི་ནང་དུ་མདོ་དྲི་མེད་གཟི་བརྗིད་ཀྱི་པོད་གྲངས་བཀོད་འདུག། དེ་ལྟར་ན་དུས་རབས་བཅུ་བཞི་པའི་རྗེས་ཀྱི་དཀར་ཆག་ཞིག་ཡིན་དགོས་སྟེ། མདོ་དྲི་མེད་གཟི་བརྗིད་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་ཡིན་པ་དང་། སྤྲུལ་སྐུ་བློ་ལྡན་སྙིང་པོ་ནི་དུས་རབས་བཅུ་བཞིའི་ལྕགས་བྱི་སྟེ་སྤྱི་ལོ༡༣༦༠ལོར་སྐུ་འཁྲུངས་ནི་ལོ་རྒྱུས་ཀུན་སྤྱི་མཐུན་ཡིན། སྐུ་འདས་པའི་སྐོར་ལ་ཞང་བོད་ཚིག་མཛོད་ནང་དུ་སྤྱི་ལོ༡༣༩༩ལོར་སྐུ་འདས་པ་དང[7]། གནའ་རབས་ཞང་བོད་ཚིག་མཛོད་ནང་དུ་མེ་ཁྱི་སྟེ་སྤྱི་ལོ༡༤༠༤ལོར་སྐུ་འདས་པར་བཞེད[8]། བཀའ་འགྱུར་ལུང་རྒྱུན་ཤེལ་ཕྲེང་ནང་དུ། དྲི་མེད་གཟི་བརྗིད་ཀྱི་ནང་ཚན་ཀུན་དབྱིངས། རྒྱལ་བ་རྒྱ་མཚོ། སྨན་ལྷ་གསུམ་གྱི་དབང་བརྒྱུད་ལྟར་ན་བློ་ལྡན་སྙིང་པོས་སྒོ་ཛུང་རྒྱལ་མཚན་འོད་ཟེར་ལ་བརྒྱུད། དེས་ཨ་པ་ནམ་མཁའ་རིན་ཆེན་ལ་བརྒྱུད། དེས་རྒྱ་ར་བསྟན་འཛིན་རྒྱལ་མཚན་ལ་བརྒྱུད། དེས་རྒྱ་བོ་རིན་ཆེན་འོད་ཟེར་ལ་བརྒྱུད། དེས་བློ་གྲོས་བཟང་པོ་ལ་བརྒྱུད། དེས་རིན་ཆེན་དབང་ལྡན་ལ་བརྒྱུད། དེས་སྒོ་ཛུང་ནམ་མཁའ་གཡུང་དྲུང་ལ་བརྒྱུད། དེས་གྱུར་པ་འོད་ཟེར་རྒྱལ་མཚན་ལ་བརྒྱུད་པ་བསྟན་འདུག[9]། དེ་ལྟར་ན་སྒོ་ཛུང་ནམ་མཁའ་གཡུང་དྲུང་ནི་བློ་ལྡན་སྙིང་པོའི་བླ་བརྒྱུད་བདུན་པ་ཡིན་པ་དང་། ཁྲོ་བོ་རྣམ་འཇོམས་ཀྱི་དབང་གི་བརྒྱུད་རིམ་ལྟར་ན། བློ་ལྡན་སྙིང་པོས་སྒོ་རྒྱལ་མཚན་འོད་ཟེར་ལ་བརྒྱུད། དེ་ནས་ཨ་པ་ནམ་མཁའ་རིན་ཆེན། རྒྱ་ར་བསམ་གཏན་རྒྱལ་མཚན། རྒྱ་བོ་རིན་ཆེན་འོད་ཟེར། ཅུ་ར་བློ་གྲོས་བཟང་པོ། སྒོ་ཛུང་ནམ་མཁའ་གཡུང་དྲུང་གི་བར་དུ་བླ་བརྒྱུད་ལྔ་པ་ཡིན་པ་དང་། སྤྱི་འདུལ་གྱི་རྫས་ལྔ་རིན་ཆེན་སྒྲོན་མའི་རྒྱུད་ཀྱི་བརྒྱུད་རིམ་སྐབས་སུ་ཡང་སྒོ་ཛུང་ནམ་མཁའ་གཡུང་དྲུང་ནི་བློ་ལྡན་སྙིང་པོའི་སློབ་རྒྱུད་ཅིག་ཡིན་པ་བསྟན་འདུག། བླ་བརྒྱུད་བདུན་པ་རེད་འདུག གང་ལྟར་ཡང་སྒོ་ཛུང་ནམ་མཁའ་གཡུང་དྲུང་ནི་དུས་རབས་བཅུ་བཞིའི་སྨད་ཙམ། ཡང་ན་དུས་རབས་བཅོ་ལྔ་པའི་དཀྱིལ་ཙམ་ལ་དཀར་ཆག་དེ་བསྒྲིགས་པ་འདྲ། ཁོང་གི་དྲི་མེད་གཟི་བརྗིད་དཀར་ཆག་བསྒྲིགས་པའི་སྐབས་སུ་པོད་གྲངས་ཙམ་མ་གཏོགས་ལེ་ཚན་དང་ལེའུ་སོགས་བཀོད་མེད། དྲི་མེད་གཟི་བརྗིད་ལས་གཞན་པའི་དཔེ་ཆ་རྣམས་ཀྱི་ལེའུ་གྲངས་ཁ་ཚང་བྲིས་ཡོད། དེ་ལྟར་ན་ཁོང་དྲི་མེད་གཟི་བརྗིད་དེ་ཞལ་མཇལ་བ་ཙམ་མམ་ཡང་ན་གོ་ཐོས་ཙམ་གྱི་རྩིས་རྒྱར་བཀོད་པ་ཡིན་མིན་ལ་དོགས་གཞི་ཡོད། དཀར་ཆག་བསྒྲིགས་པའི་སྐབས་སུ་གྱུར་པ་འོད་ཟེར་རྒྱལ་མཚན་སོགས་ཡོད་པ་ནི་གོང་དུ་བསྟན་ཟིན་ནོ། །ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་སྔོན་དུ་བཀའ་འགྱུར་དཀར་ཆག་གཉིས་ཡོད་པ་ནི་མངོན་སུམ་རེད། གཅིག་དེ་ཀུན་གྲོལ་གྱི་དཀར་ཆག་ཡིན་པ་ལ་སོམ་ཉི་བྲལ། གཅིག་དེ་སྒོ་ཛུང་གི་དཀར་ཆག་དེ་ཨེ་ཡིན་སྙམ།

  སྒོ་ཛུང་ནམ་མཁའ་གཡུང་དྲུང་གི་ཡབ་ཡུམ་དང་སྐུ་འཁྲུངས་འདས་སོགས་མི་གསལ་ཡང་། བླ་མ་རིན་ཆེན་དབང་ལྡན་ལས། ཀུན་དབྱིངས། རྒྱལ་བ་རྒྱ་མཚོ། སྨན་ལྷ་གསུམ་གྱི་དབང་བརྒྱུད་ཐོབ་པ་དང་། ཅུ་ར་བློ་གྲོས་བཟང་པོ་ལས་གཡུང་དྲུང་རྣམ་པར་འཇོམས་པའི་དབང་བརྒྱུད་ཐོབ་པ་དང་། ཐར་སྐས་རིན་ཆེན་དབང་ལྡན་ལས། སྤྱི་འདུལ་གྱི་རྫས་ལྔ་རིན་ཆེན་སྒྲོན་མའི་རྒྱུད་དང་། མཛད་པ་སྐོར་གསུམ་གྱི་རྒྱུད་མུ་ལ་སྒྲོན་བུ་རིན་ཆེན་ཕྲེང་བའི་རྒྱུད། ཞི་ཁྲོ་ཡོངས་རྫོགས་གླད་དོན་བྱ་བའི་ལེའུ་དྲུག། སྤྱི་འདུལ་ཁྲོ་བོ་ཡེ་ཤེས་གསས་མཁར་སྲིད་པ་རབ་འབྱམས་ཀྱི་རྒྱུད། གསང་བའི་མན་ངག་སྒྱུ་འཕྲུལ་དྲྭ་བའི་རྒྱུད་སོགས་ཀྱི་དབང་ལུང་ཐོབ་པ་དང་། སློབ་མ་གྱུར་པ་འོད་ཟེར་རྒྱལ་མཚན་སོགས་ལ་བརྒྱུད་ཅིང་སྤེལ་བའི་སྐྱེས་བུ་དམ་པ་ཞིག་ཡིན་པར་ནི་བཀའ་འགྱུར་ལུང་རྒྱུན་ཤེལ་ཕྲེང་སོགས་ལས་གསལ་ལོ། །

མདོ་མང་སུམ་ཅུ་པའི་རྩིས་རྒྱ་བསྟན་པ།

  མདོ་མང་སུམ་ཅུ་པའི་རྩིས་རྒྱ་ལ་མདོ་སྔགས་འདྲེས་མའི་མདོ་མང་ལ་གླེགས་བམ་ཞེ་གཉིས་བཞུགས། ཞེས་པའི་མདོ་ཁོ་ན་ལ་གླེགས་བམ་སོ་གསུམ་བཞུགས་པ་ནི། རྒྱལ་རོང་དམུ་རྡོ་ལྷ་གཉན་གྱི་ལྷོ་ཕྱོགས་སུ་སྒོ་འཛུང་ནམ་མཁའ་གཡུང་དྲུང་གིས་བསྒྲིགས་པའི་མདོའི་རྩིས་རྒྱའི་ནང་དུ། ༡ དྲི་མེད་གཟི་བརྗིད་གླེགས་བམ་བཅུ་གཉིས། ༢ གཟེར་མིག་པོད་གཉིས། ༣ དྲུང་མུ་སྐལ་བཟང་པོད་གཉིས། ༤ ཁོ་སྤོ་སྐལ་བཟང་པོད་གཉིས། ༥ གླིང་བཞི་གླེགས་བམ་གཉིས། ༦ སྣོད་བཅུད་ཆགས་འཇིག་མདོ། ༧ ཁམས་གསུམ་སྐྱེ་འཆི་མདོ། ༨ བླ་མེད་གོ་འཕང་མདོ། མདོ་ཕྲན་གཟུངས་སྡེ་ལྔ། ༩ འཁོར་བ་དོང་སྤྲུགས་མདོ། ༡༠ ཁམས་བརྒྱད་དང་མདོ་འདུས། ༡༡ རིགས་དྲུག་ཐར་ལམ་མདོ། ༡༢ རྣམ་རྒྱལ་གཟུང་། ༡༣ རིན་ཆེན་ནོར་བདུན་དང་རྣམ་རྒྱལ་འཕྲིན་ལས། ༡༤ རྒྱལ་བའི་གཟུངས་འདུས། ༡༥ མཚན་བཟང་མདོ། ༡༦ མདོ་སྔགས་འདྲེས་མའི་མདོ་ལ་པོད་གཉིས་བཅས་མདོ་ཁོ་ན་ལ་པོད་ཏི་སོ་གསུམ་ཡོད་པ་བསྟན་ཡོད།

བཀྲ་ཤིས་མདོ་མང་རྩིས་རྒྱ་ལྟར་མདོ་བསྟན་པ།

  བཀྲ་ཤིས་མདོ་མང་གི་རྩིས་རྒྱ་ཐོ་ཡིག་ནང་དུ་དུམ་པ་བཞི་བཅུ་རྩ་གཉིས་ནི། ༡ བྱུང་ཁུང་མདོ། ༼སྟོད།༽ ༢ བྱུང་ཁུང་མདོ།༼ སྨད། ༽༣ སྒྲུབ་ཐབས་མདོ་དང་སྐྱེ་འཆི་མདོ། ༤ ཆགས་འཇིག་མདོ་དང་། མདོ་འདུས་དུང་ལོ་ལྗོན་པ་དང་། མཛད་པ་དྲུག་ཅུའི་མདོ། ༥ དུང་སྤྲུགས་མདོ་དང་རིག་པ་ཁུ་བྱུག་གི་མདོ། ༦ ཐིག་ལེ་མདོ་དང་རྒྱུད་རྣམས་དག་གིས་མདོ་དང་ལས་དག་པའི་མདོ། ༧ སྐལ་བཟང་ཀ་དུམ། ༨ བསྐལ་བཟང་ཁ་དུམ། ༩ ཀ་བ་གླིང་བཞི། ༼སྟོད།༽ ༡༠ ཀ་ལ་གླིང་བཞི། ༼སྨད།༽ ༡༡ སྲིད་པ་མཛོད་ཀྱི་མདོ་དང་ཁུ་བྱུག་རིག་པའི་མདོ། གཏན་ཚིགས་ཐེག་པའི་མདོ་གསལ་བྱེད་སེམས་ཀྱི་མདོ་རྣམས་ཡོད། ༡༢ པད་མ་འཕྲུལ་གྱི་མདོ་དང་མདོ་ཕྲན་ལེའུ་ཉི་ཤུ་རྩ་གཅིག་དང་། འདུལ་བ་རྒྱུད་དྲུག་གི་མདོ། ༡༣ རྣམ་དག་པད་མ་ཀློང་ཡང་ཀྱི་མདོ། ༡༤ རྫོགས་པ་ཆེན་པོ་ལུང་དྲུག་གི་མདོ་དང་མི་ཡུལ་དུ་བསྒྲགས་པའི་མདོ། ༡༥ སེང་གེའི་སྒྲ་སྒྲོགས་དང་། དོང་སྤྲུགས་མདོ་དང་། ཡང་རྩེ་ཀློང་ཆེན་གྱི་མདོ་དང་། གབ་པའི་འགྲེལ་པ་རྣམས་ཡོད། ༡༦ ལྟ་བ་ཡང་རྩེའི་མདོ་དང་ལྟ་བ་གབ་པའི་གཞུང་གི་མདོ། ༡༧ ལུང་ཆེ་ཆུང་གཉིས་ཀྱི་མདོ་དང་། ཅོག་བཞི་མདོ་དང་། འདུལ་བ་རྒྱུད་རབ་འབྱམས་ཀྱི་མདོ། ༡༨ འཁོར་ལོ་འོད་གསལ་གྱི་མདོ། ༡༩ འཁོར་ལོ་འོད་གསལ་གྱི་བཀའ་ལུང་འཕྲུལ་གྱི་ལྡིག་མིག་གིས་མདོ་དང་། མཆོག་དྲུག་ཞི་བ་ཨ་དཀར་གྱི་མདོ། ༢༠ གལ་མདོ་ངེས་པའི་མདོ་དང་ཡེ་ཁྲི་གནས་པའི་གཞི། བམ་པོའི་མདོ་དང་ཟླ་བ་བམ་པོའི་མདོ། ༢༡ ལྟ་བ་སྙན་དུ་རྒྱུད་པའི་མདོ། ༢༢ ཀློང་རྒྱས་སྤྱི་མཐུན་ལག་ཁྲིག་ཀྱི་མདོ། སྙན་རྒྱུད་འོད་གསལ་ཀྱི་མདོ། མཁའ་འཕྲུལ་མཛོད་ཀྱི་མདོ། ༢༣ ནམ་མཁའ་འཕྲུལ་མཛོད་མདོ། ༢༤ རྒྱས་པ་སྤྱི་དྲངས་གས་མདོ་༼སྟོད༽། ༢༥ རྒྱས་པ་སྤྱི་དྲངས་མདོ༼སྨད༽། རིས་དྲུག་ཐར་ལམ་མདོ། ༢༦ རིན་ཆེན་དྲུག་ཅུ་ཡི་མདོ་དང་། ནམ་མཁའ་དབྱིངས་མཛོད་ཀྱི་མདོ། ༢༧ ལྟ་བ་དམར་འབྱུང་གི་མདོ་། ༢༨ དཀར་པོ་གསུམ་སྦྱོར་གྱི་མདོ་དང་། ལྟ་བ་གཞི་རུ་གཅོད་པའི་མདོ། འདུལ་བ་གསལ་བྱེད་གསལ་བའི་མདོ། ༢༩ ཉི་མ་ཀློང་ཤར་གྱི་མདོ། ༣༠ དྲན་པ་སྒྲ་འགྲེལ་གྱི་མདོ་བཅས་དུམ་པ་སུམ་བཅུ་ཐམ་པ་ཡོད། ༣༡ རིག་པ་ཐབས་ཤེས་མདོ། ༣༢ ཕུར་ནག་རྒྱུད་གྱི་མདོ་དང་ཁྲོ་གསས་གནམ་དྲག་ངར་ཆེན་གྱི་མདོ། ༣༣ ཕུར་པའི་མདོ། ༣༤ ཐུགས་རྗེ་བྱམས་མའི་མདོ། ༣༥ མ་མོ་ཀུན་འདུལ་གྱི་མདོ། ༣༦ ཞི་བ་ཡོངས་རྫོགས་ཀྱི་མདོ། གསང་ཐིས་མདོའི་འགྲེལ་པ། ༣༧ ཐབས་ཞགས་གསང་ཞིག་མདོ། ༣༨ དབལ་མོ་ལས་ཐིག་གི་མདོ། ༣༩ ལྷ་མོ་བསེན་ཐུབ་ཀྱི་མདོ། ༤༠ ཀུན་འདུལ་རིན་ཆེན་རྩ་བའི་མདོ། ༤༡ གསང་སྔགས་འཕྲུལ་གྱི་དོན་འགྲེལ་དང་། མུན་སེལ་སྒྲོན་མའི་མདོ། ༤༢ རྣམ་པར་རྒྱལ་བའི་མདོ་དང་ནོར་བུ་འོད་འབར་གིས་མདོ་བཅས་དུམ་པ་ཞེ་གཉིས་ཡོད་པ་དང་། དེ་ལས་གཞན་པའི་གླེགས་བམ་མང་པོ་ཡོད་ཀྱང་འགོད་མ་ནུས་ཟེར་རོ། །

བཀྲ་ཤིས་མདོ་མང་གི་རྩིས་རྒྱ་ལྟར་འབུམ་བསྟན་པ།

  འབུམ་གྱི་རྣམ་གྲངས་རྩིས་རྒྱ་ནི། ༡ གསང་སྔགས་བརྒྱུད་འབུམ་ལ་དུམ་པ་སུམ་ཅུ། ༢ ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ་པ་ལ་དུམ་པ་བཅུ་དྲུག། ༣ རྩེ་འབུམ་ལ་དུམ་པ་བཅུ། ༤ གུད་དུ་ཕྱུང་བའི་འབུམ་ལ་དུམ་པ་བརྒྱད། ༥ དྲི་མེད་བདལ་འབུམ་ལ་དུམ་པ་བཅུ། ༦ དྲི་མེད་འབུམ་ལ་དུམ་པ་དྲུག། ༧ འདུལ་བ་རྒྱུད་འབུམ་ལ་དུམ་པ་དྲུག ༨ བ་ག་ཡུམ་འབུམ་ལ་དུམ་པ་བཅུ་བཞི། ༩ ཉི་མ་དགུ་ཤར་འབུམ་དུམ་པ་བཅུ། ༡༠ ཁྲི་གདུགས་བདལ་འབུམ་ལ་དུམ་པ་དྲུག ༡༡ འབུམ་བཞི་ལ་དུམ་པ་བཞི། ༡༢ ཀླུ་འབུམ་དཀར་ནག་ཁྲ་གསུམ་ལ་དུམ་པ་བཞི། ༡༣ ཁམས་ཆུང་ལ་དུམ་པ་བཅུ། ༡༤ ཅོག་ལ་དུམ་བུ་སུམ་ཅུ། ༡༥ བཀའ་འདུས་ལ་དུམ་པ་གཉིས། ༡༦ བཀའ་རྣམ་བར་ངེས་པ་ལ་དུམ་པ་གཅིག ༡༧ དྲི་མེད་གཟི་བརྗིད་འབུམ་ལ་དུམ་པ་བཅུ་གཉིས། དེ་དག་སྡེ་ཚན་བཅུ་བདུན་ལ་དུམ་གྲངས་བརྒྱ་དང་དོན་དགུ་བསྟན་ཡོད། གཞུང་དེ་ཉིད་ལས་འབུམ་སྡེ་ནི་གཉིས་བརྒྱ་བཅུ་རུ་སྟོང་ཐུན་དུ་གསུངས་སོ་ཞེས་པ་ལ་བརྟག་ན་འབུམ་སྡེ་སྐོར་ཧ་ཅང་མང་པོ་ཡོད་པ་ཤེས་ཐུབ།

ཆོས་ལུགས་ཀྱི་བཀའ་འགྱུར་རྩིས་རྒྱ་བསྟན་པ།

  བཀྲ་ཤིས་མདོ་མང་གི་རྩིས་རྒྱ་ལྟར་ཆོས་ལུགས་ཀྱི་བཀའ་འགྱུར་རྩིས་བྱང་བསྟན་པ་ནི། ཡང་དེ་ཉིད་ལས། ༡ སྐལ་བཟང་མདོ། ༢ རྒྱ་ཆེར་རོལ་པའི་མདོ། ༣ བཅོལ་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ། ༤ དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ། ༥ དགོངས་པ་ངེས་པར་གྲོལ་བའི་མདོ། ༦ རྒྱན་སྡུག་པོར་བཀོད་པའི་མདོ། ༧ དམ་ཆོས་པད་མ་དཀར་པོའི་མདོ། ༨ མྱ་ངན་འདས་མདོ།༼༡༽ ༩ མྱ་ངན་འདས་མདོ།༼༢༽ ༡༠ མྱ་ངན་འདས་མདོ།༼༣༽ ༡༡ ཏིང་འཛིན་མདོ། ༡༢ ད་ལྟར་སངས་རྒྱས་མངོན་མདོ། ༡༣ རྣམ་པར་མི་རྟོག་པའི་གཟུངས་མདོ།༡༤ བློ་གྲོས་རྒྱ་མཚོ་ཞུས་མདོ། ༡༥ ཚངས་པ་ཞུས་མདོ། ༡༦ འཇམ་དཔལ་ཞུས་མདོ།༡༧ ཕ་རོལ་དུ་ཕྱིན་པ་ལྔ་བསྟན་པའི་མདོ། ༡༨ དད་པའི་སྟོབས་བསྐྱེད་པ་ཞུས་མདོ། ༡༩ སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་མདོ། ༢༠ དཀོན་མཆོག་སྤྲིན་གྱིས་ཞུས་མདོ། ༢༡ ཡང་དག་བསྡུས་པ་ཞུས་མདོ། ༢༢ དམ་ཆོས་རྒྱལ་པོ་ཞུས་མདོ། ༢༣ སངས་རྒྱས་མཚན་ཆེན་ཞུས་མདོ། ༢༤ སྤོང་སྐོང་ཕྱག་རྒྱ་ཞུས་མདོ། ༢༥ དྲན་པ་ཉེར་བཞག་ཞུས་མདོ༼༡༽། ༢༦ དྲན་པ་ཉེར་བཞག་ཞུས་མདོ༼༢༽། ༢༧ དྲན་པ་ཉེར་བཞག་ཞུས་མདོ༼༣༽། ༢༨ མངོན་བྱང་མདོ། ༢༩ ལེ་བརྒྱ་གོང་མའི་མདོ། ༣༠ ལེ་བརྒྱ་འོག་མའི་མདོ། ༣༡ གང་པོ་ལ་སོགས་རྟོགས་བརྗོད་བརྒྱ་པའི་མདོ། ༣༢ རྣམས་བཅད་ཅན་མདོ་སོགས་མདོ་མང་སོ་གཉིས་རྩི་རྒྱ་ཡིན་ནོ།།

བོན་ལུགས་ཀྱི་རྫོགས་ཆེན་རྩིས་རྒྱ་བསྟན་པ།

  གཡུང་དྲུང་བོན་གྱི་སེམས་སྡེ་སྔགས་སྡེ་མདོ་འབུམ་སྡེ་སོ་སོར་ཕྱེ་བའི་བཀའ་འགྱུར་རྒྱལ་རོང་དམུ་རྡོ་ལྷ་གཉན་ལྷོ་ཕྱོགས་རོང་ཡུལ་དུ་བཞུགས་ཡོད་པའི་དཔེ་རྩིས་ལྟར་དང་པོ་རྫོགས་ཆེན་སྐོར་བསྟན་པ་ནི། ༡ ཐེག་རིམ་ཀུན་བཟང་རང་གཞུང་སོགས་སྡེ་ཚན་བཅུ། ༢ གབ་པའི་གཞུང་སོགས་སྡེ་ཚན་བཅུ་བདུན། ༣ གབ་པ་ལུང་དགུའི་ཚིག་འགྲེལ་སོགས་སྡེ་ཚན་བཞི། ༤ མཁས་པ་མི་བཞིའི་གབ་འགྲེལ། ༥ ཡེ་ཁྲི་གཞིའི་བམ་པོ་སོགས་སྡེ་ཚན་བརྒྱད། ༦ ཡེ་ཁྲི་ལོ་རྒྱུས་སྐོངས་ཀྱི་མཆོང་སོགས་སྡེ་ཚན་དྲུག། ༧ བསྒྲགས་པ་སྐོར་གྱི་ཆ་ལག་སོགས་སྡེ་ཚན་བཅུ་བཞི། ༨ ཞང་ཞུང་སྙན་རྒྱུད་སྡེ་ཚན་བརྒྱད། ༩ བོན་ཞིག་དམར་བྱང་ལ་སྡེ་ཚན་སོ་བདུན། ༡༠ རྫོགས་ཆེན་དམར་བྱང་གི་འདུད་བསྟོད་བཅུ་བཞི་པ་སོགས་སྡེ་ཚན་སོ་གཅིག། ༡༡ རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་གཞུང་བཅས་སྡེ་ཚན་བཞི། ༡༢ རྫོགས་ཆེན་འཁོར་ལོ་འོད་གསལ་གྱི་སྟོད་ཆ། ༡༣། རྫོགས་ཆེན་འཁོར་ལོ་འོད་གསལ་ཀྱི་སྨད་ཆ་དང་སྙན་རྒྱུད་འབྲིང་པོ་སོར་བཞག་སོགས་སྡེ་ཚན་བརྒྱད། ༡༤ ཀུན་བཟང་ཡང་ཞུན་གྱི་ཕྱི་རྒྱུད་དང་ནད་རྒྱུད་སོགས་རྫོགས་ཆེན་གྱི་རྩིས་རྒྱ་བསྟན་ཡོད།

བོན་ལུགས་ཀྱི་གསང་སྔགས་རྩིས་རྒྱ་བསྟན་པ།

  གཉིས་པ་སྔགས་སྡེ་ལ། ༡ ཞི་བ་ཡོངས་རྫོགས་སོགས་སྡེ་ཚན་གསུམ། ༢ ཁྲོ་བོ་རྒྱུད་དྲུག། ༣ ཁྲོ་བོ་སྤ་དྲོའི་གཞུང་སོགས་སྡེ་ཚན་གསུམ། ༤ སྤ་དྲོ་བསྒྲུབ་པའི་ཡན་ལག་བཅོ་བརྒྱད་སོགས་སྡེ་ཚན་གསུམ། ༥ ཁྲོ་བོ་ར་མའི་རྒྱུད་དྲུག ༦ གསང་བའི་དོན་འགྲེལ་ཆུང་བ་སོགས་སྡེ་ཚན་བཞི། ༧ དབལ་གསས་ཏིང་མུར་གཡུ་རྩེ་སོགས་སྡེ་ཚན་གསུམ། ༨ ཁྲོ་བོ་ཨུད་དུ་འབར་བ།༼སྟོད༽ ༩ ཁྲོ་བོ་ཨུད་དུ་འབར་བ། ༼སྨད༽ ༡༠ ཁྲོ་རྒྱུད་གསང་བ་བསེན་ཐུབ་དང་ཞི་ཁྲོ་རྩ་འགྲེལ་ཆེན་མོ། ༡༡ སྤ་དྲོ་མའི་སྨན་སྒྲུབ་སོགས་སྡེ་ཚན་བརྒྱད། ༡༢ སྨན་སྒྲུབ་ཀྱི་རྒྱུད་མ་བུ་ཆ་ལག་དང་བཅས། ༡༣ སྔགས་འདུར་ལུང་ཆེན་པོ་དང་ཉི་ཟེར་ཞགས་པ། ༡༤ གསལ་བྱེད་མེ་ལོང་པྲའི་འཕྱོང་སོགས་སྡེ་ཚན་བཞི། ༡༥ ལས་ཐིག་གི་རླུང་ནག་ལས་ཀྱི་འཁོར་ལོ། ༡༦ ལས་ཐིག་སྲིད་པའི་དབལ་མོ་མི་དགུའི་སྒྲུབ་པའི་སྐོར། ༡༧ ལས་ཐིག་གི་ལྷ་རྒོད་ཡབ་ཡུམ་སོགས་སྡེ་ཚན་ལྔ། ༡༨ ཕུར་པའི་རྒྱུད་དགུ། ༡༩ ཕུར་པའི་འཇིག་རྟེན་ཕུང་བྱེད་སོགས་སྡེ་ཚན་བཞི། ༢༠ ཕུར་པ་གཞི་སྒྲུབ་ཐུགས་ཀྱི་གཟེར་སོགས་སྡེ་ཚན་བདུན། ༢༡ ཕུར་པའི་ཚེ་འདས་འཁོར་བ་རྒྱུན་སྦྱངས་སོགས་སྡེ་ཚན་སོ་ལྔ། ༢༢ ཕུར་པ་ཁྲ་སྤྱང་གི་དྲིལ་སྒྲུབ་པ་སོགས་སྡེ་ཚན་བཅོ་བརྒྱད། ༢༣ ཕུར་པ་བྱད་བསྟིམ་ཟློག་པ་སོགས་སྡེ་ཚན་སོ་གཅིག། ༢༤ ཁྲོ་བོ་གནམ་ལྕགས་ཐོག་མདའ་དང་གེ་ཁོད། ༢༥ མེ་རི་གྱད་ཕུར་གྱི་རྒྱུད། ༢༦ གེ་ཁོད་མེ་རིའི་རྩ་རྒྱུད་དང་སྟག་རེ་རོང་གི་རྒྱུད། གེ་ཁོད་ཐེ་འདུལ༼སྟོད༽། ༢༧ གེ་ཁོད་ཐེ་འདུལ་༼སྨད༽དང་། གསང་ཐིས་འཕར་མ་དགུ་བསྐོར། ༢༨ མན་སྔགས་ཐིག་ལེ་དབྱིངས་ཆད་ཀྱི་གཞུང་དང་སེམས་ལུང་སྒྲོན་མའི་སྐོར། ༢༩ ཀུན་འདུས་རིན་ཆེན་རྩ་རྒྱུད་སོགས་སྡེ་ཚན་བཞི། ༣༠ སྤྱི་འདུལ་དང་སྤུ་གྲི༼སྟོད༽༣༡ སྤུ་གྲི༼སྨད༽སོགས་སྡེ་ཚན་བཞི། ༣༢ ཁྲོ་བོ་རམ་པ་སོགས་སྡེ་ཚན་བཞི། ༣༣ ཁྲོ་བོ་རམ་པའི་ཆ་ལག་མ་བཞི་སོགས་སྡེ་ཚན་བདུན། ༣༤ ཚེ་དབང་རྒྱ་གར་མ་དང་ཀོང་ཙེའི་སྒྲུབ་སྐོར། ༣༥ ཁྲོ་འདུར་ཐུགས་རྗེ་རོལ་བའི་སྐོར། ༣༦ ཕ་རྒྱུད་སྡོང་པོ་དགུ་འདུས་དང་མ་རྒྱུད་ཐུགས་རྗེས་ཉི་མ། ༼སྟོད༽ ༣༧ མ་རྒྱུད་ཐུགས་རྗེས་ཉི་མའི་ལུང་དྲི་མེད་འོད་གསལ། ༣༨ མ་རྒྱུད་ཐུགས་རྗེ་ཉི་མ༼སྨད༽སོགས་སྡེ་ཚན་བཞི། ༣༩ བྱམས་མའི་སྐོར། ༤༠ རྒྱུད་རྣམ་དག་གི་སྐོར། ༤༡ རྣམ་དག་གཞུང་སོགས་སྡེ་ཚན་བརྒྱད། ༤༢ ཀློང་རྒྱས་སྤྱི་ཆུན་སོགས་སྡེ་ཚན་ལྔ། ༤༣ སྲིད་རྒྱལ་དྲེའུ་དམར་གྱི་རྒྱུད་སོགས་སྡེ་ཚན་བཞི། ༤༤ བླ་ཆེན་དྲན་པའི་སྒྲུབ་སྐོར་དང་བྱ་ར་མ་གསུམ་གྱི་རྒྱུད། ༤༥ མཆོད་རྟེན་གཞུང་ཆེན་སོགས་སྡེ་ཚན་གསུམ། ༤༦ སྣང་སྲིད་ཞི་བ་ཆེན་པོ་སོགས་སྡེ་ཚན་གསུམ། ༤༧ དམག་དཔོན་ཆེན་པོ་སྦས་པ་གསེར་གྱི་ཉི་མའི་རྒྱུད། ༤༨ གསེར་ལུང་སེར་མོ་མདོས་དང་མཁའ་ཀློང་རབ་འབྱམས་ཀྱི་མདོ། ༤༩ རྒྱལ་མོའི་མདོས་དང་སྡེ་བརྒྱད་ཟློག་མདོས་ཆེན་པོ། ༥༠ ཀླུའི་འབུམ་ཏིག་དཀར་པོ་བཅས་པོད་ལྔ་བཅུ་བསྟན་ཡོད།

བོན་ལུགས་ཀྱི་མདོ་སྡེའི་རྩིས་རྒྱ་བསྟན་པ།

  གསུམ་པ་མདོ་སྡེ་སྐོར་ལ། ༡ མདོ་གཟེར་མིག༼སྟོད༽ ༢ མདོ་གཟེར་མིག༼སྨད༽ ༣ སྒྲུབ་ཐབས་མདོ། སངས་རྒྱས་རྗེས་དྲན་མདོ། ཡུམ་གྱི་སྙིང་པོའི་མདོ། ཀུན་སྣང་ཁྱབ་པའི་ཨའི་མདོ། དྲང་བ་དོན་གྱི་མདོ། ༤ སྐྱེ་འཆི་མདོ། རིས་དྲུག་ཐར་ལམ་མདོ། ཐིག་ལེ་མདོ། ཁམས་སྡུད་འབྲིང་པོ་མདོ། ༥ ཆགས་འཇིག་མདོ། མདོ་འདུས། མཛད་པ་དྲུག་བཅུའི་མདོ། ཟབ་མོ་སྒོམ་མདོ། ༦ པད་མ་འཕྲུལ་མདོ། མདོ་འཕྲན་ཉེར་ཅིག་པ། གཡུང་དྲུང་གསལ་པའི་མདོ། སྐུ་མདུང་རྒྱུད་པའི་མདོ། བྱིན་རླབས་རྒྱས་པའི་མདོ། ཕན་ཡོན་རྒྱས་པའི་མདོ། གཤེན་གྱི་དུས་ཁྲིམས་གཙང་མའི་མདོ། དྲང་བ་དོན་གྱི་མདོ། ༧ ཀ་བ་གླིང་བཞིའི་སྟོད་དུམ་བུ་གཉིས་སོ།། ༨ ཀ་བ་གླིང་བཞིའི་སྨད་དུམ་བུ་གཉིས་སོ།། ༩ དོང་སྤྲུགས་མདོ་དང་ཁུ་བྱུག་མདོ། ༡༠ འདུལ་བ་རྒྱུད་དྲུག། ༡༡ འདུལ་བ་གསང་ལུང་། ཐེག་པ་སྤྱི་སྡོམ་གྱི་ཉི་ཟེར་གསལ་སྒྲོན། ༡༢ མཛོད་གཞུང་ཆེན་པོ། མཚན་ཉིད་རབ་དབྱེ། དཔོ་བུ་ལག་ངན་གྱི་ན་རག་པང་ཀོང་། ༡༣ རྣམ་རྒྱལ་གཟུངས། རྣམ་རྒྱལ་ཆོ་ག་ལ་སྒྲུབ་གཞུང་མཚན་སྟོད། རྩ་སྒྲུབ་སྟོང་མཆོད། གཟུངས་འདུས། རྣམ་རྒྱལ་རིན་ཆེན་འཕྲེང་བ། རྟོག་འཇོམས་གཟུངས། འདུལ་བ་དྲུག་གཟུངས། ༡༤ ཀླུ་འབུམ་ཁྲ་བོའི་སྟོད། ཀླུ་འབུམ་ནག་པོའི་སྟོད། ༡༥ ཀླུ་འབུམ་ནག་པོའི་སྨད། ༡༦ ཀླུ་འབུམ་དཀར་ཆུང་བསྡུ་མ། ༡༧ ཀླུ་འབུམ་རྒྱས་པ། ༡༨ ཀླུ་གཟུངས་དང་། རིན་ཆེན་འཕྲེང་གཟུངས། ༡༩ ཁྲི་གདུགས་འབུམ་དང་ས་བདག་འབུམ་བཞི་ལས་ཀླུ་འབུམ། ༢༠ ས་བདག་འབུམ་བཞི་ལས་གཉན་འབུམ། ༢༡ ས་བདག་འབུམ་བཞི་ལས་ས་བདག་འབུམ། ༢༢ ས་བདག་འབུམ་བཞི་ལས་གཏོད་འབུམ་བཅས་པོད་ཉེར་གཉིས་བསྟན་ཡོད།

བོན་ལུགས་ཀྱི་འབུམ་གྱི་རྩིས་རྒྱ་བསྟན་པ།

  བཞི་པ་འབུམ་ལ། ༡ ཁམས་ཆེན་གླེགས་པོད་བཅུ་དྲུག། ༢ རྩེ་འབུམ་གླེགས་བམ་བཅུ། ༣ ཁམས་ཆུང་གླེགས་བམ་དྲུག། ༤ བཀའ་རྣམ་ངེས་དུམ་གཉིས་པ། ༥ བདལ་འབུམ་གླེགས་བམ་བཅུ་པ། ༦ བདལ་འབུམ་གྱི་འབུམ་རྩ་ཆེ་ཆུང་གཉིས། ༧ ཕྱུང་འབུམ་གླེགས་བམ་བརྒྱད། ༨ བཀའ་མ་ཕྱུང་གི་འབུམ་གླེགས་བམ་གཉིས། ༩ དྲི་མེད་འབུམ་གླེགས་བམ་དྲུག། ༡༠ ཁྲི་གདུགས་འབུམ་གླེགས་བམ་དྲུག། ༡༡ གསང་འབུམ་གླེགས་བམ་གཉིས། ༡༢ སྐལ་བཟང་གླེགས་བམ་གཉིས། ༡༣ གེ་ཁོད་སྒྲོལ་ཆེན་འབུམ། ༡༤ འདུར་རྒྱུད་འཕྱར་བ་ཐང་ཆེན་ཞེས་སོགས་དུམ་པ་དོན་བཞི་ཡོད། དཀར་ཆག་ནང་དུ་པོད་བརྒྱ་དང་ལྔ་བཅུ་ཡོད་པར་བཞེད་ནའང་དོན་དུ་བཀའ་འགྱུར་ལ་དུམ་པ་བརྒྱ་དང་དྲུག་ཅུ་རེ་འདུག། དཀར་ཆག་འདི་ནང་དུ་གཙོ་བོ་བཀའ་ལས་གཞན་པའི་བཀའ་བརྟེན་འགའ་ཞིག་ཀྱང་ཐོ་འགོད་ཡོད། གང་ལྟར་ཡང་དེ་ནི་དམིགས་བསལ་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་མིན་ཡང་དོན་སྟེང་ནས་བཤད་ན་དཔེ་གཞུང་དང་། ལེའུ། ལེ་ཚན་སོགས་གསལ་བར་བསྟན་པའི་བཀའ་འགྱུར་གྱི་དཀར་ཆག་དཔེ་ཆ་རྙིང་མ་ཞིག་གོ། ཅེས་པ་འདི་ནི་ཉག་རོང་ཡེ་ཤེས་དགོན་པའི་སེང་སྤྲུལ་རིག་འཛིན་ཉི་མས་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ༢༠༢༢་༩་༣༠ཉིན་རྒྱ་ནག་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་སྦྱར་བའོ། །

  དཔྱད་གཞི།

  ༡ 《རྒྱལ་རོང་མུ་རྡོ་ལྷ་གཉན་གྱིས་ལྷོ་ཕྱོགས་སུ་སྒོ་འཛུང་ནམ་མཁའ་གཡུང་དྲུང་གི་སྒྲིག་པའི་མདོ་མང་སུམ་གསུམ་བཅུ་པའི་རྩི་རྒྱས》སྒོ་འཛུང་ནམ་མཁའ་གཡུང་དྲུང་གིས་བསྒྲིགས། ལག་བྲིས། མདོ་སྨད་རྔ་བ་ཁུལ་ཟིང་ཆུ་རྫོང་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་དུ་བཞུགས།

  ༢ 《བཀའ་འགྱུར་ལུང་རྒྱུན་ཤེལ་གྱི་ཕྲེང་བ》དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས།

  ༣ 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། 》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ།

  ༤ 《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》མཁན་པོ་ཚེ་རིང་ནོར་བུས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་༢༠༢༡ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས།

  ༥ ཁྲི་བསོད་བསྟན་གྱིས་བསྒྲིགས་པའི《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས།
     [1] ཁྲི་བསོད་བསྟན་གྱིས་བསྒྲིགས་པའི་《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》པོད་གཉིས་པ། 《བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ》མཁན་ཆེན་ཉི་མ་བསྟན་འཛིན་གྱིས་བརྩམས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤ༢༢༧
      [2] 《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》མཁན་པོ་ཚེ་རིང་ནོར་བུས་བརྩམས། སྨད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༣༣༥
     [3] སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་པའི《ཞང་བོད་ལོ་རྒྱུས་ཆེན་མོ》སྨད་ཆ། 《ཞང་བོད་ལོ་རྒྱུས་མ་བཅོས་གསེར་གྱི་ཡང་ཞུན》 ཀུན་གསལ་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༨༣༧
     [4] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༡༠༡༤

  [5] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། 》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༤༤༨
     [6] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༤༩
     [7] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༧༥༢
     [8] 《གནའ་བོའི་ཞང་བོད་ཚིག་མཛོད》དགེ་བཤེས་བློ་གྲོས་རབ་གསལ་གྱིས་བརྩམས། ༢༠༡༣ལོའི་ཟླ༤པའི་ཚེས ༡༨ཉིན་ཧི་མ་ཡའི་དྲྭ་རྒྱའི་སྟེང་དུ་བཀོད་པའི་ནང་དུ་གསལ་ལོ། །
     [9] འོད་ཟེར་སྦྱིན་པས་བསྒྲིགས་པའི《གསུང་རབས་སྒོ་མཛོད་རིན་པོ་ཆེ》དེབ༡༤༩ནང་《བཀའ་འགྱུར་ལུང་རྒྱུན་ཤེལ་གྱི་ཕྲེང་བ》དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༡༧༧ 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།