མདོ་འདུས་ལུང་ཚིག་ལྟར་གྱི་གཤེན་ཡུལ་འོལ་མོ་ལུང་རིང་སྐོར་གྱི་མཆན་འགྲེལ།

[ཟླ་ཚེས། 2021-03-23 20:28:05][རྩོམ་པ་པོ། ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  རྣམ་པ་ཐམས་ཅད་ས་ལེ་གསལ་བ་ཡིན། དུས་གསུམ་སྟོན་པའི་སྐུ་ལ་ཕྱག་འཚལ་ལོ།།སྔ་དེང་གི་འོལ་གླིང་སྐོར་གསུངས་མཁན་ཕར་ཆེ་བ་དེས་འོལ་མོ་ལུང་རིང་གི་སྐོར་གྱི་གཏན་ཚིག་གམ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནི་མདོ་འདུས་ཀྱི་ལུང་ཚིག་ལྟར་འགྲེལ་བཤད་རྒྱབ་འདུག་ཅིང་།  མདོ་འདུས་ཀྱི་ལུང་ཚིག་དེ་ལའང་མཁས་པ་སོ་སོས་དགོངས་པ་ལེན་སྟངས་མི་འདྲ་བ་ཡོང་གི་འདུག་པས།  ཁོ་བོས་དཔེ་ཆ་ཁག་ལ་བལྟས་པའི་དཔྱད་སྡོམ་{བོན་ཚིགས་ཀྱི་ཡུལ་དབུས་དམུ་ཡུལ་སྟག་གཟིག་འོལ་མོ་ལུང་རིང་སྐོར་གྱི་དཔྱད་གཏམ་གསེར་གྱི་མེ་ལོང་།}འདི་ཡི་མཆན་འགྲེལ་ཞིག་གམ་མདོ་འདུས་ལུང་གི་དགོངས་དོན་གྱི་བསམ་ཚུལ་ཞིག་འགོད་འདོད་པ་ཡིན། །
    དེའང་མདོ་འདུས་ལེའུ་གཉིས་པ་ལས།  དེ་ཡང་ཁྱད་པར་འཛམ་གླིང་དབུས།    རི་བོ་གངས་ཆེན་ཏི་ཙེ་ནི།   གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ།   ཆུ་ཞེང་དཔག་ཚད་ལྔ་བརྒྱ་འོ།    རི་ན་སྤོས་རི་ངད་ལྡན་དང་།   བར་ན་མཚོ་ནི་མ་དྲོས་པ།   ཆུ་ཞེང་དཔག་ཚད་ལྔ་བཅུ་བ།   ཕྱོགས་བཞིར་མཚོ་བཞི་ཡོད་པ་དང་།   (མ་ཕམ་མོ་བྱ་གཡུ་མཚོ།   ལ་ངག་གསེར་མཚོ།   གུང་ཆུང་དངུལ་མཚོ།   ཟོམ་ཤང་ལྕགས་མཚོ།   རྫིང་བུ་དལ་གྱིས་འབབ།)    སེམས་ཅན་བཞིའི་ཁ་ནས་ཆུ་བཞི་འབབ་པ་ནི།   གང་གཱ་ཤར་ཕྱོགས་གླང་ཆེན་ཁ་ནས་འབབ།   སིནྡྷུ་ལྷོ་ཕྱོགས་ཁྱུང་མཆོག་(ཡོངས་གྲགས་སུ། སིནྡྷུ་ལྷོ་ཕྱོགས་རྨ་བྱའི་ཁ་ནས་འབབ།)ཁ་ནས་འབབ།    པཀྵུ་ནུབ་ཕྱོགས་རྟ་ཡི་ཁ་ནས་འབབ།    སི་ཏ་བྱང་ཕྱོགས་རྨ་བྱའི་(སི་ཏ་བྱང་ཕྱོགས་སེང་གེའི་ཁ་ནས་འབབ།)ཁ་ནས་འབབ།   ཆུ་ཀླུང་རབ་མཆོག་བཞི་པོ་དག་ནི།   རེ་རེ་ལ་ཡང་ཆུ་གཡོག་ལྔ་བརྒྱ་དང་བཅས་པར།   ཆུ་ཡི་རྒྱུན་རྣམས་ཕྱོགས་བཞིར་བརྒྱ་མཚོར་འགྲོ།   རྫིང་བུ་དལ་གྱིས་འབབ་པ་དང་།   ཤིང་ནི་ས་ལ་རབ་བརྟན་བྱ་བ་ཡོད།  དེ་ཡི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་།  དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། ཆུ་བོ་པཀྵུ་སིནྡྷུས་རབ་བཅད་དེ།   རི་ནག་པོ་དགུས་བཅད་པའོ། ཞེས་གསུངས་པ་དང་འབྲེལ་བའི་རྩ་བའི་ནང་དོན་གནད་བསྡུས་ཏེ་གཤེན་ཡུལ་འོལ་མོ་ལུང་རིང་ནི། ༡ ཁྱད་པར་འཛམ་གླིང་ཡུལ་གྱི་དབུས་ཞེས་པའི་སྐོར་དང་། ༢ རི་བོ་གངས་ཆེན་ཏི་ཙེ་ནི་གཡུང་དྲུང་དགུ་བརྩེགས་རི། ༣  ཆུ་བོ་བཞི་དང་པག་ཀྵུ་དང་ནི་སི་འདུས་བཅད་པ། ༤  རི་ནག་པོ་དགུ་འདུས་ཀྱི་ར་བ། ༥ དེ་ཡི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་ཞེས་པའི་སྒོར་བཅས་དོན་ཚན་ལྔ་ཕྱེས་ཏེ་གླེང་རྒྱུ་ཡིན།།
  དང་པོ།  ཁྱད་པར་འཛམ་གླིང་ཡུལ་གྱི་དབུས་ཞེས་པ་སྟེ།  མདོ་འདུས་ལེའུ་ཉེར་གཉིས་པ་ལས།  རི་བོ་གངས་ཅན་ཏི་ཙེའི་དྲུང་།    མཚོ་ནི་མ་པང་གཡུ་མཚོའི་འགྲམ།   ཆུ་བོ་ཆེན་པོ་བཞི་འདུས་འགོ།   རི་བོ་སྤོས་རི་ངད་ལྡན་ཉེ་བའི་ས།   །ཞེས་གསུངས་པ་འདི་ནི་སྤྱིར་འཛམ་བུ་གླིང་དང་སྒོས་སུ་གངས་རིའི་ར་བས་བསྐོར་བའི་ཁ་བ་གངས་ཅན་པའི་ས་ཚིག་གི་ཡུལ་དབུས་སུ་ངོས་འཛིན་དགོས་ཏེ། དཔེར་ན་ཏུན་ཧོང་ཡིག་རྙིང་ལས།  གླིང་གི་སྙིང་པོ་།  གངས་ཀྱི་ར་བ། ཆུ་བོ་ཀུན་གྱི་འགོའ་བོ་། རི་མཐོ་ས་གཙང་། མི་མཛངས་ཤེས་པའ་རུ་སྐྱེ། རྟ་མགྱོགས་སུ་འཕེལ་བའི་གནས།  ཞེས་གཉའ་ཁྲི་བཙན་པོའི་སྐོར་དང་།  མངའ་རིས་རྩ་མདའ་རྙེད་སོན་བྱུང་བའི་བོད་བཙན་པོའི་རྒྱལ་རབས་སྐོར་གྱི་རྩ་ཆེན་ལས།   བོད་ཀྱི་རྒྱལ་པོ་འདི་ནི་།  མྱི་རྗེ་ལྷས་མཛད་དེ་། །སྤུ་རྒྱལ་བཙན་པོ་ནི་བོད་ཀྱི་རྗེར་བཞུགས་པའི་ས་བཟང་སྟེ་།  །ཞེས་ནས།  གཤེགས་པའི་ས་བཟང་སྟེ་།  ས་རིན་པོ་ཆེ་རྒྱ་མདུད་གྱི་སྟེང་།  གནམ་གྱི་དཀྱིལ་། སའི་སྒལད་པ་།  གླིང་བཞིའི་སྙིང་པོ་། གངས་རི་འཁྱུད་འཁོར་གྱི་ར་བ།  ཆུ་བོ་ཆེན་པོ་བཞིའི་མགོའོ་།  སྩང་པོ་གཞུང་གསུམ་གྱི་གླད་། གངས་ཏི་སེ་ཤེལ་གྱི་མཆོད་རྟེན་།  མཚོ་མ་པང་གཡུའི་མན་དལ་།  རི་མཐོ་ས་གཙང་བའི་གནས་སུ་།  འགྲེང་མྱི་རྗེ་། དུད་རྔོག་ཆགས་ཀྱི་རྐྱེན་ཏུ་།  ལྷ་ལས་མྱིའི་རྗེར་གཤེགས་རྗེར་གཤེགས་སོ་།  ཞེས་གསུངས་པས་གཉའ་ཁྲི་བཙན་པོ་དང་ཡར་ཀླུང་སོག་ཁར་རྒྱུས་མངའ་དེ་ཙམ་མེད་པའི་མི་ཞིག་གིས་གོང་གི་ལུང་གཅིག་བུ་ལ་བལྟས་ཤིང་འགྲེལ་བཤད་རྒྱབ་སྟེ་བཤད་ནས། གཉའ་ཁྲི་བཙན་པོའི་བཞུགས་ཡུལ་གངས་ཏི་སེའི་ཉེ་སྐོར་ཞིག་ལ་ཡིན་པའི་ངོས་འཛིན་བྱེད་སྲིད།   གངས་རི་མཚོ་གསུམ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་འཛམ་གླིང་གི་ཡུལ་དབུས་སམ་ས་ཚིགས་ཀྱི་ཡུལ་དབུས་ཏེ།   ཆེས་གནའ་བོའི་དུས་སུ་མཐོ་སྒང་གངས་ཅན་བསིལ་མོ་ལྗོངས་ཀྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་བར་ཡིན་པའི་ཆ་ནས།   གངས་རི་མཚོ་གསུམ་ཡུལ་དབུས་སུ་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་ཁོག་འདི་ནས་དབུབ་ཅིང་། དེ་ནས་ཕྱོགས་མཚམས་ཀྱི་དབྱེ་བ་ཕྱེས་ཡོད་པའི་ཚུལ་དེ་ཧ་གོ་དགོས་པ་ནི་གལ་ཆེན་ཞིག་ཡིན།   གཞན་དུ་ན་དེང་སང་གི་བོད་རིག་པའི་ཞིབ་འཇུག་ཕར་ཆེ་བས་གོང་གི་ལུང་དེར་གཏན་ཚིག་འཛིན་ཏེ་སྟོན་པ་གཤེན་རབ་འཁྲུངས་ཡུལ་འོལ་གླིང་ནི་གངས་རི་མཚོ་གསུམ་ལ་ངོས་འཛིན་པ་བྱེད་བཞིན་པ་དེ་ནི་ཡོངས་གྲགས་ལྟ་བུར་ཆགས་གྲབ་ཡོད་མོད། དངོས་གནས་བྱས་ན་གོང་གི་མདོ་འདུས་ནང་ནས་གསལ་བའི་ལུང་ཚིག་དེ་དག་རེ་རེ་བཞིན་ཏུ་བསམ་གཞིག་བྱེད་པར་གལ་ཆེན་དུ་རྩིས་ནས་ཕྱོགས་ཙམ་ཧ་གོ་ངེས་སུ་ཡོད།།   
   གཉིས་པ། རི་བོ་གངས་ཆེན་ཏི་ཙེ་ནི་གཡུང་དྲུང་དགུ་བརྩེགས་རི་ཞེས་བྱས་ཏེ།   དེ་ནི་ཁོ་བོའི་བསམ་ཚུལ་ལྟར་ན་ས་ཚིགས་ཀྱི་ཡུལ་དབུས་ཏེ་གངས་ཏི་སེ་ལ་གཡུང་དྲུང་དགུ་བརྩེགས་ཞེས་བརྗོད་ནས་མི་ཆོག་པ་མེད་ཅིང་། བོན་ཚིགས་སམ་ཡོན་ཏན་གྱི་ཡུལ་དབུས་ཏེ་འོལ་ལུང་གི་རི་གཡུང་དྲུང་དགུ་བརྩེགས་ཞེས་བརྗོད་ཆོག  ས་གནས་ཁྱད་པར་ཅན་གྱི་མིང་གཡར་པོ་ཞུས་ཏེ་འདྲ་པོ་བཏགས་སྲོལ་ཡོད་པ་ནི་ང་ཚོས་མཐོང་ཐོས་སུ་གྱུར་ཡོད།  ཡིན་ནའང་འདིར་ས་ཚིགས་ཀྱི་ཡུལ་དབུས་སམ་ཡོན་ཏན་གྱི་ཡུལ་དབུས་གཉིས་པོར་གཡུང་དྲུང་དགུ་བརྩེགས་ཞེས་པའི་མིང་དེ་དང་ཐོག་ཏུ་སུ་སྔ་མིན་དེ་དཔྱད་གཞི་ཡིན། གཞན་དུ་ན་ས་པཎ་གྱིས་སྤྲེལ་བུ་ཧ་ནུ་མ་དྷས་ཡོན་ཏན་གྱི་ཡུལ་དབུས་ཀྱི་གངས་ཏི་སེ་ལ་ཚལ་གཅིག་བཅད་དེ་བོད་ཀྱི་ཏི་སེ་གྲུབ་པར་བཤད་པའི་ཚུལ་དེ་བོན་གྱི་བསྟན་འབྱུང་ཁག་གི་ནང་དུ་ལུང་དྲངས་ཤིང་དེའི་རྗེས་འབྲང་བྱས་ཡོད་ཀྱང་ལོ་རྒྱུས་དངོས་དང་མཐུན་དཀའ།   སྟོན་པ་གཤེན་རབ་མི་བོ་ཆེ་དང་འབྲེལ་བའི་སྐབས་སུ་ཡོན་ཏན་ཡུལ་དབུས་ལ་གཡུང་དྲུང་དགུ་བརྩེགས་འཁོད་པ་མང་བས་གཡུང་དྲུང་དགུ་བརྩེགས་ཀྱི་ལྷོ་ཤར་དུ་གངས་ཏི་སེ་ཡོད་པ་ནི་མདོ་དྲི་མེད་གསལ་ཞིང་།  གངས་ཏི་སེའི་ནུབ་བྱང་ཏུ་གཤེན་ཡུལ་འོལ་གླིང་ཡོད་པ་ནི་འདིར་དྲངས་བའི་མདོ་འདུས་ཀྱི་ལུང་ཚིག་དང་དགོངས་དོན་གཅིག་ཏུ་བབས་འདུག   དེ་བཞིན་གངས་ཏི་སེ་ནི་ཡི་དམ་དབལ་ཆེན་གེ་ཁོད་མགོན་པོ་རྣམ་གསུམ་གྱི་གནས་རི་དང་།  འོལ་གླིང་གཡུང་དྲུང་དགུ་བརྩེགས་ནི་དྲང་སྲོང་ཐེག་པའི་ལྷ་གཡུང་དྲུང་ཚེ་ཡི་རྒྱལ་པོ་དང་ཡུམ་ཐུགས་རྗེ་ཀུན་ཁྱབ་མ་སོགས་མ་རྒྱུད་ཀྱི་གནས་རི་ཡིན་པར་གསལ།  དེ་བཞིན་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས།  དེ་ནས་སྟོན་པ་གཤེན་རབ་མི་བོ་ནི། གླིང་གི་སྙིང་པོ་ས་གཞིའི་བཅུད་ལྡན། རི་རབ་རིན་པོ་ཆེ་འོད་དུ་འབར་བ། འོད་ཀྱི་ལྷ་རི་སྤོ་མཐོན་འདྲ་བའི་སྟེང་། རྒྱ་མཚོ་ཆེན་པོའི་ཀློང་འགྲམ། ཆུ་བོ་བཞི་འདུས་ཀྱི་དབུས། གངས་མདུང་རྩེ་འདྲ་བའི་རྩེ། རི་སྤོས་དྲི་ཅན་གྱི་ཚལ། མེ་ཏོག་མཛེས་པ་གཞའ་ཚོན་གྱི་གླིང་། དར་དཀར་ཉི་མ་རིས་ཀྱི་གུར་འོག  ཅེས་གསལ་བར་གསུངས་པ་དང་བོན་གྱི་དཔེ་ཆ་ཁག་ལས་འོད་ཀྱི་ལྷ་རི་སྤོ་མཐོན་ནི་འོལ་གླིང་གི་ཤར་དུའམ་ལྷོ་ཤར་དུ་ཡོད་པར་གསུངས་པས་ས་ཚིགས་ཀྱི་ཡུལ་དབུས་གངས་ཏི་སེ་ནི་འོད་ཀྱི་ལྷ་རི་སྤོ་མཐོན་ཡིན་པའི་སྒྲུབ་བྱེད་མང་པོ་ཡོད།   མདོར་ན་འོད་ཀྱི་སྤོ་མཐོན་ནི་གཤེན་རབ་མི་བོས་བོན་འཁོར་བསྐོར་སའི་ས་གནས་གལ་ཆེན་ཞིག་ཡིན་པས།  གཤེན་རབ་མི་བོའི་བཀའ་ཡི་ནང་དུ་ཞང་ཞུང་སྨར་གྱི་སྐད་མང་པོ་ཡོད་པའི་རྒྱུ་མཚན་དེ་ཡིན་པར་སྙམ།  །
   གསུམ་པ།  ཆུ་བོ་བཞི་དང་པག་ཀྵུ་དང་ནི་སི་འདུས་བཅད་པ་སྟེ།  མཛོད་དང་མངོན་པ་གོང་གི་མདོ་འདུས་སོགས་ཀྱི་དགོངས་དོན་གྱི་ཆུ་བོ་བཞི་ནི་སྤྱིར་འཛམ་བུ་གླིང་གི་ཆུ་བོ་ཆེན་པོ་བཞི་ཡིན་ཏེ།  ཇི་སྐད་དུ།  གང་གཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ།  དེའི་བྱང་ཕྱོགས་རྒྱ་མཚོར་སི་ཏ་འགྲོ།  པཀྵུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོར།  སིན་དྷུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། ཞེས་པ་ལྟར་༼མཆན། ཆུ་བཞིའི་སྐོར་ཁོ་བོས་(ཕྱོགས་བཞིར་བབས་པའི་ཆུ་བོ་བཞིའི་སྐོར་གྱི་དཔྱད་གཞིའི་ཟིན་ཐོ།)ཞེས་པ་དང་(གངས་རི་མཚོ་གསུམ་གྱི་ཕྱོགས་བཞིར་ཁ་འབབ་ཆུ་བོ་ཆེན་པོ་བཞི།)ཞེས་པའི་རྩོམ་ཐུང་ཞིག་དྲ་ལམ་དུ་སྤེལ་ཡོད་པ་དེར་གཟིགས།།༽དེའི་ནང་ཚན་ཆུ་བོ་པཀྵུ་ནི་ཨ་མུའུ་ཆུ་བོ་དང་སི་གར་ཆུ་བོ་སོགས་མཉམ་དུ་འདྲེས་པར་ཆུ་བོ་པཀྵུ་ཞེས་བརྗོད་ཅིང་མཐར་ཐོད་དཀར་རམ་ཨུ་ཟ་གྷི་ཁེ་ལི་སི་ཐན་ནས་རྒྱུད་དེ་མཐར་ནུབ་ཀྱི་ཨར་ལས་སི་ཁེ་རྒྱ་མཚོ་ལ་འདྲེས་ཡོད་པས་འོལ་གླིང་ནུབ་ནི་ཆུ་བོ་པཀྵུའི་བཅད་ཡོད་པ་དང་།   ཆུ་བོ་སིན་དྷུ་ནི་གླང་ཆེན་ཁ་འབབ།  སེང་གེ་ཁ་འབབ།  སྦལ་ཏིའི་ཤ་ཡག་གཙང་པོ།  ཟ་ཧོར་གྱི་ཙནྡ་བྷ་ག་གཙང་པོ་སོགས་མཉམ་དུ་འདྲེས་པར་ཆུ་བོ་སིན་དྷུ་ཞེས་བརྗོད་ཅིང་མཐར་པ་ཀི་སི་ཐན་དང་རྒྱ་གར་གྱི་ནུབ་མཐའ་ནས་བབས་ཤིང་སིན་དྷུའི་རྒྱ་མཚོ་ལ་འདྲེས་ཡོད་པས་འོལ་གླིང་གི་ལྷོ་ཕྱོགས་ནི་ཆུ་བོ་སིན་དྷུའི་བཅད་ཡོད།   དེ་ལྟར་མདོ་འདུས་ཀྱི་དགོངས་དོན་ནི་གངས་རི་མཚོ་གསུམ་ནི་འཛམ་བུ་གླིང་གི་ཡུལ་དབུས་སུ་བྱས་ཏེ་རྩིས་པའི་བྱང་ནུབ་ཏུ་གཤེན་ཡུལ་འོལ་མོ་ལུང་རིང་དང་།  སྤོས་རི་ངད་ལྡན་གྱི་བྱང་དུ་རི་ནག་དགུ་འདུས་ཀྱིས་ར་བས་བསྐོར་ཞིང་།  ནུབ་ཏུ་ཆུ་བོ་པཀྵུ་དང་།  ལྷོ་རུ་ཆུ་བོ་སིན་དྷུའི་བཅད་པའི་བར་དུ་འོལ་མོ་ལུང་རིང་ཡོད་པ་གསལ་བར་བསྟན་ཡོད་པས་སོ།།  འོལ་མོ་ལུང་རིང་ཞེས་འདོད་རྒུ་འབྱུང་སའི་ལུང་པ་རིང་པོ་ཞིག་ལ་གོ་བའི་ཚུལ་ནི།  མདོ་གཟེར་མིག་ལས།  འོལ་ནི་སྐྱེ་བ་མེད་པས་འོལ། །མོ་ནི་འདོད་པ་འབྱུང་བའི་མོ། །ལུང་ནི་བཀའ་ལུང་སྟོན་པས་ལུང་། །རིང་ནི་ཐུགས་རྗེ་སྲིངས་པས་རིང་། །དེའི་ཕྱིར་ན་འོལ་མོ་ལུང་རིང་ངོ་།  ཞེས་གསུངས་པའི་ངེས་ཚིག་འདི་ང་ཚོས་ཕར་ལྟས་ཚོད་ལྟར་ན། ཁྲོ་བོ་དབང་ཆེན་ལས། གཟེ་ནི་སྐྱེ་བ་མེད་པའི་གཟེ། མ་ནི་འགག་པ་མེད་པའི་མ། ཞེས་པ་ལྟར་ཆེ་བ་བརྗོད་པའི་ཚུལ་ཞིག་ཡིན་དེ་ལྟར་དུ་སྦྱར་བའི་ཚུལ་ཡོད་མོད།  དོན་དུ་འོལ་ནི་སྟོང་པ་གོ་ཞིང་། མོ་ནི་སྲིད་པ་མོ་རིགས་ལ་གོ་བ་དང་། ལུང་ནི་བཀའ་ལུང་སྟེ་སྟོན་པའི་བཀའ་རྒྱུད་ལུང་མན་ངག་གི་གོ་དོན་ནི། རིམ་པ་བཞིན་དུ་རི་རྒྱུད་ལྟ་བུ། ལ་བཅད་ལུང་པ་ལུང་པ་ལྟ་བུ། མ་ཡི་ངག་ལྟ་བུར་སྦྱར་ཏེ་གོ་བར་གསུངས་ཡོད་པས། དེས་ན་ལུང་ནི་ལུང་པར་གོ་ཞིང་རིང་ནི་རིང་པོར་གོ་བའི་ཚུལ་ཁ་གསལ་འཁོད་འདུག་པས།   འདོར་ན་འདོད་རྒུ་འབྱུང་སའི་ལུང་པ་རིང་པོ་དེའི་མིང་འདོག་སའི་གཞི་དེ་གླང་ཆེན་ཁ་འབབ་དང་། སེང་གེ་ཁ་འབབ་གཉིས་ཀྱི་རྒྱུད་དུ་ཡིན་པ་ཁ་གསལ་རེད་སྙམ།   ཡིན་ནའང་ཆུ་བོ་པཀྵུ་ནི་རྟ་མཆོག་ཁ་འབབ་དང་།  ཆུ་བོ་སིན་དྷུ་གླང་ཆེན་ཁ་འབབ་མ་ཡིན་ནམ་ཞེ་ན།   མདོ་འདུས་ལེའུ་གཉིས་པ་ལས།   གང་གཱ་ཤར་ཕྱོགས་གླང་ཆེན་ཁ་ནས་འབབ།   སིནྡྷུ་ལྷོ་ཕྱོགས་ཁྱུ་མཆོག་ཁ་ནས་འབབ།    པཀྵུ་ནུབ་ཕྱོགས་རྟ་ཡི་ཁ་ནས་འབབ།    སི་ཏ་བྱང་ཕྱོགས་རྨ་བྱའི་ཁ་ནས་འབབ།   ཆུ་ཀླུང་རབ་མཆོག་བཞི་པོ་དག་ནི།   རེ་རེ་ལ་ཡང་ཆུ་གཡོག་ལྔ་བརྒྱ་དང་བཅས་པར།   ཆུ་ཡི་རྒྱུན་རྣམས་ཕྱོགས་བཞིར་བརྒྱ་མཚོར་འགྲོ།  རྫིང་བུ་དལ་གྱི་འབབ་པ་དང་།  ཞེས་གསུངས་པས་དེ་ནི་མཛོད་དང་མངོན་པ་ལས་བྱུང་བའི་སྤྱིར་འཛམ་བུ་གླིང་གི་ཆུ་བོ་ཆེན་པོ་བཞིའི་ཕྱོགས་དང་མཐུན་ཞིང་ཕྱོགས་བཞིའི་རྒྱ་མཚོར་བབས་ཡོད་པ་དང་།   ད་ལྟའི་བོད་ཀྱི་ཁ་འབབ་ཀྱི་ཆུ་བོ་བཞི་ནི་ཕྱོགས་དང་མཐུན་མེད་པ་མ་ཟད་ཕྱོགས་བཞིར་རྒྱ་མཚོར་བབས་མེད་པ་དབང་པོ་མངོན་སུམ་གྱིས་གསལ་བས་སོ། །
    བཞི་པ།  རི་ནག་པོ་དགུ་འདུས་ཀྱི་ར་བ་སྟེ།     བསྒྲགས་པ་རིན་ཆེན་གླིང་བསྒྲགས་ལས།   དེ་ཡང་ཡ་བག་ཤ་ར་དང་།   མལ་དྲོས་ཀྱི་བྱང་ནུབ་ན་སྤོས་རི་ངད་ལྡན་ཡོད།   གངས་དེའི་ནུབ་ནས་བྱང་དུ་རི་ནག་པོ་དགུ་ཡོད་དེ།   དེ་ཡང་ཕྱི་ནས་ནང་སུ་བརྩིས་ཏེ་འཛམ་གླིང་ཕྱི་ཡི་ཁ་ཁྱེར་ལ་མཚོ་དང་གླིང་དུ་འབྱེད་པ་ཏིང་ཝེར་གྱི་རི་བྱ་བ་ཡོད་དོ།   དེ་ལ་གཅན་གཟན་སྣ་ཚོགས་གནས་སོ།   དེའི་ལྷོ་ན་མཐའ་འཁོབ་དང་ཡང་འཁོབ་ཏུ་འབྱེད་པ།   རི་བོ་ད་ཤན་བྱ་བ་ཡོད་དོ།   དེ་ལ་གནོད་སྦྱིན་ཕོ་མོ་དངོས་སུམ་དུ་རྒྱུག་པ་གནས་སོ།   དེའི་ལྷོ་ན་ཡང་འཁོབ་དང་མཐའ་འཁོབ་ཏུ་འབྱེད་པ།   ལ་ཤང་ཙེ་མང་གི་རི་བྱ་བ་ཡོད་དོ།   དེ་ལ་རྩ་བ་ན་ཤིང་རྩི་ཡོད་དོ།   དེ་ལ་མི་རྒོད་དང་ཤ་རྒོད་ལ་སོགས་རི་དྭགས་གནས་སོ།   དེའི་ལྷོ་ན་མཐའ་འཁོབ་དང་གེ་སར་དུ་འབྱེད་པ་རི་ད་ཤན་བྱ་བ་ཡོད་དེ།   དེ་ལ་རྩི་ཤིང་ཡོད་པས་འདབ་ཆགས་མང་པོ་གནས་སོ།   དེའི་ལྷོ་ན་གེ་སར་དང་ཕྲོམ་དུ་འབྱེད་པའི་རི།   བྱང་གཙུག(རི)བྱ་བ་ཡོད་དོ།   དེ་ལ་རྩི་ཤིང་ནགས་ཚལ་ལ་གཅན་གཟན་དང་འདབ་ཆགས་གནས་སོ།   དེའི་ལྷོ་ན་ཧོར་དང་གྲུ་གུར་འབྱེད་པ་ཤང་ལ་ནག་པོ་བྱ་བ་ལྕགས་རི་དང་ཟངས་ཐང་དུ་ཡོད་པའོ།   དེའི་ལྷོ་ན་གྲུ་གུ་དང་ཧོར་སེར་དུ་འབྱེད་པ།   བ་དག་ཤན་གྱི་རི་བྱ་བ་ཡོད་དོ།    དེའི་ལྷོ་ན་ཞང་ཞུང་གི་རི་བྱ་རྐང་ཅན་བྱ་བ་ཡོད་དོ།   དའི་ལྷོ་ལ་སྤོས་རི་ངད་ལྡན་ཡོད།   རི་བོ་དགུ་པོ་དེ་མདོག་གཞན་པའི་ནག་པས།   རི་ནག་དགུ་འདུས་ཞེས་བྱའོ།   དེའི་ལྷོ་ན་རྣིལ་དང་རོང་ཞེས་བྱ་སྟེ།   ཏི་ཙི་དང་མ་པང་ཡོད།  ཅེས་གསུངས་པས་ད་ལྟ་མ་པང་མཚོ་ཡི་བྱང་དུ་(དེང་སང་བོན་རི)སྤོས་རི་ངད་ཡོད་ཅིང་དེའི་བྱང་མཐའ་ཕྱི་ཡི་རྒྱ་མཚོ་སྟེ་བྱང་གི་ཁ་ལ་རྒྱ་མཚོའི་བར་དུ་ཞང་ཞུང་དང་ཧོར་སེར་ཏེ་ལི་ཡུལ་དང་།  ཧོར་སེར་དང་དྲུ་གུ  ཁྲོམ་དང་གེ་སར།  གེ་སར་དང་མཐའ་འཁོབ།  མཐའ་འཁོབ་དང་ཡང་འཁོབ། ཡང་འཁོབ་དང་མཐའ་འཁོབ།  འཛམ་གླིང་ཕྱི་ཡི་ཁ་ཁྱེར་དང་མཚོ་དང་གླིང་བཅས་འབྱེད་བྱེད་ཀྱི་རི་བོ་དང་རི་རྒྱུད་ཤ་དག་ཡིན་པས།  རི་བོ་དང་རི་རྒྱུད་དེ་དག་ནི་འོལ་མོ་ལུང་རིང་གི་བྱང་དུ་ར་བ་བསྒྲག་མས་བསྐོར་ཡོད་པའི་རི་བོ་དེ་དག་རེ་རེ་བཞིན་དུ་ངོས་འཛིན་གསལ་པོར་བྱེད་མ་ཤེས་ཀྱང་དཔལ་ཚུལ་གྱི་གཡུང་དྲུང་བོན་གྱི་བསྟན་འབྱུང་ལས་གསལ་ཁ་ཅུང་ཙམ་འཁོད་ཡོད།།
   ལྔ་པ། དེ་ཡི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་སྟེ།   འོལ་མོ་ལུང་རིང་ནི་འཛམ་གླིང་གི་ཡུལ་དབུས་གངས་རི་མཚོ་གསུམ་སྟེ་གངས་ཏི་སེ་དང་། མཚོ་མ་པང་།  རི་བོ་སྤོས་རི་ངད་ལྡན་དབུས་སུ་བྱས་པའི་ཕྱོགས་བཞིར་ཆུ་བོ་ཆེན་པོ་བཞི་འབབ་པའི་བྱང་ནུབ་དབལ་སོ་གངས་ཀྱི་ར་བའི་ནང་དུ་གཤེན་རབ་ཀྱི་འཁྲུངས་ཡུལ་ཡོད་པ་ནི་འོལ་མོ་ལུང་རིང་གི་སྐོར་འཁོད་པའི་བོན་གྱི་བཀའ་དང་བཀའ་བརྟེན་ཁག་ཕར་ཆེ་བའི་དགོངས་དོན་གཅིག་མཚུངས་སུ་ཆགས་ཡོད།   ཡིན་ནའང་འོལ་མོ་ལུང་རིང་ནི་གངས་རི་མཚོ་གསུམ་གྱི་བྱང་ནུབ་ཏུ་ཡོད་པར་གཅིག་མཚུངས་སུ་ཆགས་ཡོད་ནའང་དེའི་བར་དུ་ས་ཐག་རིང་ཐུང་ག་ཚད་ཡོད་མེད་ཀྱི་སྐོར་ལ་སྔ་དེང་གི་མཁས་པ་ཁག་གིས་བཞེད་པ་མི་འདྲ་བ་འགའ་ཞིག་ཡོད་མོད་ཀྱང་།   ཁོ་བོས་འདིར་གཤེན་རབ་འཁྲུངས་ཡུལ་ཞང་ཞུང་ཕུགས་པ་འོལ་མོ་ལུང་རིང་ནི་སྦལ་ཏི་དབུས་སུ་བྱས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་གཏན་ཚིག་ཁག་འགའ་ཞིག་འགོད་རྒྱུ་ཡིན།   དེའང་བོན་གྱི་དཔེ་ཆ་ཁག་གི་ནང་དུ་ཞང་ཞུང་སྒོ་ཕུགས་བར་གསུམ་དབྱེས་ཡོད་པ་དང་།  ཞང་ཞུང་སྒོ་ཕུག་བར་གསུམ་དབྱེ་ཚུལ་སྔ་ཤོས་ནི་ཀུན་འབུམ་གོ་འབྱེད་རྩ་རྒྱུད་ཡིན་ཞིང་དེའི་དགོངས་དོན་ནི།   ཞང་ཞུང་ཕུག་པ་འོལ་མོ་ལུང་རིང་གཡུང་དྲུང་གསལ་བ་འོད་ཀྱི་གླིང་ཡོན་ཏན་གྱི་ཡུལ་དབུས།  བར་པ་རྒྱལ་མཁར་བ་ཆོད།  སྒོ་པ་ཁྱུང་ལུང་དངུལ་མཁར་གྱི་སྐོར་ཁ་གསལ་འཁོད་ཡོད་པས་ད་ལྟའི་མངའ་རིས་ལ་གཤེན་རབ་ཀྱི་འཁྲུངས་ཡུལ་མིན་པ་ཤེས་ནུས་པ་ཡོད།   ཀུན་འབུམ་གོ་འབྱེད་ནི་གཡུང་དྲུང་བོན་གྱི་བཀའ་འགྱུར་ཁྲོད་དུ་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་སྔ་ཤོས་དེ་ཡིན་ལ། དཔེ་ཁུངས་ནི་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་ནས་བརྒྱུད་པའི་ས་འོག་གཏེར་དུ་མ་སོང་བའི་བོན་སྡེའི་གྲལ་གཤེན་རབ་ཀྱི་བཀའ་མ་རུ་རྩི་བ་ཡིན།   ད་ལྟ་བཞུགས་ཡོད་པའི་སྨོན་རྒྱལ་ལྷ་སྲས་ཀྱི་བཀའ་འགྱུར་གྱི་ནང་གི་ཀུན་འབུམ་གོ་འབྱེད་ལས།  འདིའི་ནང་དུ་གནས་ཆེན་དྲུག་ཅུ་རེ་གཅིག་ལས།  མཛད་པ་དྲུག་ཅུ་རེ་གཅིག་མཛད་པའི་སྐོར་ཡོད་པར་གསུངས་མོད།   དེའི་གྲལ་དུ་ནང་མཛོད་སངས་རྒྱས་ཀྱི་དགོངས་པའི་གནས་ལྔ།  ངོ་མཚར་ཅན་གྱི་ཚལ་བཞི།  བར་མཛོད་དཔལ་གྱི་རྒྱལ་ཁམས་བཞིའམ་གྲགས་པའི་ཡུལ་ཆེན་བཞིའི་ནང་ནས་གཉིས།  བར་མི་ཡུལ་དུ་རྐྱེན་ལ་དགོངས་པ་བཞིའི་ནང་ནས་གསུམ་བཅས་གནས་ཆེན་བཅོ་ལྔའི་མཛད་པར་ལེའུ་བཅུ་དགུ་བཞུགས་འདུག་ཅིང་།  ད་དུང་གྲགས་པའི་ཡུལ་ཆེན་བཞིའི་ནང་གི་འཇུག་གི་གནས་གཉིས་དང་།  བར་མི་ཡུལ་དུ་རྐྱེན་པ་དགོངས་པ་བཞིའི་ནང་ན་གཅིག   ཕྱི་མཛོད་ཁྱད་པར་ཅན་གྱི་གླིང་བཅུ་གཉིས།  མཐའ་སྐོར་མི་སྲུན་པའི་མགོ་བརྙན་ཅན་གྱི་ཡུལ་བཅུ་དྲུག   སྟེང་ལྷ་ཡུལ་དུ་ཡོངས་སུ་གྲགས་པ་བརྒྱད།  འགོ་མཐའ་ཡུལ་དུ་སྣང་བ་གར་མི་མཐུན་དུ་གསུང་བ་བརྒྱད་བཅས་གནས་ཆེན་བཞི་བཅུ་ཞེ་བཞི་དང་མཛད་པ་ཞེ་བཞི་བཅས་ཀྱི་ལེའུ་ཚང་མི་འདུག་པས་ཧ་ཅང་འཕང་སེམས་ཆེའོ།  །    དཔེ་ཆ་འདི་ནང་དུ་བར་མཛོད་ཀྱི་རྒྱལ་ཁམས་བཞིའི་ནང་ཚན་ཤར་ཕྱོགས་བར་པོ་སོ་བརྒྱད་ཀྱི་ཉེ་བར་བར་ར་ཏིའི་རྒྱལ་ཁམས་ཞེས་བདེར་གཤེགས་སྟོང་གི་སྐུ་འཁྲུངས་གནས་དང་། རྒྱལ་རིགས་དམུ་ཡི་ཡུལ་སྟོན་པ་གཤེན་རབ་ཀྱི་ཡབ་རྒྱལ་བོན་ཐོད་དཀར་དང་།  མྱེས་པོ་རྒྱལ་པོ་ཐེམ་སྐས་སོགས་དམུ་རིགས་ཀྱི་རྒྱལ་ཁམས་ཡིན་པ་གསལ་བར་བསྟན་ཡོད།  དམུ་རིགས་ཀྱི་ཡུལ་ཁམས་འདི་ལ་བར་ར་ཏི་དང་བར་ཏི་ཞེས་བྲིས་འདུག་པས།   སྦལ་ཏི་དང་ཧ་ཅང་ཐག་ཉེ་བའི་སྒྲའམ་ཡི་གེ་འབྲི་སྟངས་ཤིག་ཡིན་འདུག་པས།   དཔེར་ན་བ་ར་ཏི་ཞེས་པ་ཡི་གེ་ཕྲལ་ཏེ་འབྲི་བའམ་ཀློག་པའི་ཚུལ་ནི།   དྲུག་གུ་ལ་དུ་རུ་ཁ་དང་།   དབྱི་མོང་ལ་དབི་ཡ་མོང་ཞེས་བརྗོད་པ་ལྟ་བུ་མངའ་རིས་དང་རྒྱལ་རོང་གི་ཀློག་སྟངས་ལྟ་བུར་ཡི་གེ་འགའ་རེར་ཕྲལ་ཏེ་ཀློག་ཚུལ་འདི་སྔོན་དུས་ཀྱི་ཀློག་སྟངས་ཤིག་ཡིན་པར་འདུག།    དེ་བཞིན་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ཁག་ལས་འོལ་གླིང་དང་གངས་ཏི་སེའི་བར་དུ་ས་ཐག་ཅུང་ཙམ་རིང་པོ་ཡོད་པར་འཁོད་ཡོད་པས།  མདོ་གཟེར་མིག་ལས་བོད་དང་སྟག་གཟིག་གི་སོ་མཚམས་ནི་མེ་འབར་བྲག་གསེབ་དང་།  རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། ཞང་ཞུང་དང་སྟག་གཟིག་གི་རུ་མཚམས་མེ་འབར་བྲག་གསེབ་དང་སོ་མཚམས་ནི་དབལ་སོ་གངས་རི་དང་།  མདོ་དྲི་མེད་ལས་ཟ་ཧོར་དང་སྟག་གཟིག་སོ་མཚམས་ནི་དག་ཤ་དུང་སྒོ་དང་།  སྟག་གཟིག་དང་ཞང་ཞུང་གི་སོ་མཚམས་ནི་མེ་འབར་བྲག་སྟེ་པདྨའི་མེ་བྲག་ལ་སྐུ་གསུམ་མེ་ལྷའི་དཀྱིལ་འཁོར་ཡོད་ས་དེར་ཡིན་པར་གསལ་ཞིང་དཔྱད་ན་སྟོན་པ་གཤེན་རབ་ཡར་བོད་དུ་ཕེབ་ལམ་ལྷོ་རྒྱུད་གླང་ཆེན་གཙང་པོའི་ཆུ་རྒྱུད་དང་།  ཕྱི་རྗེས་འོལ་གླིང་དུ་སེང་གེ་གཙང་པོའི་ཆུ་རྒྱུད་དུ་ཕེབ་པ་ལྟ་བུ་འདུག  མདོར་ན་དེའི་བར་དུ་ས་ཐག་ག་ཚད་ཡོད་ཀྱི་སྐོར་ནི་སྙ་ཆེན་ལི་ཤུ་སྟག་རིང་སྟག་གཟིག་འོལ་གླིང་ཕེབས་པའི་སྐོར་དེ་བདེན་དབང་ཡག་ཤོས་དེ་ཡིན་པར་ངེས་ཏེ། ཡང་རྩེ་ཀློང་ཆེན་ལོ་རྒྱུས་ལས། སྟག་གཟིག་ཡུལ་ནས་བོན་གྱི་ཡང་བཅུད་ཁྲི་ཕྲག་དུ་མ་ཅིག  ཁྲུང་ཁྲུང་ཀང་ཀ་བྱ་རྒོད་དུར་ལ་བཀལ་ནས། དྲོ་ཐེབ་ཅིག་གིས་ཏི་ཙེ་རུ་ཕེབ། དེ་ནས་དྲོ་ཐེབ་ཅིག་གིས་བསམ་ཡས་སུ་ཕེབས། ཞེས་དང་། སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོའི་ལེའུ་བཅུ་གཅིག་པ་ལས།   སྙ་ལི་ཤུ་སྟག་རིང་གིས།  བོད་དང་ཞང་ཞུང་གི་ཡུལ་དང་།  སྟག་གཟིག་གི་ཡུལ་དུ་བོན་རིན་པོ་ཆེ་འཚོལ་ནས་བོད་ཀྱི་ཡུལ་དུ་བསྟན།  བསྟན་པ་སྤེལ་བར་དགོངས་ནས།  གླང་པོ་ཆེ་རྟ་མཆོག་གྲང་སེར་ནས་ཆས་སོ།  བོད་དང་ཞང་ཞུང་དང་།  སྟག་གཟིག་གི་བར་ནས་ལམ་འཕྲང་ཤིན་ཏུ་རྩུབ་པ་དང་།  མི་ཐར་བའི་ལམ་འགག་ནི་ཆུ་སྲིན་མ་བུ་དགུ་འདྲོལ་བ་དང་།  བདུད་ཁྱབ་པས་གཤེན་རི་ལ་མེ་བསྐྱེལ་པའི་སོལ་བའི་རི་ལ་ཉི་མ་བདུན་སོང་བས།  རྐང་མགྱོག་གི་སྒྲུབ་པ་ལྡན་པས་མཆོད་པར་སྟག་གཟིག་གི་ཡུལ་དུ་ཐོན།  གྲུབ་པ་བསྙེམས་པའི་བོན་པོ་ནི།  ཁ་ནས་གསེར་ཛོ་འཕྲོ་བ།  ལག་ནས་ཐོག་འཕོང་བས།  ལྷ་སྲིན་བྲན་དུ་འཁོར་བ་མཆོག་ཐུན་མོང་གི་གྲུབ་རྟགས་དུ་མ་དང་ལྡན་པ་རྣམས་ལ།  གསེར་ལ་སོགས་པའི་རིན་པོ་ཆེ་ཕུལ་ནས།  རྒྱུ་འབྲས་གྱི་བོན་ལ་སོགས་པ་ཐམས་ཅད་ཞུས་ནས།  བོད་དུ་ཡོང་བསམ་ནས། ཞེས་གསུངས་པས་ལུང་གོང་མ་ཡང་རྩེ་ཀློང་ཆེན་ནང་ནས་འོལ་མོ་ལུང་རིང་དང་གངས་ཏི་སེའི་བར་ཐག་གསུངས་དང་། ལུང་འོག་མ་སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ་ལས་ལི་ཤུ་དངོས་སུ་སྟག་གཟིག་འོལ་གླིང་ཕེབས་པའི་སྐབས་ཀྱི་གནས་ཚུལ་ངོ་མ་དེ་བརྗོད་པའི་ཚུལ་ཡིན་པར་འདོད།  དེ་ལྟར་ལི་ཤུ་སྟག་གཟིག་དང་། ཞང་ཞུང་། བོད་ཀྱི་བར་དུ་འཕུར་སོང་བའི་སྐོར་དེ་ནི་ལོ་རྒྱུས་དངོས་རྒྱུས་དངོས་ཡིན་པ་ཁ་ལེན་གནང་མཁན་དཀོན་ཀྱང་། གངས་ཏི་སེ་དང་བོད་ཡུལ་དུ་བསམ་ཡས་བར་དུ་ས་ཐག་རིང་ཐུང་ག་ཚད་ཡོད་པ་ལྟར་གངས་ཏི་སེ་དང་འོལ་གླིང་གཡུང་དྲུང་དགུ་བརྩེགས་བར་དུ་གཅིག་མཚུངས་སུ་ཡིན་པ་གསལ་བར་བསྟན་པ་ཡིན།  དེས་ན་འོལ་གླིང་ནི་གངས་རི་མཚོ་གསུམ་དབུས་སུ་བྱས་པའི་བྱང་ནུབ་སྟེ། ད་ལྟའི་སྦལ་ཏི་སི་ཐན་དང་ཤིང་ཅང་གི་ལྷོ་རྒྱུད་དུ་ཁེལ་ཡོད་ཅིང་། ས་གནས་དེ་དག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་ཤུལ་དང་གནའ་རྫས་གྱ་ནོམ་པོ་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན།   དེ་བཞིན་གྱེར་སྤུངས་དྲན་པ་ནམ་མཁའ་ནི། རྩ་རྒྱུད་ཉི་སྒྲོན་ལས།  དུས་དེར་ཞང་ཞུང་གི་ཡུལ་ཁྱུང་ལུང་དངུལ་མཁར་ན། དྲན་པ་ནམ་མཁའ་སྐྱེ་བ་བཞེས། གཤེན་རབ་ཐུགས་ཀྱི་བསྟན་པའི་ལས་དཔོན་ཡིན། གཞན་དོན་མཛད་ཕྱིར་ཞང་ཞུང་སྟག་གཟིག་ཨུ་རྒྱན་རྒྱ་གར་རྒྱ་ནག་ལ་སོགས་སུ། ལན་གྲངས་བཅུ་གསུམ་གདམས་ངག་བླངས། གཤེན་རབ་ཞལ་ནས་གསུངས་ཚད་ཡི་གེར་བཀོད། བོད་ཁ་བ་ཅན་དུ་བསྒྱུར་དེ་གཏན་ལ་ཕབ། འདུ་གནས་སུམ་ཅུ་རྩ་བདུན། སྒྲུབས་པ་པོ་བཞི་བཅུ་ཞེ་བརྒྱད། བོན་ཆེན་ཉི་ཤུ་རྩ་བཞི། གཡུ་རྔ་ཅན་བཅུ་གསུམ། མཁས་དགུ་དང་མཐུ་ཆེན་དགུ། མཐོ་ཁྱུང་ལུང་དངུལ་མཁར། དམའ་ཤེལ་ལེ་རྒྱ་གར་སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དུ། སྲིད་པའི་བོན་དར་ཞིང་རབ་ཏུ་གཉན་པར་བཞུགས་སོ། དེ་ནི་མཁས་པ་མི་བཞིའི་སྐུ་ཚེའི་སྟོད་དོ།  ཞེས་དང་། དེ་ནས་མི་ལོ་ཁྲི་རྫོགས་ཞང་ཞུང་དར་མའི་ཡུལ། གྲོང་ཁྱེར་རྒྱལ་བ་མཉེས་པའི་དབུས། ཁྱུང་ལུང་དངུལ་མཁར་འོལ་མོ་སྒོ་བཞི་རུ། གཤེན་རབ་ཐུགས་ཀྱི་བསྟན་པའི་ལས་དཔོན་དྲན་པ་ནམ་མཁའ་བྱོན།  གཤེན་རབ་གསུང་ཚད་བོན་རྣམས་ཡི་གེར་བྲིས་ཏེ། བོད་[དུང]ཤོག་དཀར་ལ་བཏབ། ཞང་ཞུང་རྟག་གཟིགས་རྒྱ་བོད་ལོ་ཚ་བསྒྱུར། རྫུ་འཕྲུལ་ཞབས་ཀྱིས་རྟག་གཟིགས་བོན་རྣམས་བོད་དུ་སྤེལ།  ཞེས་སོགས་གྱེར་སྤུངས་དྲན་པ་ནམ་མཁའ་སྟག་གཟིག་འོལ་མོ་ལུང་རིང་དུ་ལན་ལྔ་ཙམ་ཕེབས་པའི་ལོ་རྒྱུས་ཁོང་གིས་རྣམ་ཐར་ཁག་ལས་གསལ་བ་དང་།  གོང་དུ་སྙ་ཆེན་ལི་ཤུ་སྟག་རིང་འོལ་མོ་ལུང་རིང་དུ་ཕེབས་པའི་ཚུལ་དང་དེ་བཞིན་རྫུ་འཕྲུལ་ཡེ་ཤེས་སོགས་བོན་གཤེན་རིག་འཛིན་འགའ་ཞིག་ནི་ཞང་བོད་ནས་སྟག་གཟིག་འོལ་མོ་ལུང་རིང་བར་དུ་ཕེབས་པའི་ལོ་རྒྱུས་མི་ཉུང་བ་ཞིག་བཞུགས་འདུག་པས།  ད་ལྟའི་གངས་ཏི་སེའི་རྒྱུད་དུ་འོལ་མོ་གླིང་དུ་རྩིས་ན་རྒྱལ་འཕགས་རིན་འཛིན་ཁོང་རྣམ་པ་ས་གནས་འདི་རུ་བཞུགས་བཞིན་ཏུ།  ད་དུང་སྟག་གཟིག་དང་ཞང་ཞུང་གི་ས་མཚམས་དང་ཆུ་མཚམས་། ལམ་འཕྲང་། དེའི་མིང་། ལན་གྲངས་སུ་ཕེབས་པའི་སྐོར་གསལ་པོར་གསུངས་པ་དང་། མདོ་སྔགས་སེམས་སྡེའི་བརྒྱུད་པའི་བླ་མ་བཅས་སྟག་གཟིག་དང་ཞང་ཞུང་ཞེས་སོ་སོར་དབྱེ་སྟེ་གསུངས་དགོས་པའི་རྒྱུ་མཚན་གང་ཡང་མེད་དོ། །
   དྲུག་པ།  ཞར་བྱུང་ས་གནས་ངོས་འཛིན་གྱི་སྐོར་ཁ་ཤས་ཞུ་ནས།  དབལ་སོ་གངས་རིའི་གསེང་གི་དག་ཤ་དུང་གི་སྒོ་མོ་དང་ཟ་ཧོར་མེ་འབར་བྲག་བཅས་ནི། གྲུབ་དབང་བསྟན་འཛིན་རིན་ཆེན་གྱི་རང་རྣམ་ལས།   རོང་ཆེན་དེར་ཕྱིན་མཐའ་མི་ལམ་བརྒྱུད་ནས། སྔོན་ཚེ་སྟོན་པའི་བྱིན་གྱིས་བརླབས་པ་ཡིས། ལ་དྭག་དག་ཤ་དུང་གི་སྒོ་མོ་ཕྱིན། གར་ཤ་མཁའ་འགྲོ་མཚོ་མཆོག་པདྨ་མཇལ། གར་ཤ་མཁའ་འགྲོའི་གླིང་ཞེས་དེ་རུ་ཡང་། གར་ཤའི་འཕགས་པ་འགྲོ་བ་དྲུག་སྒྲོལ་ཞེས།  གཙུག་ལག་ཁང་དང་ཀ་མ་རུ་པའི་བྲག  དེ་ལ་རྒྱལ་བ་རྒྱ་མཚོའི་རང་བྱོན་པ། མི་ཚད་ལྡན་པའི་ཕྱག་ན་བུམ་ཆུ་འབབ།  མཐའ་རུ་རིགས་དྲུག་གྲོང་ཁྱེར་ཆགས་ཚུལ་གྱིས།  བསེ་རག་ཡི་དྭགས་ཁ་རུ་མངོན་འབེབ་འདུག  སྔོན་གྱི་མཁའ་འགྲོའི་ཆགས་ཚུལ་བཀོད་པ་རྣམས། མཁའ་འགྲོའི་སྐུ་འདྲ་སྨང་ར་ཨག་ཙོམ་ཅན། མི་ཚད་ཙམ་ཡང་མང་དུ་མཇལ་རྒྱུ་འདུག  མཚོ་མཆོག་པདྨ་ཅན་གྱི་བཀོད་པ་ནི། སྔོན་ཚེ་སངས་རྒྱས་སྟོན་པས་བྱིན་གྱིས་བརླབས་པའི་གནས། པདྨ་མེ་བྲག་ཞེས་བྱ་དེ་རུ་ཕྱིན། མཚོ་ཞིང་མདའ་རྒྱང་ཚད་དུ་མཐའ་ལ་ཡང་། ལྕགས་རིའི་སྐོར་ཞིང་ཕྱོགས་བཞིར་འཁོར་བ་ལ།  གང་མཇལ་དེ་ལ་བྱིན་རླབས་ཞུ་ཆོག་འདུག   ཅེས་གསུངས་པས་གྲུབ་དབང་མཆོག་གིས་དག་ཤ་དུང་སྒོ་ནི་ལ་དྭགས་མངའ་རིས་ཀྱི་བར་དུ་བཅད་པའི་ཧི་མ་ལའི་རི་རྒྱུད་དང་ཁུ་ལུའི་རི་རྒྱུད་ཀྱི་སྦྲེལ་འཚམས་དེ་ཡིན་པ་དང་།  མེ་འབར་བྲག་ནི་ཟ་ཧོར་རམ་ལ་ཧོར་གྱི་མཚོ་པདྨ་ཡིན་པའི་ངོས་འཛིན་གསལ་པོར་གནང་མཛད་འདུག  ས་གནས་དེ་དག་ནི་སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེས་ཞང་ཞུང་བར་པའི་ཡུལ་ཏེ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་སྒྲུབ་གནས་སུ་ཡིན་པ་ཁོང་གིས་རྣམ་ཐར་ལ་ཁ་གསལ་འཁོད་ཡོད།  ཕྱིས་སུ་ལ་ཧོར(Lahore)དང་གར་ཞྭ་མཁའ་འགྲོའི་གླིང་ནི་སྤུ་རྒྱལ་སྲོང་བཙན་གྱི་སྐབས་སུ་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ནང་ཚན་བ་ག་སྟོང་བུ་ཆུང་ཞེས་པ་དེ་འདི་ཡིན་པས། ས་གནས་དེ་དག་ནི་དུས་ཕྱིས་བར་དུ་བོད་ཀྱི་མངའ་ཁོངས་སུ་ཡིན། མདོར་ན་འདིའི་སྐོར་ལུང་འདྲེན་བྱེད་རྒྱུའི་རྒྱུ་ཆ་ཧ་ཅང་མང་པོ་ཡོད་ཀྱང་ཡིག་ཚོགས་མང་བར་དོག་ཅིང་རེ་ཞིག་འཇོག་ཅིང་། །འདིར་ཁོ་བོས་བྲིས་པའི་བོན་ཚིགས་ཀྱི་ཡུལ་དབུས་དམུ་ཡུལ་སྟག་གཟིག་འོལ་མོ་ལུང་རིང་སྐོར་གྱི་དཔྱད་གཏམ་གསེར་གྱི་མེ་ལོང་ཞེས་པའི་ནང་དུ་མདོ་འདུས་ཀྱི་དགོངས་དོན་ལ་གསལ་ཁ་ཙམ་ལས་གཞན་ཡིག་ཚོགས་མང་ཐལ་འགྲོ་བས་ད་ལན་འདི་ཙམ་གྱིས་མཐུན་པ་བྱེད་པ་ཡིན་ནོ།།
ཞང་ཞུང་ཁྱུང་ལུང་རྔུལ་མཁར་གྱི་གནས་སུ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་༢༠༢༡-༣-༢༢ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།