ཞང་ཞུང་རྒྱལ་རབས་ལ་དཔྱད་པ།

[ཟླ་ཚེས། 2020-11-01 10:25:59][རྩོམ་པ་པོ། གཡུང་དྲུང་སྐྱབས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གནའ་བོའི་ཞང་ཞུང་གི་མངའ་ཁོངས་སུ་སྲིད་ཀྱིས་མངའ་བསྒྱུར་བའི་ཞང་ཞུང་གི་རྒྱལ་རབས་སྤྱི་དང་། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད། སྒོས་སུ་དུས་རབས་བདུན་པའི་ནང་བྱུང་བའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་རུས་རྒྱུད་དང་གདུང་སྲས་སོགས་ཀྱི་སྐོར་ལ་ཡིག་ཆ་ཁུངས་བཙུན་པ་མང་བོར་གཞི་བཅོལ་ཏེ་ཞིབ་འཇུག་བྱས་ཡོད།

  བརྡ་ཆད་གཙོ་བོ། ཞང་ཞུང་རྒྱལ་རབས། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད། ལིག་མི་རྐྱ།

གླེང་གཞི།

  སྤྱིར་ཞང་ཞུང་རྒྱལ་རབས་ནི་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་བའི་སྟོབས་འབྱོར་མངའ་ཐང་རྒྱས་པའི་གནའ་བོའི་རྒྱལ་རབས་ཤིག་སྟེ། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་དགུ་བའི་ནང་དུ་དབུ་ཚུགས་པ་ནས། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་བར་དུ་ཞང་ཞུང་གི་རྒྱལ་ས་ཁྱུང་ལུང་དངུལ་མཁར་ལྟེ་བ་བྱས་པའི་ཞང་ཞུང་གི་ཡུལ་ཁོངས་སྤྱི་དང་བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་གྱི་ཆ་མང་བོར་སྲིད་ཀྱི་མངའ་བསྒྱུར་ཡོད་མོད། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཡར་ལུང་གི་རྗེ་བོར་མངའ་གསོལ་བ་ནས། ཡར་ལུང་ཚོ་ཁག་གི་སྲིད་ཤུགས་རིམ་གྱིས་རྒྱས་ཏེ། སྲིད་ཤུགས་ལ་བརྟེན་ནས་ཁོབ་མཐའ་བསྐྱེད་པ་ཡིས། ཞང་ཞུང་རྒྱབ་རབས་ཀྱི་སྲིད་དབང་དང་མངའ་ཐང་སོགས་ཀྱི་ཐད་ལ་འགྱུར་བ་གང་མང་ཞིག་བཟོས་འདུག འོན་ཀྱང་། དུས་རབས་བདུན་པའི་ནང་ཞང་ཞུང་སྲིད་པའི་རྗེ་བོ་ལིག་མི་རྐྱ་ཞང་ཞུང་རྒྱལ་ཁབ་ཆེན་པོའི་རྗེ་བོར་བྱོན་པ་ཡིས། ཞང་ཞུང་གི་སྲིད་དབང་སྲ་བརྟན་དང་། རིག་གནས་རྒྱུན་འཛིན། ཆབ་ཁོངས་སྲུང་སྐྱོབ་སོགས་ཀྱི་ཐད་ལ་བྱས་འབྲས་མི་དམན་པ་བཞག་ཡོད་མོད། ཁྲི་སྲོང་བཙན་གྱིས་སྒྱུ་བཤམས་ནས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཀྲོངས་པས། ཞང་ཞུང་རྒྱལ་ཁབ་ཆེན་པོའི་སྲིད་ཤུགས་རིམ་གྱིས་ཉམས་རྒུད་དུ་གྱུར་བ་ལོ་རྒྱུས་དངོས་དང་མཐུན་འདུག དེ་བས། འདིར་བོན་དང་བན། རྒྱ་མི་རིགས་དག་གི་ཡིག་ཚང་ཁུངས་བཙུན་པ་མང་བོར་གཞི་བྱས་ཏེ། ཞང་ཞུང་གི་རྒྱལ་རབས་སྤྱིས་སྲིད་ལ་མངའ་བསྒྱུར་བའི་དུས་ཡུན་དང་། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ཀྱི་སྲིད་དབང་དང་མངའ་ཐང་། དུས་རབས་བདུན་པའི་ནང་བྱུང་བའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་རུས་རྒྱུད་དང་གདུང་སྲས་སོགས་ཀྱི་སྐོར་ལ་དཔྱད་པར་འབུངས་ཡོད།

དང་བོ། ཞང་ཞུང་གི་རྒྱལ་རབས་སྤྱི་བཤད།

  སྤྱིར་རྗེ་བོ་བྱུང་ལུགས་ལ་གནམ་གྱི་འཐེན་དགུ་དང་དམུ་རྗེའི་རྒྱུད། བོད་ཀྱི་མི་བོ་གདུང་དྲུག་སོགས་མང་དུ་བྱུང་བར་སྣང་མོད། དོན་དངོས་ཀྱི་སྟེང་ནས་དེ་དག་ནི་ཆེས་ཐོག་མའི་དུས་ཀྱི་རུས་རྒྱུད་བརྩི་ཚུལ་ལམ་རིགས་རུས་མཆེད་ཁུངས་ཤིག་འདེད་ཀྱིན་ཡོད་པ་ལས། ཞང་ཞུང་གི་ཡུལ་ལ་དངོས་སུ་སྲིད་ཀྱི་འཁོར་ལོས་མངའ་བསྒྱུར་བའི་ལུང་རིག་ཅིག་འཚོལ་དཀའ་བར་བརྟེན། ཞང་ཞུང་རྒྱལ་རབས་ཀྱི་དབུ་དངོས་དེ་བྱ་རུ་ཅན་གྱི་རྗེ་བོ་ཐོག་མ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ནས་ཚུགས་པའི་ལུང་འཇོག་པ་ལས་ཐབས་གཞན་དབེན། དེ་འདྲའི་དབང་དུ་བཏང་ན་ད་སྔ་བོན་གྱི་ཡིག་ཆ་དག་ན་གསལ་བའི་ཞང་ཞུང་རྒྱལ་རབས་རིམ་བྱོན་སྤྱི་ཙམ་སྤྲོས་ན། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་དང་། “ཚེ་ལོ་བརྒྱ་ཐུབ་ཀྱི་ཞང་ཞུང་རྒྱལ་རབས་རིམ་བྱོན” 1ཞེས་པ། ཁྱུང་པོ་སྟག་སྒྲ་ཏུན་གཙུག་གི་རྒྱལ་རྒྱུད་བཅས་ཀྱི་ཁག་གསུམ་དུ་བགོས་ཏེ་བརྗོད་ན་གོ་རིམ་མི་འཆོལ་བར་ཁ་གསལ་ཞིག་བྱུང་བར་སེམས། དང་པོ་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་ནི། 《ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》ལས། “ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་དང་། ཞུང་ཞག་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན་དང་། ཧྲི་ཏོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན་དང་གསུམ་ནི། གངས་རིན་པོའི་ཆེའི་མདུན་རྒྱང་རི་གཡུ་ལོ་ལྗོན་པའི་རྫོང་མཁར་དུ་ཆགས་སོ། ། དེ་ལྟར་དུའང་ཁྱུང་ལུང་རྒྱལ་བ་མཉེས་ཡུལ་དུ། སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་དང་གསུམ་མོ། ། ཞང་ཞུང་པུ་མར་ཧྲང་གི་ཡུལ་དུ། སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན་དང་། ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། ། ཞང་ཞུང་ཙི་ནའི་ཡུལ་དུ་སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་དང་། ཛོ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། ། ཞང་ཞུང་ཏ་རོག་ཡུལ་དུ་བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་། ལི་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། ། ཞང་ཞུང་རྟ་སྒོའི་ཡུལ་དུ་ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་ཛོ་དམར་འོད་ཀྱི་བྱ་རུ་ཅན་དང་། ལིག་མིར་ནམ་མཁའི་རྒྱལ་པོ་བེེཌཱུར་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། ། ཞང་ཞུང་ཁ་སྐྱོར་ཡུལ་དུ་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་དང་། ཞང་ཞུང་ཁ་ཡུག་ཡུལ་དུ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུ་དཔལ་འོད་ཀྱི་བྱ་རུ་ཅན་དང་། ཞང་ཞུང་ལ་དྭགས་ཡུལ་དུ་ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན་དང་། ཞང་ཞུང་རུ་ཐོག་ཡུལ་དུ་མུ་མར་ཐོག་རྒོད་རྒྱལ་པོ་ཨེན་ཌ་འོད་ཀྱི་བྱ་རུ་ཅན” 2རྣམས་སོ། །

  ཚེ་ལོ་བརྒྱ་ཐུབ་ཀྱི་ཞང་ཞུང་རྒྱལ་རབས་རིམ་བྱོན་ནི《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་ཉུང་བསྡུས》ལས། “ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་དང་། མུ་ཝེར་སྟག་སྣ་རྒྱལ་པོ། (འདི་བོད་རྒྱལ་གཉའ་ཁྲིའི་དུས།) མུ་ཝེར་ཁྲི་འོད་གསལ། (གེ་ཁོས་ལས་སོ།) མུ་ཁུང་གནམ་རྗེ། མུ་ཝེར་སེང་གེ་འགྲམ། མུ་ལ་ཁྱུང་གི་རྒྱལ་པོ། (འདི་རྣམས་མེ་རི་དང་གེ་ཁོད་སོགས་ལས་སོ།) གཞན་ཡང་མུ་ཝེར་བཙད་པོ། ལིག་མི་སྐྱ། མུ་ལ་གུང་སང་རྗེ། གཤེན་རྒྱུང་ཡར་མུ་ཁོད་སོགས་ཞང་ཞུང་དབུས་ཀྱི་རྒྱལ་པོ། གཞན་ལ་དྭགས་རྒྱལ་པོ། ཤང་པའི་རྒྱལ་པོ། སེ་རིབ་རྒྱལ་པོ་སོགས་རྒྱལ་ཕྲན་མང་པོ་བྱུང་ངོ་” 3ཞེས་པ་དང་། མཇུག་ཏུ་ “བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་གི་དུས་སུ། ཞང་ཞུང་གི་རྒྱལ་པོ་ལིག་མི་སྐྱ་དང་། དང་རའི་རྒྱལ་པོ་ལིག་མི་རྒྱལ་དག་བོད་རྗེས་བཀྲོངས་ནས་ཞང་ཞུང་དབུས་ཤར་ཕལ་ཆེར་བོད་ཀྱིས་བསྡུས” 4ཞེས་པ། གཞན།《སངས་རྒྱས་བསྟན་པ་སྤྱི་ཡི་འབྱུང་ཁུངས》ལས། “ཁྲི་མེན་བྱ་རུ་ཅན་ཞེས་པའི་ཞང་ཞུང་རྒྱལ་པོ” 5ཞིག་གསལ་མོད་དུས་ཚོད་ལ་ངོས་འཛིན་བྱེད་དཀའ། རྒྱལ་པོ་འདི་དག་ནི་བོན་གྱི་ལོ་རྒྱུས་ཡིག་ཆ་དག་ན་གསལ་བའི་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་སྟེ་ལོ་ངོ་སྟོང་ཡས་མས་ཀྱི་རིང་ལ་ཞང་ཞུང་གི་ཡུལ་དུ་དབང་བསྒྱུར་བྱེད་མཁན་གྱི་རྗེ་བོ་དག་ཡིན། ཡིན་ཡང་རྒྱལ་པོ་འདི་དག་རེ་རེའི་རྒྱལ་ས་དང་དུས་ནམ་ཚོད་ཞིག་ལ་རྗེ་བོར་མངའ་གསོལ་བ་དང་སྲིད་ཀྱི་འཁོར་ལོ་བསྒྱུར་བའི་གནས་ཚུལ་སོགས་ལོ་རྒྱུས་དག་ཏུ་མ་གསལ་བས་བཏང་སྙོམས་སུ་མི་འཇོག་ཐབས་མེད་དོ། །

  ཁྲི་སྲོང་བཙན་གྱིས་ལིག་མི་རྐྱ་བཀྲོངས་རྗེས། ཞང་ཞུང་གི་རྒྱལ་སྲིད་དེ་ཁྱུང་པོ་སྟག་སྒྲ་ཏུན་གཙུག་གིས་བཟུང་བས། ཁྱུང་པོ་སྟག་སྒྲ་ཏུན་གཙུག་གི་གདུང་རྒྱུད་བྱུང་རབས་བཤད་པ་ལ། 《ཁྱུང་རབས་གཡུ་མགོ་མ》ལས། 6

  ཁྱུང་སྟག་སྒྲ་ཏུན་གཙུག་གི་གདུང་རྒྱུད་ལས་ཁྱུང་སྒོམ་མུ་ལངས་ཀྱི་སྲས་རྒྱུད་མང་དུ་འཕེལ་བར་གསལ་མོད། མུ་ལངས་རང་ནས་གདུང་རྒྱུད་བོད་ཡུལ་དུ་གཤེགས་ཏེ་ཞང་ཞུང་གི་སྲིད་བསྒྱུར་དང་རིག་གནས་ཀྱི་ཐད་ལ་བྱས་རྗེས་དེ་འདྲའི་མངོན་གསལ་དོད་པོ་རྙེད་མ་བྱུང་བས་འདིར་རྒྱས་བཀོད་མ་བྱས་སོ། །

གཉིས་པ། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་གླེང་བ།

  《ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》ལས། “ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་འདི་རྣམས་ཀྱི་རིང་ལ། ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ལ་སོགས་ཡུལ་ཆེན་བཅོ་བརྒྱད་ཀྱི་མགོ་ནོན་པ” 7ཞེས་པས། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་ཀྱིས་ཞང་ཞུང་གི་ཡུལ་ཁམས་མང་བོར་མངའ་བསྒྱུར་ཡོད་ཅིང་། སྐབས་དེ་དུས་ཀྱི་ཞང་ཞུང་ནི་འགྲན་པའི་ཟླ་བྲལ་བའི་སྒེར་ཚུགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཡིན་པ་གསལ་བོར་བསྟན་ཡོད། རྒྱལ་པོ་དེ་རྣམས་ཀྱི་མཚན་ལ“བྱ་རུ་ཅན”ཞེས་བྲིས་ཡོད་པ་ནི། བོན་གྱི་བསམ་བློའི་ནང་དུ་ཁྱུང་ནི་བྱ་སྤྱིའི་རྒྱལ་པོ་དང་བྱ་ཁྱུའི་ཚོགས་སུ་དེ་ལ་འགྲན་པའི་ཟླ་མེད་པར་ངོས་འཛིན་པས། རྒྱལ་པོ་དེ་རྣམས་ཀྱི་མཚན་དབང་ཆེ་བ་སྟོན་པའི་མཚན་རྟགས་སུ་གསེར་དང་ཤེལ། བྱི་རུ། དུང་ལ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་གྲུབ་པའི་རྭ་ཐུང་ཐུང་རེ་དབུ་ཞྭ་རྨོག་ཞུའི་དབྱིབས་འདྲ་བ་དེའི་གཡས་གཡོན་དུ་བརྒྱན་ཡོད་པ་གསལ་པོར་ཤེས་ཐུབ་སྟེ། 《འབེལ་གཏམ་ལུང་གི་སྙིང་པོ》ལས། “བྱ་རུ་ཞེས་པའི་གོ་གནས་ཀྱི་ཐོབ་ཐང་ལ་བྱུང་བའི་རྟགས་ཏེ་བྱ་ཁྱུང་གི་རྭ་ཡི་དབྱིབས་ལྟ་བུ་དབུ་རྒྱན་བཟོ་བའི་སྲོལ་འདུག་ཅིང་། གཞན་ཡང་མི་ཡི་རྒྱལ་པོ་རྣམས་ཀྱི་ཆེ་རྟགས་ཙམ་དུ་མ་ཟད་མཆོད་པའི་ཞིང་དང་བཀུར་བའི་གནས་ལ་ཡང་བརྒྱན་སྲོལ་ཡོད། མཆོད་རྟེན་རྩེ་ལ་བྱ་རུ་ཁྱུང་རུས་བརྒྱན་པ་དང་། ཡི་དམ་ཁྲོ་བོའི་འཁོར་འགའ་ལ་ཡང་དབུ་ལ་གནམ་ལྕགས་བྱ་རུ་ཁྱུང་རུ་འཁྲུངས” 8ཞེས་དང་། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས། “དབུ་ལ་སྟག་ཞུ་གཡག་ཞུ་ལ། བྱ་རུ་རྒོད་ཕོད་བརྒྱན་པ་ནི། སྣང་སྲིད་ཁ་ལོ་བསྒྱུར་བའི་རྟགས། ཁྱུང་དང་བོན་ལ་ཁ་གནོན་མེད” 9ཅེས་འཁོད་ཡོད་པ་ཡིས་བྱ་རུས་བརྒྱན་པ་དང་མཚན་ལ་དེ་ལྟར་འདོགས་པའི་རྒྱུ་མཚན་སོགས་ཧ་ཅང་གསལ།

  “ཆུ་བོ་ཆེན་པོ་བཞི་” 10འདུས་པའི་འགོ གངས་རྒྱལ་ཏི་སེའི་མདུན། མཚོ་མ་པང་གི་འགྲམ་སོགས་རྒྱལ་སྲིད་ཀྱི་ལྟེ་བ་བྱེད་པའི་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་བྱུང་བ་ནས་ཞང་ཞུང་རྒྱལ་རབས་ཀྱི་དབུ་ཚུགས་པར་བརྗོད་འོས་ལ། བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་ཀྱི་ཐོག་མ་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་དེ་ཉིད་སྟོན་པ་གཤེན་རབ་མི་བོའི་ཚེ་སྨད་ལ་སྟོན་པ་དང་བསྟན་པའི་ཞབས་འདེགས་པར་བྱོན་ཡོད་དེ། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་མགྲིན་རྒྱན》ལས། “སྟོན་པ་གཤེན་རབ་ཉིད་ཀྱིས་ཞང་ཞུང་དུ། ། སྲིད་པའི་རྒྱལ་པོ་ཁྲི་ཝེར་སོགས་ལ་གསུངས། ། ” 11དང་། 《གཟི་ཡི་ཕྲེང་བ་》ལས། “སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་ཚེའི་སྨད་ཙམ་ན། ཞང་ཞུང་གི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་བྱུང་” 12ཞེས་པ་ཡིས། བྱ་རུ་ཅན་གྱི་རྒྱལ་པོ་དང་བོ་དེ་སྟོན་པའི་སྐུ་ཚེའི་སྨད་ཙམ་ཡིན་པ་གསལ་བོར་ཤེས་ཐུབ། དེ་ན་སྟོན་པ་གཤེན་རབ་མི་བོ་མཆོག་གི་འཁྲུངས་ལོ་དེ་མཁས་དབང་ནམ་མཁའི་ནོར་བུ་ལགས་ཀྱིས། “སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་” 13སོགས་བོན་གྱི་ཡིག་ཆ་ཁུངས་བཙུན་པ་མང་པོར་གཟིགས་རྗེས་བདེན་ཚིག་བཀོད་ཡོད་པ་ནི། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། “གཤེན་རབ་མི་བོ་ཆེ་དེ་ཞང་ཞུང་གི་ཡུལ་དབུས་འོལ་མོ་ལུང་རིང་དུ་སྐུ་བལྟམས་ཤིང་གཡུང་དྲུང་གི་བོན་བསྟན་པའི་དུས་དེ་ནས་བཟུང་། ད་ལྟ་ལྕགས་མོ་ལུག་གི་ལོ་(1991)འདིའི་བར་དུ་ལོ་གྲངས་སུམ་སྟོང་དགུ་བརྒྱད་དང་བརྒྱད་ཡོད་པ” 14ཞེས་འཁོད་ཡོད་པ་དེ་ཡིས། སྟོན་པ་གཤེན་རབ་མི་བོའི་འཁྲུངས་ལོ་ནི་ཤིང་ཕོ་བྱི་བ་སྟེ་སྤྱི་ལོ་སྔོན་གྱི་(1917)ལོ་ཡིན་པ་གསལ་བོར་བསྟན་ཡོད། དེ་ལྟར་ན་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་ཀྱི་དང་བོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་དེ་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་དགུ་བའི་ནང་དུ་ཞང་ཞུང་གི་ཡུལ་གཡུ་ལོ་ལྗོན་པའི་རྫོང་མཁར་དུ་བྱོན་ཏེ་སྲིད་ལ་མངའ་བསྒྱུར་བ་ལུང་དང་རིག་པས་གྲུབ་ཡོད། ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ཀྱི་མགོ་གནོན་པའི་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་ཀྱིས་ཞང་ཞུང་གི་ཡུལ་དུ་ལོ་ངོ་ཅི་ཙམ་རིང་ལ་སྲིད་ཀྱི་འཁོར་ལོས་མངའ་བསྒྱུར་ཡོད་པ་དེ་ལག་མཐིལ་ཏུ་འབུ་ཨ་རུ་ར་བཞག་པ་ལྟར་གསལ་ཁ་ཆོད་པ་ཞིག་བརྗོད་ཐབས་བྲལ་མོད། 《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་》ལས། “དཔའ་བོ་གཙུག་ལག་ཕྲེང་བ། ས་སྐྱ་བསོད་ནམས་རྒྱལ་མཚན། གོང་ས་ལྔ་བ་ཆེན་པོ་སོགས་མཁས་དབང་དེ་དག་གིས་མ་བགྲོས་གཅིག་མཐུན་གྱི་སྒོ་ནས་བཞེད་ལམ་གསུང་བརྩམས་སོ་སོར་འཁོད་པ་ལྟར། སྔོན་བྱོན་ཞང་ཞུང་གི་རྒྱལ་རབས་བཅོ་བརྒྱད་བྱོན་པའི་རྗེས་སུ་བོད་རྗེ་དང་པོ་གཉའ་ཁྲི་བཙན་པོ་དང་མུ་ཁྲི་བཙན་པོ་རིམ་བྱོན” 15ཞེས་པ་དང་། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ལས། “ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དུ་གྲགས་པ་དེའི་རྒྱལ་ས་ནི་གངས་ཏི་སེའི་མདུན། སྤོས་རི་ངད་ལྡན་གྱི་རྩ་བ། མཚོ་མུ་ལེ་ཁྱུད་ཀྱི་ཉེ་འགྲམ། ག་ལྗང་གཡུ་ལོ་རྫོང་མཁར་ཞེས་པ་དེ་ཡིན་ཞིང་རྒྱལ་པོ་འདི་ནི་གཤེན་རབ་མི་བོ་ཆེའི་དངོས་སློབ་དང་བསྟན་པའི་སྦྱིན་བདག་ཁྱད་པར་ཅན་ཡིན” 16ཞེས་པ། 《གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་》ལས། “ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་འདི་རྣམས་ཀྱི་རིང་ལ། ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ལ་སོགས་ཡུལ་ཆེན་བཅོ་བརྒྱད་ཀྱི་མགོ་གནོན་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ཤིང་། སྐུ་ཚེ་ཡང་མི་ལོ་ཉིས་སྟོང་དུ་བཞུགས་པ་དང་། ཕུང་པོ་ལྷག་མེད་དུ་སངས་རྒྱས་པའང་ཡོད་པའོ། ། ཞེས་སོ། ། དེ་ལྟར་དུའང་བོད་ཡུལ་དུ་རྒྱལ་པོ་གནམ་ནས་བསྐོས་པའི་ཁྲི་བདུན་དང་། ས་ལ་དབང་བའི་ལེགས་དྲུག་” 17ཞེས་རིམ་གྱིས་འཁོད་ཡོད་པ་ཡིས། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་མཐའ་མ་མུ་མར་ཐོག་རྒོད་རྒྱལ་པོ་ཨེན་ཌ་འོད་ཀྱི་བྱ་རུ་ཅན་དེ་རྒྱལ་པོ་གཉའ་ཁྲི་བཙན་པོའི་ཡར་སྔོན་དང་མི་རིང་བའི་དུས་ཤིག་ཡིན་པ་དང་བདེན་དཔང་བྱས་ཡོད་པར་བརྟེན། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་རབས་རིམ་བྱོན་གྱིས་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་དགུ་བའི་སྨད་ཙམ་ནས་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བའི་དཀྱིལ་ཙམ་སྟེ་ཕལ་ཆེར་མི་ལོ་ཆིག་སྟོང་ལྔ་བརྒྱ་ཙམ་གྱི་རིང་དང་རྒྱལ་པོ་རེས་ཆ་སྙོམས་མི་ལོ་བརྒྱད་བཅུ་ཡས་མས་ཙམ་གྱི་རིང་ལ་ཞང་ཞུང་གི་ཡུལ་ཁམས་ཀུན་ལ་རྒྱལ་སྲིད་ཀྱི་འཁོར་ལོས་མངའ་བསྒྱུར་ཡོད་པ་ལུང་རིགས་དང་མི་འགལ་ལོ། །

  བྱ་རུ་ཅན་གྱི་རྒྱལ་པོ་དག་ཡུལ་དེར་བྱུང་ལུགས་དང་སྲིད་བསྒྱུར་ལུགས་ཀྱི་ཐད་དུ་《གཡུང་དྲུང་བོན་གྱི་བསྟན་འབྱུང་ཉུང་བསྡུས་》ལས། “བྱོན་ཚུལ་ནི་སྐབས་འགར་གཉིས་གསུམ་ཙམ་མཉམ་སྡེབས་དང་། སྐབས་འགར་རེ་རེར་བྱོན་ནོ” 18ཞེས་པའི་གསུངས་སྟངས་འདི་ལ་དཔྱད་ན། རྒྱལ་ས་དང་མཚན་ཐ་དད་པའི་རྒྱལ་པོ་དེ་རྣམས་ཀྱི་གདུང་རྒྱུད་ཀྱང་མི་འདྲ་བར་ཐ་དད་པ་དང་། བྱུང་དུས་ཀྱང་མཉམ་མི་མཉམ་ཅི་རིགས་སུ་བཞེད་པ་འདྲ་མོད། བདག་གི་འདོད་ཚུལ་ལ། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ལས། “ཞང་ཞུང་གི་ཡུལ་ཐ་དད་དུ་བྱུང་བའི་རྒྱལ་པོ་དེ་རྣམས་གདུང་རྒྱུད་ཐ་དད་པའི་རྒྱལ་རྒྱུད་མི་འདྲ་བ་དག་ཡིན་པ་དང་ཞང་ཞུང་སྲིད་པའི་རྒྱལ་པོ་ཞེས་པའི་མཚན་གྱི་ཆེ་བ་དང་ལྡན་པ་དེ་རྣམས་ཀྱིས་ཞང་ཞུང་གི་མངའ་ཁོངས་ཡོངས་སུ་རྫོགས་པ་དབང་དུ་བསྒྱུར་ཡོད་པ་ནི་ཤིན་ཏུ་ནས་ཀྱང་འཐད་མོད། བྱ་རུ་ཅན་གྱི་རྒྱལ་པོ་དེ་རྣམས་སྲིད་པའི་རྒྱལ་པོའི་མཚན་དབང་ཅན་ཤ་སྟག་ཡིན་སྟབས། དེ་རྣམས་དུས་མཉམ་དུ་བྱུང་ཞིང་ཞང་ཞུང་ཁག་བགོས་ཏེ་རྒྱལ་སྲིད་བསྐྱངས་ཡོད་པ་ནི་མི་འཚམ་པ་ཞིག་སྟེ། དེ་ལྟར་ན་རྒྱལ་པོ་དེའི་རིགས་ལ་སྲིད་པའི་རྒྱལ་པོའི་མཚན་འབྱུང་མི་སྲིད་པ་ཡིན། རྒྱལ་པོ་སོ་སོའི་མཚན་གྱི་ཁྱད་ཆོས་སུ་ཡུལ་ཁམས་དང་རྒྱལ་སའི་མིང་གིས་མཚན་པ་དེ་ནི་རྒྱལ་པོ་དེའི་གདུང་རྒྱུད་ཀྱི་ཁུངས་སམ་རྒྱལ་པོའི་བཞུགས་གནས་“རྒྱལ་པོའི་ཁབ”ཅེས་པ་དེ་གང་དུ་ཡིན་པ་བསྟན་པའི་ཚིག་ཙམ་དུ་ངེས་སམ་སྙམ” 19ཞེས་པ་དེ་ཧ་ཅང་ནས་དོན་དངོས་དང་མཐུན་སྙམ།

  བལྟ་བདེ་བ་དང་ངེས་བདེ་བར་དམིགས་ཏེ་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་རྒྱལ་སའི་མིང་རྙིང་བ། དེང་སྐབས་མིང་དེར་ཅི་ལྟར་འབོད་བཞིན་པ་སོགས་རེའུ་མིག་ཏུ་བཀོད་པར། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་རབས་དང་རྒྱལ་པོའི་མཚན། རྒྱལ་སའི་ས་མིང་རྙིང་པ། དེང་སྐབས་མིང་དེར་ཅི་ལྟར་འབོད་བཞིན་པ་སོགས་རེའུ་མིག་ཏུ་བཀོད་པར།

གསུམ་པ། སྒོས་སུ་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་གླེང་བ།

གཅིག ལིག་མི་རྐྱའི་རུས་རྒྱུད།

  ལིག་མི་རྐྱ་ནི་དུས་རབས་བདུན་པའི་ནང་བྱུང་བའི་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་ཀུན་ལ་སྲིད་ཀྱི་འཁོར་ལོས་མངའ་བསྒྱུར་ཞིང་། སྤྱི་ལོའི་སྔོན་གྱི་དུས་རབས་བཞི་བའི་རྗེས་ཀྱི་ཞང་རྒྱལ་རིམ་བྱུང་གི་ཁྲོད་དུ་ཞང་ཞུང་རྒྱལ་རབས་ཀྱི་སྲིད་དབང་སྲ་བརྟན་དང་། ཞང་ཞུང་གི་ཤེས་རིག་སྲུང་སྐྱོབ་དང་རྒྱུན་འཛིན་སོགས་ཀྱི་ཐད་ལ་བྱས་རྗེས་ཆེ་ཤོས་ཀྱི་རྗེ་བོ་ཞིག་ཀྱང་ཡིན་པའི་ཤས་ཆེན་པོར་སྣང་མོད། རྗེ་བོ་འདིའི་རིགས་རུས་དང་གདུང་རྒྱུད་སོགས་ཀྱི་ཐད་ལ་ད་སྔའི་བར་དུ་ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་བཙུན་པ་ཞིག་དང་ཤོད་རྒྱུན་མུར་བརྒྱུས་པ་ཞིག་མེད་པ་ནི། སྲིད་པར་མངའ་བསྒྱུར་བའི་རྗེ་བོ་ཞིག་ལ་མཚོན་ཏེ་བརྗོད་ན་ཡིད་སྐྱོ་ཞིང་ངོ་གནོང་དགོས་པའི་བྱ་བཞག་ཅིག་ཡིན་པས། འདིར་རང་བློས་ལྕོགས་ཚོད་ཀྱིས་ཕྲན་ཙམ་བརྗོད་པར། སྤྱིར་ཞང་ཞུང་རྒྱལ་རབས་ནི་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ཀྱི་དང་བོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ནས་དབུ་ཚུགས་པའི་ལྟ་བ་འཛིན་དགོས་ལ། བྱ་རུ་ཅན་གྱི་རྒྱལ་རབས་རིམ་བྱོན་གྱིས་ལོ་ངོ་ཆིག་སྟོང་ལྔ་བརྒྱ་ཙམ་ལ་ཞང་ཞུང་གི་ཡུལ་གྲུ་ཀུན་ལ་སྲིད་ཀྱི་འཁོར་ལོས་མངའ་བསྒྱུར་ཡོད་པར་བརྟེན། གདུང་རྒྱུད་འདེད་པའི་རྒྱལ་རབས་ལོ་རྒྱུས་ཀྱི་ཕྱོགས་ནས་གཞིགས་ན། ལིག་མི་རྐྱའི་གདུང་རྒྱུད་ཞང་ཞུང་བྱ་རུ་ཅན་གྱི་གདུང་རྒྱུད་དུ་གཏུགས་དགོས་པ་འདྲ་མོད། དེར་དཀའ་ཁག་ཅིག་ཡོད་པ་ནི། གཅིག་ནས་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ཀྱང་རུས་གང་ཞིག་ལ་གཏོགས་པ་དང་གདུང་སྲས་རྒྱལ་རྒྱུད་ཡིན་མིན་བརྗོད་དུ་མེད་པར་བརྟེན། ལིག་མི་རྐྱའི་གདུང་རུས་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ལ་གཏུགས་ཀྱང་གདུང་དང་རུས་ཁ་ཚོན་ཆོད་པ་ཞིག་བརྗོད་དཀའ་བ་དང་། གཉིས་ནས་བོན་གྱི་ཡིག་ཆ་དག་ཏུ་ཞང་ཞུང་བྱ་རུ་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ལས་མཐའ་མ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨེན་ཌ་འོད་ཀྱི་བྱ་རུ་ཅན་དེ་གཉའ་ཁྲི་བཙན་པོའི་ཉེ་སྔོན་དུ་རྒྱལ་རྒྱུད་མཇུག་སྒྲིལ་ཟིན་པ་ལྟར་སྣང་བས། ལིག་མི་རྐྱའི་གདུང་རུས་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ལ་གཏུགས་པར་མི་འཐད་དོ། །

  གཞན་ཁྱུང་གི་རིགས་རུས་སམ་གདུང་རྒྱུད་དེ་ཞང་ཞུང་རིག་གནས་དང་སྲིད་དོན་སོགས་ཀྱི་ཐད་དུ་བྱས་རྗེས་ཆེ་ཤོས་དང་། སྤུར་རྒྱལ་རིམ་བྱོན་གྱི་གཤེན་པོའི་ཐོབ་གནས་འཛིན་མཁན་ཡང་མང་དུ་བྱུང་ཡོད་པས་བསམ་གཞིགས་གཏད་ཡུལ་དུ་བྱ་རུང་མོད། 《ཁྱུང་རབས་གཡུ་མགོ་མ》རུ་འཁོད་པའི “དམུ་ཁྱུང་རྒྱལ་གྱི་སྲས་ཁྱུང་པོ་སྟག་སྒྲ་དུན་གཙུག་དང་། དབལ་གྱི་འགིར་ཏི། ཁྱུང་ཟ་ཡེ་ཤེས་མཚོ་རྒྱལ་གསུམ་ཡིན་ལ། ཁྱུང་བཟའ་ཡེ་ཤེས་མཚོ་རྒྱལ་དེ་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྒྱལ་གྱི་ཁབས་སུ་བཞེས་” 20ཞེས་པ་ཡིས། ཞང་རྒྱལ་ལིག་མི་རྐྱ་ནི་ཁྱུང་པོ་ཚང་གི་མག་པའམ་ལིག་མི་རྐྱས་ཁྱུང་པོ་ཚང་གི་སྲས་མོ་ཁབ་ཏུ་བཞེས་པས། ལིག་མི་རྐྱ་དང་ཁྱུང་པོ་ཚང་ནི་མག་ཞང་གི་འབྲེལ་བ་ལས་རུས་འབྲེལ་མེད་པ་གསལ་བཤད་བྱས་ཡོད་པ་དང་། ཡང་“ཁྱུང་པོ་སྟག་སྒྲ་དུན་གཙུག་གི་རྒྱལ་ས་ཡུན་རིང་བཟུང་ནས། དེའི་གདན་ས་ཁྱུང་པོ་སྟོང་རྒྱུང་རིང་མོའི་(མོས)བཟུང་བའོ། དེའི་ཚེ་སྨད་ལ་ཞང་ཞུང་གི་ཡུལ་སྟོད་ན། ཞང་ཞུང་རྒྱལ་པོའི་དཔོན་རྒྱུད་ལྡང་ལྟ་བྱ་བ་དང་། ཡུལ་སྨད་ན་ལྡང་མིག་བྱ་བ་གཉིས་པ་ངག་བརྒྱུད་ནས། ཚ་ཞང་གི་རྒྱལ་ས་བཟུང་བ་མི་རིགས་སོ། ཟེར་ནས་དམག་བྱས་ནས་སྟོང་རྒྱུང་རིང་མོ་ལ་བརྒྱབ” 21ཅེས་པ་ལས། ཞང་ཞུང་རྒྱལ་པོའི་དཔོན་རྒྱུད་ལྡང་ལྟ་བྱ་བ་དང་། ལྡང་མིག་བྱ་བ་གཉིས་ཀྱིས་ཚ་ཞང་གིས་རྒྱལ་ས་བཟུང་བ་མི་རིགས་སོ་ཞེས་པའི་ཚ་ཞང་ནི། ཁྱུང་པོ་སྟག་སྒྲ་དུན་གཙུག་དང་སྟོང་རྒྱུང་རིང་མོ་གཉིས་སྟོན་གྱིན་ཡོད་པས། ཞང་ཞུང་གི་རྒྱལ་རྒྱུད་དངོས་ནི་ལྡང་ལྟ་དང་ལྡང་མིག་རང་གཉིས་ཡིན་པ་ལས་ཁྱུང་པོ་ཚང་གི་རྒྱུད་པ་མིན་པ་གསལ་བོར་བཤད་ཡོད་པས། ཞང་རྒྱལ་མིག་མི་རྐྱའི་གདུང་རུས་ཁྱུང་ལ་གཏུགས་པའང་འཐད་ལྡན་དུ་མི་འགྲོ་བར་ལུང་རིགས་ཀྱིས་གྲུབ་ཡོད།

  དེ་ན་ཞང་རྒྱལ་ལིག་མི་རྐྱའི་གདུང་རུས་ཀྱི་ཐད་ལ་བསམ་གཞིགས་གཏད་ཡུལ་གཅིག་ཡོད་པ་ནི། “སྙ་”ཞེས་པ་དེ་ཡིན་པའི་ཤས་ཙམ་ཡོད། རྒྱུ་མཚན་གང་ཞེས་ན། “སྙ་”ཞེས་པ་དེ་ཞང་ཞུང་གི་རུས་རྙིང་པ་ཞིག་ཡིན་ཁར་སྙ་ཡི་རུས་རྒྱུད་དེ་ཡིས། ཞང་ཞུང་གི་ཆབ་རིག་གཉིས་ཀྱི་ཐད་ལ་བྱས་རྗེས་མི་དམན་པ་ བཞག་ཡོད་ལ། བོད་རྒྱལ་ཐོག་གཉའ་ཁྲི་བཙན་པོ་ཡང་སྙ་ཡི་རུས་རྒྱུད་དུ་འཁྲུངས་པར་མངོན། བོན་གྱི་མཁས་གྲུབ་ཆེན་པོ་སྙ་ལི་ཤུ་སྟག་རིང་དང་། 22ཐེའུ་རང་མང་སྙ་ཨུ་ཝེར། 23མཁས་གྲུབ་ཆེན་པོ་བླ་མ་སྙ་ཆེན། 24 ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་ཞང་ཞུང་ཁྲི་སྙ་སྟག་སྒྲོན། 25མཐུ་རྩལ་ལྡན་པ་སུམ་པའི་བོན་པོ་ཁྲི་སྙ། སྙ་ཁྲི་བཙན་པོ། 26 རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་གཤེན་པོ་ཁྲི་སྙ་རྒྱལ་ཆུང་། 27 བོན་གྱི་འདུལ་བརྒྱུད་ཀྱི་རྒྱུད་འཛིན་པ་སྙ་གྱེར་རྒྱུང་28སོགས“སྙ”ཡི་རིགས་རུས་སུ་གཏོགས་པའི་མཁས་གྲུབ་མང་པོ་ཞང་ཞུང་གི་ཡུལ་ལུང་སོ་སོར་བྱོན་ཏེ་ཞང་ཞུང་གི་ཆབ་རིག་གཉིས་ཀའི་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད། གཞན་བན་བོན་གྱི་ཡིག་ཆ་མང་པོར་གཉའ་ཁྲི་བཙན་པོ་ནི་བོན་ཡུལ་གྱི་ཐེའུ་རང་སྤུན་དགུའི་ཆུང་བ་མང་སྙ་ཨུ་བེ་ར་ཡི་སྤྲུལ་བར་ངོས་འཛིན་སྲོལ་ཡོད་དེ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ལས། “ ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་རུས་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་བྲང་མ་སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་དཀྱི་འཁོར་ཁེབས་པ། ཕྱག་སོར་དྲ་བར་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་མཐུ་ནུས་ཆེ་བ་གཅིག་བྱུང་བས། འདི་ཐུ་དྲགས་བཤུགས་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས” 29ཞེས་པ་དང་། དེ་མིན་བན་བོན་གྱི་ཡིག་ཆ་རྙིང་གྲས་མང་ཤས་སུ་ལྷ་ཐོ་ཐོ་རི་གཉན་བཙན་ལ“ལྷ་ཐོ་དོ་སྙ་བཙན” དང་། ཁྲི་གཉན་བཟུང་བཙན་ལ“ཁྲི་སྙ་ཟུང་བཙན”། ཏུན་ཧོང་ཡིག་རྙིང་ P.T 1287 ལས། སྟག་རི་གཉན་གཟིགས་ལ “སྟག་བུ་སྙ་གཟིགས” 30སོགས་འབྲི་སྲོལ་ཡོད་པ་འདིའི་སྟེང་ནས་ཀྱང་“སྙ”ཞེས་པའི་མིང་འདི་རྗེ་བོའི་མཚན་ཟུར་དུ་བཀོལ་རྒྱུན་མང་བའང་ཤེས་ཐུབ་ལ། “སྙ”ཡི་མིང་དེ་ཞང་ཞུང་ངམ་སྤུ་བོའི་ཡུལ་ནས་བོད་ཡུལ་དུ་དར་བའི་མི་ཚད་དུས་རབས་དྲུག་པའི་ཡས་མས་སུ་བོད་ཡུལ་དུ་གོ་གནས་གལ་ཆེན་བཟུང་ཡོད་པའང་གསལ་བཤད་བྱེད་ཐུབ།

  གཞན་《གླེང་གཞི་བསྟན་པའི་འབྱུང་ཁུངས་》ལས། “རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱང་བོན་ལ་བསྒྱུར། རྒྱལ་ཕྲན་སྙའི་རིག་(རིགས)ལིག་མིན་རྒྱ་ཅན་དང་རྐོང་གི་རྐོང་བཅུར་དཀར་པོ་ལ་སོགས་སུ་བཤད་དོ་” 31ཞེས་པ་འདིས། རྒྱལ་ཕྲན་སིལ་མ་བཅུ་གཉིས་ལས་ཞང་ཞུང་ཡུལ་གྱི་རྒྱལ་པོ་ལིག་སྙ་ཤུར་གྱི་རིགས་རུས“སྙ”ཡིན་པ་གསལ་བོར་བསྟན་འདུག དེ་བས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ནས་ཞང་ཞུང་ཡུལ་གྱི་རྒྱལ་པོ་སྙ་རིགས་ལིག་སྙ་ཤུར་གྱི་གདུང་རྒྱུད་རྒྱུན་མ་ཆད་པར་ཞང་ཞུང་གི་རྒྱལ་རྒྱུད་དུས་རབས་བདུན་པའི་ནང་དུ་སླེབས་པ་ཡིན་ན། དུས་རབས་བདུན་པའི་ནང་གི་ཞང་རྒྱལ་ལིག་མི་རྐྱའི་རུས“སྙ”རུ་གཏོགས་པ་ཁ་ཚོན་གཅོད་ཆོག་པ་ལས། གཞན་འོས་མཐུན་གྱི་ལུང་རིག་ཅིག་མ་རྙེད་པས་གནས་སྐབས་སུ་བཏང་སྙོམས་སུ་མི་འཇོག་ཐབས་མེད་དོ།།

གཉིས། ལིག་མི་རྐྱའི་གདུང་སྲས་གླེང་བ།

  ཞང་རྒྱལ་ལིག་མི་རྐྱ་ནི་དུས་རབས་བདུན་པའི་ནང་ཁྲི་སྲོང་བཙན་དང་དུས་མཉམ་དུ་བྱུང་བའི་ཞང་བོད་ལོ་རྒྱུས་ཐད་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་སྣང་མོད། ད་སྔའི་བར་དུ་ཞང་རྒྱལ་ལིག་མི་རྐྱའི་དོན་དངོས་ཀྱི་ལོ་རྒྱུས་སྐོར་སྔོག་འདོན་བྱེད་མཁན་ཤིན་ཏུ་ཉུང་ལ། ལྷག་པར་དུ་ཞང་རྒྱལ་ལིག་མི་རྐྱའི་གདུང་སྲས་ཀྱི་ཐད་ལ་གཏམ་བརྗོད་སྤེལ་མཁན་ཉིན་མོའི་སྐར་མ་དང་འདྲ་བས། འདིར་གནའ་རབས་ཀྱི་ཡིག་རྙིང་དག་ལ་གཞི་བཅོལ་ཏེ་ལིག་མི་རྐྱའི་གདུང་སྲས་སྐོར་གྱི་གསང་རྒྱ་ཕྲ་མོ་རེ་གཏོར་བ་ནི་ལོ་རྒྱུས་ཀྱི་ཁ་སྐོང་ཕྲན་བུ་ཞིག་རེད་སྙམ། 《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་》ལས། “ཞང་ཞུང་གི་ལིག་མི་རྒྱ་ཞེས། བོད་སྐད་དུ་གནམ་གྱི་རྒྱལ་པོ། ཅེས་བྱ་བ་ལ། ཁྱུང་ཟ་ཡེ་ཤེས་མཚོ་བྱ་དམུ་ཁྱུང་རྒྱན་གྱི་སྲས་མོ་དེ་བསྐྱལ་ནས་གཉེན་བསྡེབ། དེ་གསུམ་གྱི་རྒྱུད་ལ། རྒྱ་གར་དུ་གཤེགས་པར་རྣམས་ལ་རྒྱ་ཁྱུང་། དེ་བཞིན་དུ་བལ་ཁྱུང་མོན་ཁྱུང་། ལྷོ་ཁྱུང་། འདན་ཁྱུང་། དྲེ་ཁྱུང་། སྨར་ཁྱུང་སོགས་མང་དུ་འཕེལ” 32ཞེས་པའི་ཁུངས་དེ་ལས། ཁྱུང་ཟ་ཡེ་ཤེས་མཚོ་དང་ལིག་མི་རྐྱ་གཉིས་ལ་རྒྱ་ཁྱུང་དང་བལ་ཁྱུང་། མོན་ཁྱུང་། ལྷོ་ཁྱུང་། འདན་ཁྱུང་། དྲེ་ཁྱུང་། སྨར་ཁྱུང་བཅས་ཀྱི་སྲས་བདུན་ཡོད་པ་གསལ་བོར་བསྟན་ཡོད། གཞན་ཡང་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ལས། “ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱའི་སྲས་མོ་ལིག་ཏིག་སྨན་སྤྱན་དྲངས” 33ཞེས་པ་དང་། 《ཉང་ཆོས་འབྱུང་》ལས། “ཞང་ཞུང་གི་རྒྱལ་པོ་ལིང་དམིག་བཀྲའི་སྲས་མོ་ལྷ་གཅིག་མིག་སྨན་གྱིས་ལྐོག་པའི་ཐུགས་དམ་བཞེངས” 34ཞེས་པ། 《ཆོས་འབྱུང་མཁས་དགའ》ལས། “ཞང་ཞུང་གི་རྒྱལ་པོའི་(པོ)མིག་སྐྱའི་སྲས་མོ་ཞང་ཞུང་བཟའ་ལི་ཐིག་སྨན” 35ཞེས་པའི་སྔ་རབས་མཁས་པའི་ལུང་རིགས་དེ་དག་ལས། ཞང་ཞུང་བཟའ་ལིག་ཏིག་སྨན་ནི་ཞང་རྒྱལ་ལིག་མི་རྐྱའི་སྲས་མོ་ཡིན་པ་གསལ་བོར་བསྟན་ཡོད་ལ། དེ་ལྟར་ན་ཞང་རྒྱལ་ལིག་མི་རྐྱར་སྲས་བདུན་དང་སྲས་མོ་གཅིག་བཅས་གདུང་སྲས་བརྒྱད་ཡོད་པར་སྤོབས་པ་ཆེན་པོས་སྨྲས་ཀྱང་ཚད་མའི་ལོ་རྒྱུས་དང་འགལ་བ་མེད་སྙམ།

  ཞང་རྒྱལ་ལིག་མི་རྐྱ་བཀྲོངས་རྗེས་སྲས་རྒྱུད་དངོས་ཀྱིས་རྒྱལ་ས་མ་ཟིན་པར། རྒྱལ་ས་ཁྱུང་ཟ་མཚོ་རྒྱལ་ཡེ་ཤེས་ཀྱི་མིང་པོ་ཁྱུང་པོ་སྟག་སྒྲ་ཏུན་བཙུག་གིས་རྒྱལ་སྲིད་བཟུང་ཚུལ་ལོ་རྒྱུས་མང་བོ་ཁ་མཐུན་ལ། དེ་ལས་བློ་བསྐྱེད་གསར་པ་ཞིག་ཐོབ་པ་ནི། ལིག་མི་རྐྱའི་སྲས་དེ་དག་གི་མིང་ལ་རྒྱ་ཁྱུང་དང་བལ་ཁྱུང་། མོན་ཁྱུང་ཅེས་པ་ལྟར་མིང་གི་སྔོན་ལ་ཡུལ་མིང་ཞིག་བཞག་རྗེས་དེའི་འཕྲོར་མའི་རུས་བཞག་སྟེ་འབོད་དོན་ཀྱང་། ལིག་མི་རྐྱ་བཀྲོངས་རྗེས་སྲས་རྣམས་ཀྱང་ཞང་ཞུང་གི་ཡུལ་དུ་སྡོད་མ་ཚུགས་པར་རྒྱ་གར་དང་བལ་ཡུལ། མོན་ཡུལ། ལྷོ་ཡུལ། འདན་ཡུལ། དྲེ་ཡུལ་སོགས་ཕྱོགས་སོ་སོར་བསྐྲད་པའམ་བཞུད་པའི་ཆ་ནས་ཡུལ་མིང་མི་ལ་འབོད་པ་ལས་མིང་དངོས་མིན་པའི་ཤས་ཧ་ཅང་ཆེ། ལྷག་པར་དུ་《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་》ལས། “རྒྱ་གར་དུ་གཤེགས་པར་རྣམས་ལ་རྒྱ་ཁྱུང་། དེ་བཞིན་དུ་བལ་ཁྱུང་མོན་ཁྱུང་” 36ཞེས་པས་གཤེགས་ཡུལ་གྱི་ཆ་ནས་དེ་ལྟར་འབོད་པ་ལས་མིང་དངོས་མིན་པ་གསལ་བོར་བསྟན་འདུག དེ་ན་ལིག་མི་རྐྱའི་གདུང་སྲས་དེ་དག་གི་དངོས་མིང་ལ་ཅི་ལྟར་འབོད་པ་ད་སྔ་རྩད་ཁུངས་ལུང་དང་ལྡན་པ་ཞིག་ཆོད་དཀའ་མོད། ཞང་རྒྱལ་ལིག་མི་རྐྱ་བཀྲོངས་རྗེས་ཞང་ཞུང་གི་རྒྱལ་སྲིད་ལིག་མི་རྐྱའི་གདུང་སྲས་རྣམས་ཀྱི་ཞང་བོ་ཁྱུང་པོ་སྟག་སྒྲ་ཏུན་གཙུག་གི་བཟུང་ལ། དེ་ནས་རྒྱལ་སྲིད་རིམ་གྱིས་ཁྱུང་པོ་སྟག་སྒྲ་ཏུན་གཙུག་གི་གདུང་རྒྱུད་ཁྱུང་པོ་སྟོང་རྒྱུང་རིང་མོར་གཏད་པའི་དུས་སུ། ཞང་ཞུང་རྒྱལ་པོའི་དཔོན་རྒྱུད་སྟོད་ཕྱོགས་ནས་ལྡང་ལྟ་དང་སྨད་ཕྱོགས་ནས་ལྡང་མིག་ལྟ་བྱ་བ་གཉིས་ཀྱིས་ཚ་ཞང་གིས་རྒྱལ་སྲིད་འཛིན་པ་ནི་མི་འོས་པར་སེམས་ཏེ། ཁྱུང་པོ་སྟོང་རྒྱུང་རིང་མོ་ལ་དམག་བརྒྱབ་པ་སྟེ།《ཁྱུང་རབས་གཡུ་མགོ་མ་》རུ། “དེའི་གདན་ས་ཁྱུང་པོ་སྟོང་རྒྱུང་རིང་མོའི་(མོས)བཟུང་བའོ། དེའི་ཚེ་སྨད་ལ་ཞང་ཞུང་གི་ཡུལ་སྟོད་ན། ཞང་ཞུང་རྒྱལ་པོའི་དཔོན་རྒྱུད་ལྡང་ལྟ་བྱ་བ་དང་། ཡུལ་སྨད་ན་ལྡང་མིག་ལྟ་བྱ་བ་གཉིས་ངག་བརྒྱུད་ནས། ཚ་ཞང་གིས་རྒྱལ་ས་བཟུང་པར་མི་རིགས་སོ། ཟེར་ནས་དམག་བྱས་ནས་སྟོང་རྒྱུང་རིང་མོ་ལ་བརྒྱབ” 37ཅེས་པ་འདི་ཡིས། ལིག་མི་རྐྱའི་གདུང་སྲས་བདུན་པོའི་གྲས་སུ་ལྡང་ལྟ་དང་ལྡང་མིག་ལྟ་བྱ་བའི་སྲས་གཉིས་ཡོད་པ་ཁ་ཚོན་བཅད་དེ་བརྗོད་ཆོག་ཀྱང་། དེ་གཉིས་གང་གང་ཡིན་པ་ཁ་ཚོན་གཅོད་དཀའ་མོད། ཡུལ་སྟོད་ན་ལྡང་ལྟ་དང་ཡུལ་སྨད་ན་ལྡང་མིག་ལྟ་ཞེས་འཁོད་ཡོད་པས། མོན་གྱི་ཡུལ་དེ་ཞང་ཞུང་གི་སྨད་ཕྱོགས་སུ་ཡོད་ལ་ལྷོ་ཡི་ཕྱོགས་དེ་ཞང་ཞུང་གི་ཡུལ་སྟོད་ཀྱི་ཆར་འདུག་པར་བརྟེན། ལིག་མི་རྐྱའི་གདུང་སྲས་ལྷོ་ཁྱུང་ཞེས་པ་དེ་ལྡང་ལྟ་བྱ་བ་དང་མོན་ཁྱུང་ཞེས་པ་དེ་ལྡང་མིག་ལྟ་བྱ་བ་དེ་ཨེ་ཡིན་སྙམ་པ་ནི་ཡུལ་ཁམས་ཀྱི་ཆའི་ཐད་ཀྱི་ཚོད་བགམ་ཙམ་ལས། ལུང་རིག་རྣོ་ངར་ལྡན་པ་གང་ཡང་མ་མཆིས་པས་དཔྱད་པར་འཚལ།

གསུམ། ལིག་མི་རྐྱའི་སྐུ་གཤེན་གླེང་བ།

  སྤྱིར་“གཤེན་པོ”ཞེས་པ་ཞང་སྐད་དེ་བོད་སྐད་ལྟར་ན“བླ་མའི”དོན་ཡིན། དེ་ན་སྐུ་གཤེན་ཞེས་པ་རྒྱལ་པོའི་སྐུ་བླའམ་དབུ་བླའི་དོན་ཡིན་ལ། གཙོ་བོ་རྒྱལ་པོར་ལེགས་ཉེས་གང་རུང་གི་དོན་རྐྱེན་ཡོད་ཚེ་རིམ་གྲོ་བསྒྲུབ་པ་དང་རྒྱལ་པོའི་སྐུ་ཚེ་བར་ཆད་དང་གེགས་རྐྱེན་ཅི་རིགས་དང་འཕྲད་ཚེ་འགལ་རྐྱེན་ཕྱིར་བཟློག་པ། རྒྱལ་པོར་ཆེས་ཐོག་མའི་མཚན་གསོལ་བ་སོགས་ཀྱི་ལས་དོན་གཉེར་གྱིན་ཡོད་དེ། 《དུང་དཀར་ཚིག་མཛོད》ལས། “རྒྱལ་པོའི་རིམ་གྲོ་བྱེད་མཁན་གྱི་བོན་པོ་རྣམས་ལ་ཞེ་སའི་ཚིག་གིས་འབོད་པའི་ཚེ་སྐུ་གཤེན་དང་སྐུ་བོན་ཟེར” 38ཞེས་པ་དང་། 《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “དང་བོ་མིང་གི་ཡིག་ཚང་གནང་བ་ནི། རྒྱལ་པོའི་སྐུ་འཚོ་བས་ན་སྐུ་གཤེན་དུ་མཚན་གསོལ”39ཞེས་པ་དག་གིས་གསལ། དེ་བས་ལིག་མི་རྐྱའི་སྐུ་གཤེན་བཤད་པ་ནི་སྐབས་དེའི་རིག་གནས་ཀྱི་སྣང་ཚུལ་དང་ཆབ་སྲིད་ཀྱི་གནས་བབས་སོགས་དང་འབྲེལ་བ་དམ་ཟབ་ལྡན་པ་ཞིག་ཡིན་ལ། 《ཞང་ཞུང་སྙན་རྒྱུད་》ལས། “ཞང་ཞུང་ལ་གྲུབ་པ་ཐོབ་པ་མང་ཡང་། སྤ་ཇི་ཁྲོམ་དཀར་པོ་བཞུགས་པའི་དུས་སུ། ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཞུགས། ཞང་ཞུང་གི་རྒྱལ་པོ་སྐུ་འཚོ་བའི་གཤེན་པོ་གུ་རུབ་སྣང་བཞེར་ལོད་པོ་བཞུགས”40ཞེས་དང་། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས། “ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་བཀྲོངས་པས་ཞང་ཞུང་ཁྲི་ལྡེ་ནི་ཡར་ཆད། སུམ་པའི་སྟོང་སྡེ་ནི་མར་བུད། བོད་སིལ་བུར་སོང་བའི་དུས་ན། ཞང་ཞུང་རྒྱལ་པོའི་ཁབ་ཆེན་མ་ཁྱུང་བཟའ་མཚོ་རྒྱལ་མ་བྱ་བས་བོད་རྒྱལ་ལ་སེམས་ཀྱི་བརྣག་པ་སྐྱེས་ཏེ་གྱེར་སྤུངས་སྣང་བཞེར་ལད་པོ་སྤྱན་དྲངས་ནས་ཞུས་པ། སྐུ་གཤེན་ཆེན་པོ་ལགས” 41ཞེས་པ། 《ཡབ་སྲས་མཇལ་ཚུལ་དང་པོའི་ལོ་རྒྱུས》ལས། “ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱའི་མངའ་མཛད་པའི་དུས་སུ། ་་་་་་་་་་་་་་་་་་སློབ་དཔོན་སྣང་བཞེར་ལོད་པོ་རྒྱལ་པོས་བླའི་མཆོད་གནས་སུ་བཏེགས”42ཞེས་པ། 《ཞང་ཞུང་སྙན་རྒྱུད་ཀྱི་རྣམ་ཐར་ཆེན་མོ་》ལས། “གྱེར་སྤུངས་སྣང་བཞེར་ལོད་པོའི་ལོ་རྒྱུས་ལ་ལྔ། ་་་་་་་་་་་་་་་་་་མེ་རི་སོགས་བསྒྲུབས་པས། མཐུ་དང་རྫུ་འཕྲུལ་དང་ལྡན། དཀའ་བ་མང་པོ་སྤྱད། རྒྱལ་པོ་ལིག་མི་རྐྱའི་བླའི་མཆོད་གནས་སུ་བཞུགས”43ཞེས་པ་སོགས་ལས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་སྐུ་འཚོ་བའི་གཤེན་པོ་ནི་གྱེར་སྤུངས་སྣང་བཞེར་ལོད་པོ་ཡིན་པ་གསལ་བོར་བསྟན་ཡོད།

  སྣང་བཞེར་ལོད་པོའི་མཚན་ལ་མཚམས་རེར་གྱེར་སྤུངས་སྣང་བཞེར་ལོད་པོ་དང་། སྐབས་རེར་གུ་རུབ་སྣང་བཞེར་ལོད་པོ་ཞེས་བྲིས་ཡོད་མོད། གྱེར་སྤུངས་སྣང་བཞེར་ལོད་པོ་ཞེས་པ་ལས“གྱེར་སྤུངས་”ནི་ཞང་སྐད་དེ་བོད་སྐད་ལྟར་ན“སྟོན་པ་དང་སློབ་དཔོན། བླ་མ”བཅས་ཀྱི་དོན་ལ་འཇུག་སྟེ། 《ཞང་ཞུང་གི་མིང་ཚིག་དང་བོན་གྱི་ཐ་སྙད》ལས། “གྱེར་སྤུངས། བོན་གསུངས་པའི་སྟོན་པ་དང་སློབ་དཔོན།”44ཞེས་པས། གྱེར་སྤུངས་སྣང་བཞེར་ལོད་པོ་ཞེས་པ་དེ་སྣང་བཞེར་ལོད་པོའི་ཆེ་བ་འདོན་པའི་འབོད་ཚུལ་ཏེ། བླ་ཆེན་སྣང་བཞེར་ལོད་པོ་ཞེས་པ་ལྟ་བུའོ། ། གུ་རུབ་སྣང་བཞེར་ལོད་པོ་ཞེས་པ་ལས“གུ་རུབ”ཞེས་པ་ནི་རུས་ཏེ། 《ཞང་ཞུང་སྙན་རྒྱུད་ཀྱི་རྣམ་ཐར་ཆེན་མོ》ལས། “གྱེར་སྤུངས་སྣང་བཞེར་ལོད་པོའི་ལོ་རྒྱུས་ལ་ལྔ། དང་པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི། གདུང་རུས་གུ་རུབ་ཡིན།”45ཞེས་པས། “གུ་རུབ”ནི་རུས་ཡིན་པ་གསལ་བོར་བསྟན་འདུག་པས། གུ་རུབ་སྣང་བཞེར་ལོད་པོ་ཞེས་པ་ནི་སྣང་བཞེར་ལོད་པོའི་རུས་དང་མིང་གཉིས་ཀ་ལྷན་དུ་སྦྱར་བའི་འབོད་ལུགས་སུ་ཆགས་པས། གོང་གི་འབོད་ཚུལ་གཉིས་བྱུང་ཡང་ལོ་རྒྱུས་ཀྱི་མི་སྣ་གཉིས་སུ་མི་གཏོགས་པ་མཁྱེན་པར་ཞུའོ།།

མཇུག་སྡོམ།

  ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་ཁག་བཅོ་བརྒྱད་ཀྱི་དང་བོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་དེ་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་དགུ་བའི་ནང་དུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་དང་དུས་མཉམ་དུ། ཞང་ཞུང་གི་ཡུལ་གཡུ་ལོ་ལྗོན་པའི་རྫོང་མཁར་དུ་བྱོན་ཏེ་སྲིད་ལ་མངའ་བསྒྱུར་བ་ནས་ཞང་ཞུང་རྒྱལ་རབས་ཀྱི་དབུ་དངོས་སུ་ཚུགས་པར་བརྗོད་འོས་ལ། དེ་ནས་བྱ་རུ་ཅན་གྱི་རྒྱལ་པོ་མཐའ་མ་མུ་མར་ཐོག་རྒོད་རྒྱལ་པོ་ཨེན་ཌ་འོད་ཀྱི་བྱ་རུ་ཅན་ཏེ་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་པོ་དེས་མི་ལོ་ཆིག་སྟོང་ལྔ་བརྒྱ་ཡས་མས་ཙམ་ལ་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་གྱི་ཡུལ་ཀུན་ལ་མངའ་བསྒྱུར་ཏེ། ཞང་ཞུང་གི་ཆབ་དཔལ་རིག་གསུམ་གྱི་ཐད་ལ་བྱས་འབྲས་མི་དམན་པ་བཞག ཕལ་ཆེར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་དུས་མཉམ་དུ། ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་མཇུག་རྫོགས་འཕྲལ། ཞང་ཞུང་གི“ཚེ་ལོ་བརྒྱ་ཐུབ་ཀྱི་རྒྱལ་པོ་རིམ་བྱོན་”གྱིས་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་བ་ནས་སྤྱི་ལོའི་བདུན་པའི་བར་གྱི་མི་ལོ་སྟོང་གཅིག་ལྷག་ཙམ་གྱི་རིང་ལ། སྔར་བཞིན་ཞང་ཞུང་སྒོ་བའི་སྒོ་ཕུག་བར་གསུམ་གྱི་ཡུལ་ཁམས་ཀུན་ལ་སྲིད་བསྒྱུར། དུས་རབས་བདུན་པའི་ནང་དུ་ཞང་ཞུང་སྲིད་པའི་རྗེ་བོ་ལིག་མི་རྐྱས་ཞང་ཞུང་གི་རྒྱལ་སྲིད་ལ་མངའ་བསྒྱུར་བའི་སྐབས་སུ། བཙན་པོ་ཁྲི་སྲོང་བཙན་གྱིས་སྒྱུ་བཤམས་ཏེ། སྤྱི་ལོ་644 ལོར་ཞང་ཞུང་རྒྱལ་པོ་ལི་མི་རྐྱ་དྭང་ར་ཁྱུང་རྫོང་གི་ཉེ་འདབས་ཀྱི་དྭང་རའི་གསེར་ཕུག་དང་དུང་ཕུག་ཞེས་པའི་གནས་སུ་སྐུ་བཀྲོངས་ལ། དེ་ནས་ཞང་ཞུང་རྒྱལ་ཁབ་ཆེན་པའི་སྲིད་ཤུགས་རིམ་གྱིས་རྒུད་པར་ཕྱོགས་སོ། །

  དཔྱད་མཆན།
  1 སྤྱིར་བོན་གྱི་ལོ་རྒྱུས་དང་ཡིག་ཆ་དག་ན་འདི་ལྟར་འབོད་སྲོལ་མེད་མོད། འདི་ནི་བདག་གིས་དམིགས་ཏེ་བཏགས་པ་ཞིག་ཡིན། དེ་ལྟར་བཏགས་དོན་ནི་རྒྱལ་རབས་འདི་དག་ནི་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་སྟེ་ལོ་ངོ་སྟོང་ཡས་མས་ཀྱི་ཞང་ཞུང་གི་ཡུལ་དུ་དབང་བསྒྱུར་བྱེད་མཁན་གྱི་རྗེ་བོ་དག་ཡིན་ལ། སྤྱིར་ཡར་ལུང་རྒྱལ་རྒྱུད་ལ་མཚོན་ན་བར་འདིའི་ལོ་ངོ་སྟོང་ཡས་མས་ཀྱི་རིང་ལ་རྒྱལ་རབས་སོ་གསུམ་ཙམ་སོང་ཡོད་མོད། ཞང་ཞུང་ལ་རྒྱལ་རབས་བཅུ་གཅིག་ཙམ་ལས་མེད་པས། མ་མཐར་ཚེ་ལོ་བརྒྱ་ཙམ་རེ་ལ་སྐུ་མ་འཚོས་ན་རྒྱལ་རབས་རེ་འཕེལ་རེ་ནུབ་ཀྱི་གནས་སུ་གྱར་འདུག་པས་དེ་ལྟར་བཏགས་པའོ།།

  2 གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན། 《ཏི་སེའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག》 [M] ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་གཙོ་གཉེར་བྱས་པའི 2003ལོའི《ཞང་ཞུང་རིག་གནས་》དུས་དེབ། ཤོག་ངོས་32

  3 སློབ་དཔོན་བསྟན་འཛིན་རྣམ་དག 《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་ཉུང་བསྡུས།》 [M] དབུ་ཅན་ལག་བྲིས་སྣ་རིང་མ། ཤོག་ངོས་624

  4 འདིར་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་གཉིས་ཀྱི་དུས་སུ་ལིག་མི་རྐྱ་རེ་ཡོད་པར་བྱས་ཏེ་བན་བོན་གཉིས་ཀྱི་ཡིག་ཆ་དང་བསྟུན་པར་བྱས་ཡོད་མོད། བདག་གི་ལྟ་ཚུལ་ནི་སྲོང་བཙན་སྒམ་པོ་ལས་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལིག་མི་རྐྱ་ཡོད་པར་མི་བཞེད་པ་དེའོ། །

  5 ཀུན་གྲོལ་གྲགས་པ། 《སངས་རྒྱས་བསྟན་པ་སྤྱི་ཡི་འབྱུང་ཁུངས།》 དབུ་ཅན་ལག་བྲིས་སྣ་རིང་མ། ཤོག་ངོས་426

  6 རྩོམ་པ་བོ་མི་གསལ། 《ཁྱུང་རབས་གཡུ་མགོ་མ།》 དབུ་མེད་ཤིང་དཔར་སྣ་རིང་མ། ཤོག་ངོས་7

  7 གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན། 《ཏི་སེའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག》 [M] ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་གཙོ་གཉེར་བྱས་པའི 2003ལོའི《ཞང་ཞུང་རིག་གནས་》དུས་དེབ། ཤོག་ངོས་32

  8 སློབ་དཔོན་བསྟན་འཛིན་རྣམ་དག 《འབེལ་གཏམ་ལུང་གི་སྙིང་བོ།》 [M] རྒྱ་གར། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། 2005ལོ། ཤོག་ངོས་26

  9 བླ་ཆེན་དྲན་པ། 《སྲིད་པ་རྒྱུད་ཀྱི་ཁ་བྱང་།》 [M] ཁོད་པོ་བློ་གྲོས་ཐོགས་མེད་དམ་གྱེར་ཐོགས་མེད་ཀྱིས་སྤྱི་ལོ1310ལོར་གཏེར་ནས་བཞེས་པའི་དབུ་མེད་ལག་བྲིས་སྣ་རིང་མ། ཤོག་ངོས་139

  10 སྐལ་བཟང་བསྟན་པའི་རྒྱལ་མཚན། 《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ།》 དབུ་ཅན་ཤིང་དཔར་སྣང་རིང་མ། ཤོག་ངོས 7 རུ་གསལ། ཆུ་བོ་ཆེན་པོ་བཞིན་ནི “ཤར་རྟ་མཆོག་ཁ་འབབ་ཆུ་བོ་གྱིམ་ཤང་བྱེ་མ་གཡུང་དྲུང་ནས་ཤར་དུ་འགྲོ། བྱང་སེང་གེའི་ཁ་འབབས་ཆུ་བོ་སེང་ང་ཞང་ཞུང་རུ་ཐོག་ནས་བྱང་ཕྱོགས་གངས་ཅན་ནས་ཁ་གཉིས་སུ་གྱེས་ནས་ཤར་ནུབ་ཏུ་འགྲོ། ནུབ་གླང་ཆེན་ཁ་འབབ་ཆུ་གངྒ་ཁྱུང་ལུང་དངུལ་མཁར་ནས་ནུབ་ཨོ་རྒྱན་དང་རྒྱ་གར་གྱི་བར་ནས་འགྲོ། ལྷོ་རྨ་བྱའི་ཁ་འབབ་ཆུ་བོ་ན་ར་ཛ་བྱ་རི་གཙུག་ལྡན་ནས་ལྷོ་རྒྱ་གར་བྷཾ་ག་ལའི་མཐའ་ནས་གཉིས་སུ་གྱེས་ཏེ་ལྷོ་ཕྱོགས་སུ་འགྲོ།”

  11 དཔལ་ཚུལ། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་མགྲིན་རྒྱན།》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་ 107

  12 ནམ་མཁའི་ནོར་བུ། 《གཟི་ཡི་ཕྲེང་བ།》 [M] ཁྲེང་ཏུའུ། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989ལོ། ཤོག་ངོས་40

  13 རྣམ་ཐར་རིང་བོ་མདོ་དྲི་མེད་གཟི་བརྗིད། འབྲིང་བ་མདོ་གཟེར་མིག བསྡུས་པ་མདོ་འདུས་བཅས་ཡིན།

  14 ནམ་མཁའི་ནོར་བུ། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》 [M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོ། ཤོག་ངོས་69

  15 ཀུན་བཟང་བློ་གྲོས། 《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ།》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་ 142

  16 ནམ་མཁའི་ནོར་བུ། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》 [M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོ། ཤོག་ངོས་82

  17 གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན། 《ཏི་སེའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག》 [M] ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་གཙོ་གཉེར་བྱས་པའི 2003ལོའི《ཞང་ཞུང་རིག་གནས་》དུས་དེབ། ཤོག་ངོས་32

  18 སློབ་དཔོན་བསྟན་འཛིན་རྣམ་དག 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཉུང་བསྡུས།》 [M] དབུ་ཅན་ལག་བྲིས་སྣ་རིང་མ། ཤོག་ངོས་624

  19 ནམ་མཁའི་ནོར་བུ། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད།》 [M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོ། ཤོག་ངོས་85

  20 རྩོམ་པ་བོ་མི་གསལ། 《ཁྱུང་རབས་གཡུ་མགོ་མ།》 [M] དབུ་མེད་ཤིང་དཔར་སྣ་རིང་མ། ཤོག་ངོས་7

  21 རྩོམ་པ་བོ་མི་གསལ། 《ཁྱུང་རབས་གཡུ་མགོ་མ།》 [M] དབུ་མེད་ཤིང་དཔར་སྣ་རིང་མ། ཤོག་ངོས་6

  22 སྟོན་གཤེན་རབ་མི་བོ་ཆེའི་བཀའ། 《མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ།》 [M] དབུ་མེད་ཤིང་དཔར་སྣ་རིང་མ། ཤོག་ངོས་234

  23 ཁྱུང་བོ་བློ་གྲོས་རྒྱལ་མཚན། 《གླེང་གཞི་བསྟན་པའི་འབྱུང་ཁུངས།》 [M] དུས་རབས 14 བའི་ནང་གི་བརྩམས་ཆོས། དབུ་མེད་ལག་བྲིས་སྣ་རིང་མ། ཤོག་ངོས་126

  24 སྤྲུལ་སྐུ་བློ་ལྡན་སྙིང་བོ། 《བོན་རིའི་དཀར་ཆགས།》 [M] དུས་རབས 14 བའི་ནང་གི་བརྩམས་ཆོས། དབུ་ཅན་ཤིང་དཔར་སྣ་རིང་མ། ཤོག་ངོས་32

  25 སྤ་བསྟན་རྒྱལ་བཟང་བོ། 《ཞང་ཞང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་བའི་རྣམ་ཐར།》 [M] དབུ་མེད་ལག་བྲིས་སྣ་རིང་མ། ཤོག་ངོས་19

  26 ཁྱུང་བོ་བློ་གྲོས་རྒྱལ་མཚན། 《རྒྱལ་རབས་བོན་གྱི་འབྱུང་གནས།》 [M] དུས་རབས 14 བའི་ནང་མཛད། དབུ་ཅན་ལག་བྲིས་སྣ་རིང་མ། ཤོག་ངོས་113

  27 ཁྱུང་བོ་བློ་གྲོས་རྒྱལ་མཚན། 《རྒྱལ་རབས་བོན་གྱི་འབྱུང་གནས།》 [M] དུས་རབས 14 བའི་ནང་མཛད། དབུ་ཅན་ལག་བྲིས་སྣ་རིང་མ། ཤོག་ངོས་145

  28ཀུན་བཟང་བློ་གྲོས། 《ལྷ་རྒྱུད་རིན་ཆེན་ཕྲེང་བ།》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ་6པའི་པར་གཞི། ཤོག་ངོས་83

  29མཁས་པ་ལྡེའུ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987 ལོ། ཤོག་ངོས་226

  30《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།》 [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས། 1980ལོ། ཤོག་ངོས་70

  31 ཁྱུང་བོ་བློ་གྲོས་རྒྱལ་མཚན། 《གླེང་གཞི་བསྟན་པའི་འབྱུང་ཁུངས།》 [M] དུས་རབས 14 བའི་ནང་མཛད། དབུ་མེད་ལག་བྲིས་སྣ་རིང་མ། ཤོག་ངོས་38

  32 རྩོམ་པ་བོ་མི་གསལ། 《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་།》 [M] དེབ་འདི་ནི་ཁྲོ་ཆེན་རྒྱལ་པོའི་ཡིག་ཚང་ནས་ཚེ་དབང་རྣམ་རྒྱལ་དུ་འབོད་པས་ཉར་ཚགས་བྱས་པའི་ཡིག་རྙིང་ཞིག་ཡིན། རྗེས་སུ་ལི་ཤི་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱིས་པེ་ཅིན་ནང་བསྟན་སློབ་གླིང་ནས་བསྒྲིགས་ཏེ་ལྕགས་པར་ལ་བཏབ། ཤོག་ངོས་45

  33 མཁས་པ་ལྡེའུ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987 ལོ། ཤོག་ངོས་276

  34 ཉང་ཉི་མ་འོད་ཟེར། 《ཉང་ཆོས་འབྱུང་།》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་252།

  35 དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་དགའ།》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་117

  36 རྩོམ་པ་བོ་མི་གསལ། 《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་།》 [M] དེབ་འདི་ནི་ཁྲོ་ཆེན་རྒྱལ་པོའི་ཡིག་ཚང་ནས་ཚེ་དབང་རྣམ་རྒྱལ་དུ་འབོད་པས་ཉར་ཚགས་བྱས་པའི་ཡིག་རྙིང་ཞིག་ཡིན། རྗེས་སུ་ལི་ཤི་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱིས་པེ་ཅིན་ནང་བསྟན་སློབ་གླིང་ནས་བསྒྲིགས་ཏེ་ལྕགས་པར་དུ་བཏབ། ཤོག་ངོས་45

  37 རྩོམ་པ་བོ་མི་གསལ། 《ཁྱུང་རབས་གཡུ་མགོ་མ།》 [M] དབུ་མེད་ཤིང་དཔར་སྣ་རིང་མ། ཤོག་ངོས་7

  38 དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ།》 [Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུནཁང་། 2002ལོ། ཤོག་ངོས་239

  39 གྲགས་པ་རིན་ཆེན། 《བསྒྲགས་པ་རིན་ཆེན་གླིང་གྲགས།》 [M] རྒྱ་གར། ཐོབ་གསར་དཔེ་སྐྲུན་ཁང་། དབུ་ཅན་ཤིང་དཔར་སྣ་རིང་མ། ཤོག་ངོས་108

  40སློབ་དཔོན་བསྟན་འཛིན་རྣམ་དག《འབེལ་གཏམ་ལུང་གི་སྙིང་བོ།》 [M] རྒྱ་གར། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། 2005ལོ། ཤོག་ངོས 123

  41 ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་218

  42 རྩོམ་པ་པོ་མི་གསལ། 《ཡབ་སྲས་མཇལ་ཚུལ་དང་པོའི་ལོ་རྒྱུས།》 [M] དབུ་མེད་ལག་བྲིས་སྣ་རིང་མ། ཤོག་ངོས་2—3

  43 གྱེར་སྤུངས་སྣང་བཞེར་ལོད་པོ། 《ཞང་ཞུང་སྙན་རྒྱུད་ཀྱི་རྣམ་ཐར་ཆེན་མོ།》 [M] དབུ་མེད་ལག་བྲིས་སྣ་རིང་མ། ཤོག་ངོས་29

  44 Samten G•Karmay 《A Lexicon of Zhangzhung and Bonpo Terms》 [Z] འཇར་པན། འཇར་པན་གྱི་རྒྱལ་སྐྱོང་མི་རིགས་རིག་པ་དངོས་མང་བཤམས་སྟོན་ཁང་། “གྱེར་སྤུངས། བོན་གསུངས་པའི་སྟོན་པ་དང་སློབ་དཔོན། a teacher or master of studies who teaches Bon”ཞེས་ཤོག་ངོས་40

  45 གྱེར་སྤུངས་སྣང་བཞེར་ལོད་པོ། 《ཞང་ཞུང་སྙན་རྒྱུད་ཀྱི་རྣམ་ཐར་ཆེན་མོ།》 [M] དབུ་མེད་ལག་བྲིས་སྣ་རིང་མ། ཤོག་ངོས་26

  论文题目: 略谈象雄王朝

  内容摘要:本篇主要运用苯教和佛教典籍、 以及其他民族的资料,论述了象雄王国的建立年代和象雄十八代“夏日尖”(pya ru can)王的历史,并探讨了公元前四世纪至公元七世纪出现在象雄历史上的几个朝代, 同时也对象雄国王罗木加的姓氏和后嗣等方面更深入地进行了研究和分析。

  关键词:象雄王朝 象雄十八代“夏日尖”王 罗木加王

  Title: Study on Shang shung Kingdoms

  Abstract: Present article based on many authentic documents, studied generally on Shang shung kingdoms which were located in ancient Shang shung territory includes the eighteen kingdoms of Shang shung, and especially on the last Shang shung king called Lig mi rkya and his family lineage.

  Key words: Shang shung Kingdoms, the eighteen kingdoms of bya ru can, Lig mi rkya.

  གཡུང་དྲུང་སྐྱབས། འབུམ་རམས་པ། ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཞུས་ཆེན་གཞོན་པ།

2020ལོའི་དེབ་གསུམ་པའིཀྲུང་གོའི་བོད་རིག་པདུས་དེབ་སྟེང་བཀོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།