དུས་རབས་བཅུ་པ་ཚུན་གྱི་བོན་ལུགས་རྣམ་ཐར་བྱུང་འཕེལ་གྱི་སྐོར་འགའ་ཞིག་བརྗོད་པ།

[ཟླ་ཚེས། 2018-10-15 10:58:36][རྩོམ་པ་པོ། མཁན་པོ་ཚེ་རིང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

6b2288522449bfeb6153bf16b26eed6f.jpg

ནང་དོན་གནད་བསྡུས། རྣམ་ཐར་ནི་བོད་ཀྱི་ལོ་རྒྱུས་བསྟན་བཅོས་ཀྱི་རིགས་རྣམ་གཙོ་བོ་ཞིག་ཡིན་པ་དང་།དུས་རབས་སོ་སོར་བྱུང་བའི་རྣམ་ཐར་རྣམས་ནི་སྐབས་ཀྱི་བསམ་བློའི་འགྱུར་ལྡོག་དང་།སྤྱི་ཚོགས་ཀྱི་གནས་བབ།ལོ་རྒྱུས་དོན་རྐྱེན་གྱི་འཕོ་འགྱུར་སོགས་ཆེས་ལེགས་པར་མཚོན་པར་བྱེད་ནུས་པའི་རྒྱུ་ཆ་གཙོ་བོ་དེ་རུ་གྱུར་ཡོད།དེའང་རྣམ་ཐར་རང་ཉིད་ཀྱི་ཐད་ནས་བྱུང་རབས་དང་གྲུབ་སྟངས།ནང་དོན།རྣམ་པ།ངོ་བོ་སོགས་ཀྱི་ངོས་ནས་རིགས་དབྱེ་དུ་མ་ཙམ་དུ་བགར་ཆོག་པར་མ་ཟད།རྣམ་ཐར་མཛད་མཁན་གྱི་གང་ཟག་ངོས་ནས་ཀྱང་རང་རྣམ་དང་གཞན་རྣམ་ལྟ་བུར་ཁྱད་པར་འབྱེད་ནུས་པ་དང་།བྱུང་བའི་དུས་རིམ་གྱི་ཐད་ནས་ཀྱང་དུས་རབས་སོ་སོའི་རྣམ་ཐར་དུ་བགར་ནས་ཞིབ་པར་འཇུག་རིགས་སོ།།དེའང་གཡུང་དྲུང་བོན་གྱི་ལུགས་ལྟར་ན།རྣམ་ཐར་དོ་ཅོག་ནི་དུས་རབས་བཅུ་པའི་རྗེས་སུ་རིམ་གྱིས་གྲུབ་ཅིང་།དེ་དག་གི་གྲུབ་སྟངས་ཀྱི་ཐད་ལ་བཀའ་མ་དང་།གཏེར་ཆོས།སྙན་བརྒྱུད།བརྩམས་ཆོས་སོགས་རིགས་ཇི་སྙེད་ཅིག་ཡོད་པ་ལྟར།དཔྱད་རྩོམ་འདིར་ཁོ་བོས་གོང་གི་བོན་ལུགས་རྣམ་ཐར་གྱི་གྲུབ་ཆ་དེ་དག་གི་ངོ་བོ་དང་ནང་དོན་སོགས་ལ་ངོ་སྤྲོད་རགས་བསྡུས་བྱས་པ་དང་བརྒྱུད།གྲུབ་ཆ་དེ་དག་གི་བརྗོད་གཞི་རེ་རེ་དང་སྦྱར་ཏེ་བྱེ་བྲག་གི་མཚོན་བྱེད་བརྩམས་ཆོས་ཀྱི་ནང་དོནའཕོ་འགྱུར་ཐད་ལ་ཉམས་ཞིབ་ཅུང་ཟད་རེ་བགྱིས་ཡོད།
བརྡ་ཆད་གཙོ་བོ། གཡུང་དྲུང་བོན། རྣམ་ཐར། བྱུང་འཕེལ།
    སྤྱིར་བོད་ཀྱི་རིག་གནས་ལ་ཡ་ཐོག་གདོད་མའི་དུས་ཀྱི་རིག་གནས་དང་།རྒྱལ་ཕྲན་སིལ་མའི་དུས་ཀྱི་རིག་གནས། བཙན་པོ་རྒྱལ་རབས་སྔ་མའི་དུས་ཀྱི་རིག་གནས།བཙན་པོ་རྒྱལ་རབས་ཕྱི་མའི་སྐབས་ཀྱི་རིག་གནས།བོད་སིལ་བུའི་དུས་ཀྱི་རིག་གནས་བཅས་སྡེ་ཚན་ལྔར་ཕྱེས་བ་ལས་འདིར་བོད་སིལ་བུའི་དུས་རབས་དང་བསྟུན་ཏེ་བོན་གྱི་རྣམ་ཐར་བྱུང་འཕེལ་སྐོར་འགའ་ཞིག་བརྗོད་པ།

དང་པོ། གཏེར་ཆོས་དང་བརྩམས་ཆོས་སྙན་རྒྱུད་བཀའ་མ་བཅས་ཀྱི་ངོ་སྤྲོད་གནད་བསྡུས།

    དུས་རབས་དགུ་པའི་ལོ་རབས་བཞི་བཅུ་པ་སྟེ་བོད་ཀྱི་རྒྱལ་པོ་ཐ་མ་དར་མ་འུ་དུམ་བཙན་པོ་སྐུ་བཀྲོངས་བ་ནས་ལོ་ངོ་ཉིས་སྟོང་ཉེ་བར་དབང་བསྒྱུར་བའི་བཙན་པོ་རྒྱལ་ཁབ་ཀྱང་སིལ་བུ་ཁ་འཐོར་གྱི་ལམ་དུ་ཆས་པའི་དབུ་བརྙེས། དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་བོད་སིལ་བུའི་དུས་རབས་ཞེས་ཡོངས་སུ་གྲགས། དུས་རབས་དེའི་ནང་དུ་རྒྱལ་ཕྲན་སོ་སོའི་རང་གི་དགོས་དབང་ལྟར་ཆོས་ལུགས་གྲུབ་མཐའ་མང་པོ་དར་སྤེལ་བཏང་། ཆོས་ལུགས་དེ་དག་གནད་བསྡུས་ན་བོན་པོའི་ཆོགས་ལུགས་དང་བན་དེའི་ཆོས་ལུགས་གཉིས་སུ་འདུ། འདིར་དུས་རབས་བཅུ་པ་ཚུན་གྱི་བོན་གྱི་རིག་གཞུང་གནས་བབས་དང་འབྲེལ་ཏེ་བོན་ལུགས་ཀྱི་རྣམ་ཐར་འགྱུར་ལྡོག་གནས་ཚུལ་འགའ་ཞིག་བརྗོད་པ་ལ།ཐོག་མར་བོན་ལུགས་གཏེར་ཆོས་དང་བརྩམས་ཆོས་སྙན་རྒྱུད་བཀའ་མ་བཅས་ངོ་སྤྲོད་མདོ་ཙམ་ཞུ་བ་ལ།

གཅིག  བོན་ལུགས་གཏེར་ཆོས་ངོ་སྤྲོདམདོར་བསྡུས།

    དུས་རབས་བཅུ་ནས་བཟུང་བོན་གྱི་ཡིག་ཆ་ལ་གཏེར་མ་དང་སྙན་རྒྱུད། བཀའ་མ་དང་བརྩམས་ཆོས་སོགས་མ་ལག་མི་འདྲ་བ་ཁ་ཤས་དར་ཡོད། དེ་ལས་གཏེར་མ་ཞེས་པ་ནི་བྲག་ཕུག་དང་ས་འོག་སོགས་ནས་གསར་རྙེད་བྱུང་བའི་ཡིག་ཆ་ཡིན་པ། དཔེར་ན་ཨ་ཙ་ར་མི་གསུམ་ནས་གཤེན་ཆེན་ཀླུ་དགའི་བར་གཏེར་སྟོན་བཅོ་ལྔ་བྱུང་ཞིང་བོན་གྱི་གཏེར་ཆོས་རྣམས་དར་བའི་དབུ་བརྙེས། གཤེན་ཆེན་ཀླུ་དགའ(996ནས་གཤེན་གྱེར་རྨ་དབྱིལ ། ཁུ་བཞེད་གཉེན་གསུམ་ སོགས་བོན་གྱི་གཏེར་སྟོན་དུ་མ་རིམ་གྱིས་བྱོན་ཏེ་གཏེར་ཆོས་དང་འབྲེལ་བའི་རིག་གནས་རྣམས་དར་སྤེལ་བཏང་། དེང་དུས་ཀྱི་མཁས་པ་འགའ་རེས་གཏེར་མ་ཞེས་པ་གཏེར་སྟོན་ཁོ་རང་གིས་བརྩམས་པ་ལས་གསར་རྙེད་བྱུང་བར་ཁས་ལེན་གྱི་མེད་ནའང་། དེར་བསམ་བློ་ཞིབ་མོ་གཏོང་དགོས་པ་ཞིག་ནི དཔེར་ན་བོན་གྱི་ལོ་རྒྱུས་ནང་དུ་སྐད་གྲགས་ཤིན་ཏུ་ཆེ་བའི་གཏེར་སྟོན་ཨ་ཙ་ར་མི་གསུམ་ལྟ་བུར་མཚོན་ན། བལ་ཡུལ་ནས་ཐོན་པའི་གསེར་ཚོང་བ་ཡིན་པ་ལས་བོན་གྱི་བསྟན་པ་སྤེལ་བའི་བླ་མ་དང་མཁས་པ་གང་ཡང་མིན། ཁོ་ཚོས་གཏེར་ནས་བཏོན་པའི་ཡིག་ཆ་རྣམས་ཀྱང་ས་འོག་དང་རི་བྲག་སོགས་ནས་གསར་རྙེད་བྱུང་བ་མ་ཡིན་པར། བསམ་ཡས་གཙུག་ལག་ཁང་ནས་བརྐུས་སོང་བའི་ཡིག་ཆ་ཡིན་པར་བོན་གྱི་ལོ་རྒྱུས་རྣམས་སུ་བལྟས་ན་ཤེས་ཐུབ།  དཔེར་ན་སྤྱི་ལོ་༩༡༣་པ་ལ་བལ་ཡུལ་གྱི་ཨ་ཙ་ར་མི་གསུམ་གནས་སྐོར་བར་བརྫུས་ནས་བོད་ཡུལ་དུ་གསེར་ཉོ་རུ་ཡོང་། བསམ་ཡས་སུ་སླེབས་པ་དང་སྐོར་བ་འདྲ་བྱས་པས་ས་དེ་གའི་མི་རྣམས་ཀྱིས་ལྷོ་བལ་གྱི་མི་འདི་རྣམས་དད་པ་ཅན་དུ་འདུག་ཟེར་ནས་ནུབ་མོར་བསམ་ཡས་གཙུག་ལག་ཁང་དུ་བསྡད་བཅུག ཨ་ཙ་ར་རྣམས་ཀྱིས་ལྷ་ཁང་དུ་སྒམ་ཆ་རེ་འདུག་པར་མཐོང་བར་རིན་པོ་ཆེ་ཡིན་ལས་ཆེ་བསམ་སྟེ་རྐུས་ནས་བྲོས་སོང་། ལམ་ནས་ཁ་ཕྱེས་བས་ཚང་མ་བོན་དཔེར་འདུག་པས་པོ་ཏི་ཆ་རེ་བོན་པོའི་བླ་མ་མཐའ་བཞི་འཕྲུལ་གསས་ལ་ཕུལ་ནས་ཟན་དང་བརྗེས། ཡང་འགའ་རེ་བན་དེ་མི་གསུམ་ལ་བཙོང་བར་བཤད་པས་རིག་གནས་ཀྱི་ཆུ་ཚད་ཧ་ཅང་དམན་བའི་མི་སྐྱ་བ་ཁོ་ན་ཡིན་པ་ཤེས་ཐུབ།   དེ་བཞིན་དུ་སྤྱི་ལོ་༡༠༦༧པ་ལ་སྐུ་འཁྲུངས་བའི་བོན་གྱི་གཏེར་སྟོན་ཁུ་བཞེད་གཉན་གསུམ་གྱི་ནང་ཚན་ཁྱེའུ་གཉན་མཐིང་པའང་ལུག་རྫི་རྒད་པོ་ཞིག་ཡིན་ཞིང་། ཁོང་གིས་ར་ལུག་འཚོ་སྐབས་གཙང་འཕྲེང་ནུ་མ་ནས་ཡི་གེ་པོ་ཏིས་བཀང་བའི་བྲག་ཕུག་ཅིག་རྙེད་པ་ལ་ཕྱིས་སུ་གཏེར་སྟོན་སྐད་གྲགས་ཅན་ཏུ་གྱུར་པ་དེ་ལྟ་བུ་རེད། དེ་བཞིན་ཏུ་དུས་རབས་བཅུ་པའི་དཀྱིལ་ཙམ་ལ་ཁྱི་ར་བ་གསུམ་མམ་རྔོན་པ་མི་གསུམ་གྱིས་ཤིང་སྡོང་ཆེན་པོ་ཞིག་གི་འོག་ནས་སོལ་བ་ཐར་ཐོར་བྱུང་བས་རྐོས་པ་ལས་ཀླུ་འབུམ་དཀར་ནག་ཁྲ་གསུམ། ཀླུ་གཉན་ས་བདག་གི་འབུམ་སོགས་བོན་གྱི་ཡིག་ཆ་མང་པོ་བྱུང་བ།དཔེ་རྒྱུན་ཡང་ད་ལྟ་བོན་དགོན་སོ་སོར་བཞུགས་ཡོད།དེ་བཞིན་དུ་སྤྱི་ལོ་༩༩༦པ་ལ་སྐུ་འཁྲུངས་བའི་བོན་གྱི་གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུ་དགའ་ཡང་དོན་ངོ་མ་མི་སྐྱ་ཞིག་ཡིན་ཞིང་། ཆུང་ནས་བཟུང་ཡབ་འདས། སྐུ་མཆེད་བཀྲོང་བ་སོགས་ཀྱིས་ཤེས་བྱ་ཡོན་ཏན་སྦྱང་ལོང་མ་རྙེད། འོན་ཀྱང་དགུང་ལོ་༢༢པ་ལ་བོད་ལྗོངས་གཞིས་རྩེ་གངས་པ་རྫོང་གི་འབྲི་མཚམས་མཐའ་དཀར་ནས་གཏེར་ཞལ་ཕྱེས་བ་སོགས་སུ་གཞིག་ན་པོ་ཏི་དེ་འདྲ་མང་པོ་ཞིག་གསར་རྩོམ་བྱེད་པའི་ཁོམ་ལོང་མེད་པར་ཤིན་ཏུ་གསལ། དཔེར་ན་བསྒྲགས་པ་གླིང་གྲགས་དང་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་སོགས ལས། བོན་གྱི་གཏེར་ཡིག་རྣམས་དུས་ནམ་ཞིག་ལ་སྦས་པ་དང་། རྒྱུ་མཚན་ཅིའི་ཕྱིར་དུ་སྦས་པ། སྦས་ནས་ལོ་ག་དུས་སོང་བ་དང་། གཞན་ཡང་གཏེར་འདོན་སའི་ས་དང་།གཏེར་ནས་བཏོན་བའི་དུས་ཚོད། གཏེར་འདོན་མཁན་གྱི་བླ་མ། གཏེར་ནས་ཐོན་པའི་ཡིག་ཆ་གང་དག་ཡིན་པ་སོགས་རེ་རེ་ནས་ཁ་གསལ་བསྟན་ཡོད་པས བོན་གྱི་གཏེར་ཆོས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་པའང་ཤེས་ཐུབ།  འོ་ན་གཏེར་ཡིག་དེ་དག་གཏན་ནས་བཅོས་མ་ཕོག་ཞིག་ཡིན་ནམ་ཞེ་ན། དེའང་མ་ཡིན་ཏེ། དཔེར་ན་མཁར་རྨེའུ་བསམ་གཏན་སོགས་ཀྱིས་བོན་གྱི་གཏེར་ཡིག་ནི་སྔོན་གྱི་དཔེ་རྙིང་ཞིག་གསར་རྙེད་བྱུང་བས་མ་གཞི་བྱས་ཏེ། གཏེར་སྟོན་དང་ཁོང་གི་སློབ་རྒྱུད་དག་གིས་མ་གཞི་དེའི་སྟེང་དུ་ཚིག་དོན་ཁ་གསབ་དང་འཕྲི་སྣོན་བྱས་ལས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པར་བཤད་པ་ཉིད་དོན་ལ་གནས་པར་བསམ། རྒྱུ་མཚན་ནི་དཔེ་ཆ་དེ་དག་གི་ནང་དུ་ཡི་གེ་འབྲི་སྟངས་དང་སྡེབ་སྦྱོར་སོགས་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་ཡི་གེ་སྡེབ་སྦྱོར་དང་མི་མཚུངས་པའི་གནའ་བོའི་བརྡ་རྙིང་སོགས་ཅི་རིགས་ཡོད་པས་ཀྱང་ཤེས་ཐུབ།

གཉིས། བརྩམས་ཆོས་ངོ་སྤྲོད།

   དེའང་བོན་གྱི་ཡིག་ཆ་རྣམས་སུ་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་ཀྱི་བླ་བརྒྱུད་རྣམ་ཐར།  ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་བརྒྱུད་ཀྱི་རྣམ་ཐར།  གཡུང་དྲུང་བསྟན་འཛིན་གྱི་རང་རྣམ།  མཁན་ཉི་མའི་རང་རྣམ།  ཤར་རྫ་བའི་ཨ་ཁྲིད་བླ་བརྒྱུད་རྣམ་ཐར་ སོགས་མང་པོ་བཞུགས་ཤིང་། དེ་དག་ནི་མཁས་པ་སོ་སོས་བརྩམས་ཆོས་ཡིན་པས། གཏེར་མ་དང་ཅུང་མི་འདྲ་བ། དཔེར་ན་དུས་རབས་བཅུ་གཉིས་པའི་དཀྱིལ་ཙམ་ལ་གཏེར་ནས་ཐོན་པའི་ཡིག་ཆ་དབལ་ཆེན་གེ་ཁོད་ དང་དབལ་གསས་གཤེད་རྡུང་ སོགས་སུ་ཀི་ཀུ་ཕྱིར་ལོག་དང་། མི་ལ་མྱི། མེད་མྱེད། མེས་པོ་ལ་མྱེས་པོ།བོན་ལ་བོནད།ཡོངས་རྫོགས་ལ་ཡང་རྫོག་ཅེས་འབྲི་སྲོལ་ཡོད་པ་དང་། དཔེར་ན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཞེས་པ་ལ། ཞལ་༡་ཕྱག་༢་སྤྱན་༣་ཞེས་པ་སོགས་བྲིས་ཡོད་པ།   དེ་ལ་མཁས་པ་མང་པོ་ཞིག་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་ཡི་གེ་འབྲི་སྟངས་དེ་དེ་འདྲ་ཞིག་ཡིན་པར་བསམ་སྲིད་མོད་ཀྱང་།དོན་དངོས་དུས་རབས་བཅུ་གཅིག་པའི་དཀྱིལ་ཙམ་ལ་བོན་གྱི་བླ་མ་མཁས་པ་དཔལ་ཆེན་གྱིས་བརྩམས་པའི་ཕར་ཕྱིན་མངོན་རྟོགས་རྒྱན་དང་ཁམས་སྡུད་ཚིགས་སུ་བཅད་པའི་འགྲེལ། མེ་སྟོན་ཤེས་རབ་འོད་ཟེར་གྱིས་བརྩམས་པའི་དབུ་མ་བདེན་གཉིས་དང་ལམ་རིམ་སུམ་བརྒྱ་ཉི་ཤུ་བ། འདུལ་བ་ཀུན་བཏུས། འདུལ་བ་མདོར་བསྡུས་སོགས་ཐམས་ཅད་ཚིགས་བཅད་ཁོ་ན་ཡིན་ཞིང་།ཚིག་སྙན་ལ་དོན་ཟབ་པ། བརྡ་རྙིང་གིས་མ་བཅིང་པ། ཚིག་རྫོབ་ཉུང་བ། འདོན་བདེ་བ། དེང་དུས་སུམ་རྟགས་ཀྱི་འགྲིག་དང་མཐུན་པ་སོགས་ཀྱིས་མཚོན། དེ་དང་གོང་ཞུས་ཀྱི་དུས་རབས་བཅུ་གཉིས་པའི་གཏེར་ཡིག་རྣམས་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་དཔེ་ཆ་གོ་བསྡུར་ནས་བལྟས་ན་ཤེས་སླ། དེ་བཞིན་ཏུ་དུས་རབས་བཅུ་གཉིས་པར་འགྲོ་མགོན་བློ་གྲོས་གྱིས་བརྩམས་པའི་ཚད་མ་ཀུན་བཏུས་དང་། རྩ་རྒྱུད་གསང་བ་བསེན་ཐུབ་གྱི་འགྲེལ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་སོགས་སུ་བལྟས་ནའང་སྐབས་དེའི་གཏེར་ཡིག་དང་མི་འདྲ་བར་ཤེས་ཐུབ། ་དེ་བཞིན་ཏུ་ད་ལྟ་ཕུའུ་མིན་普米族མི་རིགས་ཀྱི་ཡིག་ཆའི་གྲས་སུ་བཞུགས་པའི་བོན་ལུགས་གེ་ཁོད་དང་དབལ་གསས། གཞི་བདག་མཆོད་ཐབས། འདུར་གྱི་སྐོར་སོགས་ལ་མཁས་པ་ཞིབ་འཇུག་པས་བརྟག་དཔྱད་བྱས་པས་དུས་རབས་དགུ་པའི་ཡིག་ཆར་ངོས་བཟུང་ཡོད་མོད།  འོན་ཀྱང་མཇུག་ཏུ་དཔོན་གསས་ཁྱུང་རྒོད་རྩལ་གྱིས་གཏེར་ནས་བཏོན་ཞེས་པར་བཤད་པས་དུས་རབས་བཅུ་གཉིས་པའི་དཀྱིལ་ཙམ་ལ་གཏེར་ནས་ཐོན་པར་ཁས་མ་ལེན་རང་ལེན་འདྲ་ཆགས་ཡོད་མོད། གལ་ཏེ་ཆེད་ལས་པ་ཞིག་གིས་བོན་གྱི་སྲོལ་རྒྱུན་རིག་གཞུང་ལ་རྒྱུས་ལོན་གང་ཡང་བྱེད་མ་མྱོང་ཞིང་ཐད་ཀར་དཔེ་ཆའི་ངོས་སུ་ལྟ་ནས་ཁ་གྲགས་དགོས་ན་དུས་རབས་བཅུ་པའི་ཡིག་ཆ་ཅིག་རེད་ཅེས་བཤད་སྲིད་པ་དེ་ལྟ་བུ་ཡིན་པས་གཏེར་ཡིག་དང་རྩོམ་ཆོས་ལ་ཁྱད་པར་ཡོད་པ་དེ་དག་གིས་ཀྱང་ཤེས་ཐུབ།

གསུམ། སྙན་རྒྱུད་ཅེས་པ་ངོ་སྤྲོད།

   དེ་བཞིན་དུ་བོན་ལུགས་ལ་ཐུན་མོང་མ་ཡིན་པའི་གཞུང་སྙན་བརྒྱུད་ཟེར་བ་ཞིག་ཡོད། དེ་ནི་གང་ཟག་ག་གེ་མོས་གང་ཟག་གཞན་པ་ཞིག་གི་རྣ་ལམ་དུ་བརྒྱུད་པའམ་བསྒྲགས་ནས་སྤེལ་བ་ཞིག་ཡིན་པ་ལས་ས་འོག་ནས་ཐོན་པ་ཞིག་མ་ཡིན་པར་ཤེས་དགོས། དེའང་འདིའི་སྐབས་སུ་བཤད་པའི་སྙན་བརྒྱུད་དང་ཞང་ཞུང་སྙན་བརྒྱུད་ལས་བཤད་པའི་སྙན་རྒྱུད་གཉིས་བརྒྱུད་ཚུལ་གྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད། ཞང་ཞུང་སྙན་བརྒྱུད་ནི་གང་ཟག་ཉི་ཤུ་རྩ་བཞི་པོས་གཅིག་ནས་གཅིག་ལ་སྙན་དུ་བརྒྱུད་ཅིང་བར་ཆད་མ་མྱོང་བ་བླ་བརྒྱུད་རྣམ་ཐར་སོགས་སུ་བལྟས་ན་ཤེས་ཐུབ།  འདིའི་སྐབས་ཀྱི་སྙན་བརྒྱུད་ཅེས་པ་ནི་རིག་འཛིན་གོང་མ་རྣམས་ཀྱིས་བླ་མ་ག་གེ་མོ་ཞིག་གི་སྙན་ལམ་དུ་བརྒྱུད་པར་བཤད་ཅིང་སྙན་དུ་བརྒྱུད་མཁན་ནམ་བཤད་མཁན་གྱི་བླ་མ་དང་བཤད་ས་གཉིས་ཀྱི་བར་དུ་ལོ་བརྒྱ་འམ་སྟོང་ལས་བརྒལ་བའང་ཡོད། བརྒྱུད་པའི་སྐབས་སུ་བརྒྱུད་པ་ལེན་མཁན་ཁོ་རང་མ་གཏོགས་གང་ཟག་གཞན་པའི་གོ་ཐོས་མེད་པ་དེ་ལྟ་བུ་རེད། སྐབས་འདིར་བཤད་པའི་སྙན་བརྒྱུད་ཀྱི་བོན་རྣམས་ནི་རིག་འཛིན་གྱེར་མི་ཉི་འོད་དང་སྤྲུལ་ལུང་བོན་ལྷ་གཉེན་གཉིས་ཀྱིས་སྲོལ་བཏོད་ཅིང་། དེའང་གྱེར་མི་ཉི་འོད་ཀྱིས་སྤྱི་ལོ་༡༡༠༨་ལོ་ལ་ཞི་བ་ཨ་གསལ་སོགས་སྙན་བརྒྱུད་གྱི་བོན་རྣམས་སེ་ཀར་སྟོན་པ་ལ་བརྒྱུད་དེ་དར་བར་བཤད། ཤོད་སྲོལ་ལ་དེ་དུས་གྱེར་མི་ཉི་འོད་དགུང་ལོ་སུམ་བརྒྱ་ཡིན་ཞིང་། ཁྱུང་པོ་གྱེར་ཟླ་མེད་ཀྱི་སྲས་ཡིན་པར་བཤད་པ་དེ་ལྟར་ན་དུས་རབས་བརྒྱད་པ་ཙམ་ལ་སྐུ་འཁྲུངས་དགོས། དེ་བཞིན་ཏུ་སྤྱི་ལོ་༡༠༨༨པར་སྤྲུལ་སྐུ་ལུང་བོན་ལྷ་གཉེན་ལ་ཚེ་དབང་རི་ཁྲོད་པས་སྙན་དུ་བརྒྱུད་པའི་བོན་དྲང་དོན་མུན་སེལ་སྒྲོན་མ།ངེས་དོན་ནམ་མཁའི་འཕྲུལ་མཛོད། ཡེ་ཁྲིད་མཐའ་སེལ་སོགས་ཤིན་ཏུ་མང་། དེ་ནས་དུས་རབས་བཅུ་བཞི་པའི་དཀྱིལ་ཙམ་ལ་སྤྲུལ་སྐུ་བློ་ལྡན་སྙིང་པོ་དང་དམུ་གཤེན་ཉི་མ་རྒྱལ་མཚན་སོགས་བྱོན་པ་ནས་སྙན་བརྒྱུད་ཀྱི་བོན་རྣམས་དར་རྒྱས་བཏང་བ་ཞིག་ཡིན་པ་དེ་ལྟར་ན་སྤྱི་ལོ་དུས་རབས་བཅུ་གཅིག་པའི་སྨད་ཙམ་ནས་སྙན་བརྒྱུད་དར་བའི་དབུ་བརྙེས། མི་མང་པོ་ཞིག་གིས་དཔེ་ཆ་དེ་རྣམས་ཁོ་རང་ཚོས་བརྩམས་པ་མ་རེད་ཅེ་ན་ཁས་ལེན་མི་སྲིད་ནའང་བསམ་བློ་གཏོང་དགོས་པ་ཞིག་ནི། དཔེར་ན་ད་ལྟ་བོད་ཀྱི་ཡུལ་དུ་དང་ར་བླ་མ་ཟེར་བ་ཞིག་ཡོད། ཁོང་ནི་རིག་གནས་ཀྱི་ཆུ་ཚད་ཧ་ཅང་དམན་ཞིང་རང་གི་མིང་ཡང་དག་ཆ་ཅན་ཞིག་འབྲི་ཤེས་ཀྱིན་མེད་ནའང། གནས་ཡིག་དང་བོན་གཞུང་ཆོ་ག་སོགས་ཁོང་གིས་བཏོན། ཡི་གེ་བ་རྣམས་ཀྱིས་ཡི་གེར་ཕབ་ན་དེབ་མང་པོ་གསུང་ཐུབ། སྙན་བརྒྱུད་དེ་དག་འདོན་ཡོང་དུས་བསམ་བློ་གཏོང་མི་དགོས་པ་དཔེར་ན་འདི་ནས་འདོན་མཚམས་བཞག་སྟེ་ཇ་གསོལ་བ་དང་ཡང་མུ་མཐུད་དུ་བཏོན་ནའང་ནོར་བ་དང་གོ་རིམ་འཁྲུག་པ་སོགས་གཏན་ནས་ཡོང་མི་སྲིད་པ་དེ་ལྟ་བུ་རེད། དཔེ་ཆ་གང་ཡིན་ཡང་ཚར་གཅིག་ཉན་པ་དང་བློར་འཛིན་ཐུབ། དེ་བཞིན་ཏུ་ཁྱུང་པོ་བློ་ལྡན་སྙིང་པོའི་སྙན་བརྒྱུད་མདོ་དྲི་མེད་གཟི་བརྗིད་ཀྱི་ནང་དོན་དང་ཐ་སྙད་སོགས་ལ་མཚོན་ནས་བཤད་ན། དེར་ཡོད་པའི་མི་སྣ་སོ་སོའི་མཚན་དང་ཆ་ལུགས་རྣམས་དུས་རབས་མི་འདྲ་བའི་རིག་གནས་མཚོན་ཐུབ་པ་དང་། སྲོག་ཆགས་མི་འདྲ་བ་བཞི་བརྒྱ་ལྷག་གི་མཚན་རྣམས་གསལ་བོ་བྲིས་ཡོད་པས་རང་ཀེར་མི་ཞིག་གིས་རྩོམ་དགོས་ན་ཧ་ཅང་དཀའ་ལས་ཁག་པོ་ཡིན་པ་དང་། སྤྱིར་ཁྱུང་པོ་བློ་ལྡན་སྙིང་པོ་ལ་སྙན་བརྒྱུད་དུ་གྲགས་པའི་བོན་དཔེ་པོ་ཏི་དྲུག་ཅུ་ལྷག་ཡོད་པ་དེ་རྣམས་དགུང་ལོ་བཞི་བཅུ་ཞེ་བརྒྱད་ཚུན་ཆད་ལ་བྲིས་ཟིན་པ་དེ་ལྟ་བུ་རེད།

བཞི། བཀའ་མ་ཞེས་པ་ངོ་སྤྲོད་མདོར་ཙམ་ཞུ་བ།

    བོན་ལུགས་ལ་བཀའ་མ་དང་གཏེར་མ་ཞེས་རིག་གནས་མ་ལག་གཉིས་ཡོད་པ་ལས། བཀའ་མ་ཞེས་པ་ནི་དུས་རབས་བརྒྱད་པའི་སྐབས་སུ་གཏེར་འོག་ཏུ་མ་སོང་བོན་རྣམས་ལ་ཟེར། དེ་ལ་རྒྱ་གར་བོན་སྐོར་དང་ཞང་ཞུང་བོན་སྐོར་ཞེས་མ་ལག་ཆེན་པོ་གཉིས་ཡོད། ཞང་ཞུང་བོན་སྐོར་ལ་རྫོགས་ཆེན་སྐོར་དང་གསང་སྔགས་འདུལ་བ་ཏེ་གསུམ་དུ་དབྱེ། རྫོགས་ཆེན་ལ་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི་དང་ཉམས་བརྒྱུད་རྒྱས་འབྲིང་བསྡུས་གསུམ་སྟེ་མ་ལག་གཉིས་ཡོད། བོན་གྱི་ལོ་རྒྱུས་རྣམས་སུ་སྟོན་པ་གཤེན་རབ་ནས་འཇའ་ལུས་འཕོ་ཆེན་ཉི་ཤུ་རྩ་དྲུག་ལ་རིམ་གྱིས་བརྒྱུད་པའི་ཉམས་མྱོང་རྣམས་དུས་རབས་བདུན་པའི་སྟོད་ཙམ་ལ་ཏ་པི་ཧྲི་ཙ་དང་སྣང་བཞེར་ལོད་པོ་གཉིས་ཀྱིས་ཡུལ་ད་རོག་(ད་ལྟ་ཡིན་གཞིས་རྩེ་འབྲོང་པ་རྫོང་ད་རོག་ཤང་གི་བྱང་ངོས་ན་ཡོད་པ)དུ་ཡིག་སྣ་བཏབ་པར་བཤད། ད་ལྟ་གངས་ཏི་སེའི་བོན་གཞུང་རིག་གཏེར་པོད་ཉེར་བཞི་པ་ཤོག་ལྡེབ་༤༦༩ཡོད།བོན་གྱི་བཀའ་འགྱུར་པོད་༡༣༥པ་སོགས་སུ་བཞུགས།དུས་རབས་བརྒྱད་པའི་སྨད་ཙམ་ནས་བླ་མ་འོར་སྒོམ་ཀུན་འདུས་ཀྱིས་ཉམས་བརྒྱུད་རྒྱས་འབྲིང་བསྡུས་གསུམ་རྣམས་ཡིག་སྣ་བཏབ་པས་ཞང་ཞུང་སྙན་རྒྱུད་ལ་བཀའ་བརྒྱུད་དང་ཉམས་བརྒྱུད་གཉིས་སུ་ཀྱེས་ཏེ་དར།སྔགས་ཕྱོགས་ལ་མེ་རི་སྐོར་རྣམས་ཉམས་བརྒྱུད་དང་བརྒྱུད་ཚུལ་གཅིག་ཡིན། འདུལ་བ་རྒྱུད་དྲུག་ལ་བཀའ་མ་དང་གཏེར་མ་གཉིས་ཡོད། གཏེར་མ་ལའང་ཨ་ཙ་མི་གསུམ་གྱི་གཏེར་ཆོས་དང་གཏེར་སྟོན་གུ་རུ་རྣོན་རྩེའི་གཏེར་མ་སྟེ་གཉིས་ཡོད་པ་ད་ལྟ་བོན་གྱི་བཀའ་འགྱུར་པོད་གཉིས་པར་བཞུགས།
རྒྱ་གར་བོན་སྐོར་ལ་སེམས་ཕྱོགས་དང་སྔགས་ཕྱོགས་སོགས་ཤིན་ཏུ་མང་། སེམས་ཕྱོགས་ལ་རྫོགས་ཆེན་ཡེ་ཁྲིད་མཐའ་སེལ། དྲང་དོན་མུན་སེལ་སྒྲོན་མ། ངེས་དོན་ནམ་མཁའ་འཕྲུལ་མཛོད་སོགས་དང་པོ་དྲན་པ་ནམ་མཁས་ཚེ་དབང་རིག་འཛིན་ལ་བརྒྱུད། དེས་སྤྲུལ་ལུང་བོན་ལྷ་གཉེན་ལ་སྙན་ཏུ་བརྒྱུད་པར་བཤད། རྒྱ་གར་བོན་སྐོར་གྱི་སྔགས་ལུགས་ལ་ཡོང་ལུགས་བོན་སྐོར་ཡང་ཟེར། ནང་དོན་གཙོ་བོ་ཁྲོ་བོ་རོལ་པ་དང་རམ་པ་འབུམ་པ་ལ་སོགས་བོན་སྐོར་རྣམས་ཡིན།  མེ་ཉག་ཁྱུང་གསས་ཀྱིས་ཞང་ཞུང་རྒོད་ཀྱི་ཡུལ་ནས་སྤྱང་གི་སྔོན་པོ་ལ་བཀལ་ཏེ་འོང་ཞིང་མདོ་ཁམས་སྨད་མི་ཉག་གི་ཡུལ་སོགས་སུ་དར།  དེའང་དེ་དུས་ཀྱི་མི་ཉག་ཅེས་པ་ནི་དེང་དུས་ཀྱི་ཀན་སུའུ་ཞིང་ཆེན་གྱི་ཉིན་ཞཱ་ས་ཁུལ་ལ་གོ་བ་ལེན་གྱི་ཡོད་ས་རེད་སྙམ།  དེ་ནས་མེ་ཏྲི་སྟོན་པ་ཤེས་རབ་གྲགས་པ་ནས་ཤར་རྩ་དང་དྲུང་མུ།   སྐྱ་རྩེ།   ཝ་པ་ལ་སོགས་པ་ལ་རིམ་གྱི་བརྒྱུད་ཚུལ་བཤད་པ་དང་།  མེ་ཏྲི་སྟོན་པ་ཤེས་རབ་གྲགས་པ་ཡང་གླང་དར་དང་དུས་མཉམ་ཡིན་པར་མ་ཟད་གླང་དར་མས་སྐུ་བཀྲོངས་ཚུལ་གླེང་གཞི་བསྟན་པའི་འབྱུང་ཁུངས་སོགས་སུ་བཤད་ཡོད། 

གཉིས་པ། རིག་གཞུང་དེ་དག་དང་འབྲེལ་ཏེ་བོན་ལུགས་རྣམ་ཐར་གྱི་བྱུང་འཕེལ་བརྗོད་པ།
གཅིག གཏེར་མ་དང་འབྲེལ་བའི་བོན་ལུགས་རྣམ་ཐར་འགའ་ཞིག

   བོན་ལུགས་ལ་བཀའ་གཏེར་གཉིས་སུ་ཕྱེས་བའི་གཏེར་མའི་ཁོངས་སུ་གཏོགས་པའི་རྣམ་ཐར་ཧ་ཅང་མང་ནའང། འདིར་དཔེ་མཚོན་ཙམ་དུ་མདོ་འདུས་དང་མདོ་གཟེར་གཉིས་ངོ་སྤྲོད་བྱེད་རྩིས་ཡིན། དེའང་བོན་ལུགས་མདོ་འདུས་དང་མདོ་གཟེར་མིག་མདོ་དྲི་མེད་གཟི་བརྗིད་གསུམ་ལ་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་དང་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ཡང་ཟེར།
   དེ་ལས་མདོ་འདུས་ལ་མདོ་འདུས་པ་རིན་པོ་ཆེ་རྒྱུད་ཐམས་ཅད་མཁྱེན་པ་བཀའ་ཚད་མ་ཞེས་དང་། གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེ་རྒྱུད་ཀྱང་ཟེར།། སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ལས་རྣམ་ཐར་བསྡུས་མར་གྲགས་ཤིང་།  ཁྱོན་ལེའུ་ཚན་པ་ཉི་ཤུ་རྩ་བཞིར་བགོ་ནས་བྲིས་ཡོད། ཤོག་ལྡེབ་༨༦ཡོད། དུས་རབས་བཅུ་པ་ནས་བོན་གྱི་རིག་གཞུང་ལ་བཀའ་མ་དང་གཏེར་མ་གཉིས་ཕྱེས་སྲོལ་ཡོད་པ་ལས་གཏེར་མའི་གྲས་སུ་རྩི་བ་དང་། མདོ་འདུས་རང་གི་མཇུག་ཏུ་གཉན་ཆེན་ལི་ཤུ་སྟག་རིང་གིས་གཡུང་དྲུང་ལྷའི་སྐད་ལས་བོད་སྐད་དུ་བསྒྱུར་ཞེས་པ་ཙམ་ལས་གཏེར་སྟོན་སུ་ཡིན་གསལ་བོ་གསུངས་མེད།     མཁར་རྨེའུ་བསམ་གཏན་ལགས་ཀྱི་མདའ་དང་འཕང་ལས།  ལྷོ་བལ་གྱི་ཨ་ཙ་རྱ་མི་གསུམ་གྱིས་བསམ་ཡས་ནས་གཏེར་དྲངས་བར་བཤད། དུས་རབས་བཅུ་བཞི་པ་ཙམ་ལ་བྲིས་པའི་བོན་འབྱུང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས་ཡུལ་དུས་ཀྱི་དབང་གིས། བོན་གྱི་གཏེར་ཆོས་ལ་བྱང་གཏེར། ལྷོ་་གཏེར། དབུས་གཏེར། ཁམས་གཏེར། གཏེར་གསར་བཅས་ལྔར་དབྱེ་བ་ལས་ཨ་ཙ་ར་མི་གསུམ་ནི་བོན་གྱི་གཏེར་སྟོན་ཐོག་མ་དང་བྱང་གཏེར་གྱི་སྲོལ་བཏོད་པ་པོར་ངོས་བཟུང་ཡོད།  མཁན་ཆེན་ཉི་མའི་རང་རྣམ་དང་བསྟན་རྩིས་ནོར་བུའི་ཕྲེང་བ་ལས་ཨ་ཙ་རྱ་མི་གསུམ་གྱིས་གཏེར་བཏོན་པའི་ལོ་སྤྱི་ལོ་༩༡༣པ་ཁ་གསལ་བསྟན་ཡོད་པ་ལས་ཤེས་པར་བྱའོ།།   ད་ལྟ་བོན་གྱི་ཡིག་ཆའི་ཁྲོད་དུའང་མདོ་གཞུང་འདི་ཉིད་པར་བསྐྲུན་ཐེངས་མང་པོ་བྱས་ཡོད་པ། དཔེར་ན་ཨ་ལགས་ཟླ་བ་དང་ཚེ་རིང་ཐར་སོགས་ཀྱིས་ཕྱོགས་བསྒྲིགས་མཛད་ཅིང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་དེབ་དང་པོའི་ལྡེབ་༡ནས་༨༦པ་དང་། ཁྱུང་པོ་སྟེང་ཆེན་དགོན་པས་བསྒྲིགས་སྦྱོར་མཛད་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དེབ་ཕྲེང་༢༥པ་དང་། སྣང་མཐའ་བསྟན་འཛིན་ཉི་མས་ཕྱོགས་བསྒྲིགས་མཛད་ཅིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༦ལོར་བསྐྲུན་པའི་ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་སྟོད་ཆའི་ཤོག་ལྷེ་༤༡༩ནས་༤༨༦་པ་སོགས་སུ་བཞུགས། དེ་དག་གི་མ་དཔེ་ཉག་རོང་དབལ་ཁྱུང་དགོན་པར་ཉར་ཚགས་བྱས་པའི་བཀའ་འགྱུར་ལས་བྱུང་བའི་མདོ་འདུས་ཉིད་ཡིན་པར་ཤེས་དགོས། དེ་ལས་གཞན་པའི་མ་དཔེ་ད་ཕན་ལག་ཏུ་རྙེད་སོན་མ་བྱུང་།
    གཞུང་འདི་ཉིད་ལས་གངས་ཏི་སེ་དང་ཉེ་བའི་སར་པག་ཤུ་དང་སི་དྷི་སོགས་ཆུ་བོ་བཞི་ཡོད་པ་དང་། དེའི་ནུབ་བྱང་ཕྱོགས་སུ་གཤེན་ཡུལ་འོལ་མོ་ལུང་རིང་ཡོད། ནུབ་ཕྱོགས་དམུའི་ཡུལ། ཤར་ཕྱོགས་རྒྱ་ཡི་ཡུལ། ལྷོ་ཕྱོགས་མོན་གྱི་ཡུལ། ཤར་ལྷོ་འཇང་གི་ཡུལ། བྱང་ཕྱོགས་ལི་བལ་ཕྲོམ།བྱང་ཤར་ཧོར་གྱི་ཡུལ།གངས་ཅན་བོད་ཡུལ་སོགས་འོལ་མོ་ལུང་རིང་ཉིད་ཡུལ་གང་དུ་ཡོད་པ་དང་།རྒྱ་དང་ལི་བལ། ཕྲོམ་དང་ཧོར་འཇང་སོགས་ཀྱི་ས་ཕྱོགས་རྣམས་བསྟན་ཡོད། འོན་ཀྱང་མདོ་གཟེར་མིག་ལས་དེ་དག་བསྟན་མེད་པས་ཁྱད་པར་ཆེའོ།།
སྤྱིར་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ལ་རྩ་བའི་མཛད་པ་བཅུ་གཉིས་དང་ཡན་ལག་གི་མཛད་པ་ཉེར་བཞི། ཉུང་ལག་གི་མཛད་པ་དྲུག་ཅུ་དང་བརྒྱ་རྩ་སོགས་བཤད་སྲོལ་ཡོད་མོད། དེ་ལས་མཛད་པ་བཅུ་གཉིས་ཞེས་པ་ནི་དུས་རབས་བཅུ་གཉིས་པའི་འགོ་ཙམ་ནས་(དྲང་དོན་མུན་སེལ་སྒྲོན་མ་ལས) གསར་དུ་དར་བའི་བཤད་སྲོལ་ཞིག་རེད། མདོ་འདུས་དང་མདོ་གཟེར་མིག་གཉིས་ལས་མཛད་པ་བཅུ་གཉིས་ཞེས་པའི་བཤད་སྲོལ་དེ་ཆགས་མི་འདུག  སྟོན་པ་གཤེན་རབ་ཀྱིས་ཡུམ་ཧོས་བཟའ་དང་དཔོ་བཟའ་རྒྱ་བཟའ་ཀོང་བཟའ་སགས་ཡུམ་བརྒྱད་ཁབ་ཏུ་བཞེས་པ་ལས་སྲས་གཏོ་བུ་དང་དཔྱད་བུ། ལུང་འདྲེན་དང་རྒྱུད་འདྲེན་རྐོང་ཚ་དབང་ལྡན་སོག་བརྒྱད་འཁྲུངས་ཚུལ་ཙམ་ལས་ཁོ་རང་ནམ་འཁྲུངས་ཀྱི་ལོ་ཚིགས་དང་དུས་རབས་ག་འདྲ་ཞིག་གི་མི་ཡིན་པ་གསལ་བོ་བཀོད་མེད།། མདོ་འདུས་ལེའུ་གཉིས་པ་དང་གསུམ་པའི་ནང་དུ་ཕྱི་སྣོད་ཆགས་ཚུལ་དང་ནང་བཅུད་གྲུབ་ཚུལ། ཁམས་གསུམ་རིགས་དྲུག་ཉོན་མོང་དུག་ལྔ་སོགས་ཀྱི་རྣམ་བཞག་རྣམས་གསལ་བོ་བསྟན་ཡོད་པ་རྣམས་དུས་རབས་༡༡པའི་ཡིག་ཆ་སྲིད་པའི་མཛོད་ཕུག་གི་ ལེའུ་དང་པོ་དང་གཉིས་པའི་དགོངས་དོན་དང་ཕལ་ཆེར་གཅིག ལེའུ་བཞི་པ་དང་ལྔ་པ་དྲུག་པ་སོགས་སུ་འདས་པའི་སྟོན་བདུན་དང་དུས་གསུམ་སྟོན་པའི་རྣམ་བཞག་རྣམས་དུས་རབས་བཅུ་གཅིག་པའི་གཏེར་ཡིག་རྩ་རྒྱུད་ཉི་ཟེར་སྒྲོན་མེའི་ ནང་དོན་དང་ཕལ་ཆེར་འདྲ་བ་དང་།ལྷག་པར་དུ་ལེའུ་བཅུ་དྲུག་པའི་ནང་དུ་སྲིད་པའི་མཛོད་ཕུགས་ནང་དོན་ཆ་ཚང་བསྟན་ཡོད་པ་སོགས། མདོར་ན་ལེའུ་ཉི་ཤུ་རྩ་བཞིའི་ནང་དུ་སྟོན་པ་གཤེན་རབ་ཀྱི་ཡན་ལག་གི་མཛད་པ་ཉེར་བཞིའི་དོན་རྣམས་བསྟན་ཡོད།
   མདོ་གཟེར་མིག་ནི་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་འབྲིང་པོར་གྲགས་ཤིང་།ཁ་བྱང་ཡོངས་ལ་དུས་གསུམ་གཤེན་རབ་བྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ་ཞེས་བྱ་བའི་གླེགས་བམ་བཞུགས་སོ།།ཞེས་དང་འདུས་པ་རིན་པོ་ཆེའི་རྒྱུད་གཟེར་མིག་གི་ལེའུ་བཅོ་བརྒྱད་པ་ཞེས་ཀྱང་བྱ།བོན་ལ་སྒོ་བཞི་མཛོད་དང་ལྔ་ཡོད་པ་ལས་གཙང་མ་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་ཁོངས་སུ་འདུ་བར་བཤད།མཛོད་ལའང་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་དང་།ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ། སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ།བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ་དང་བཞིར་དབྱེ་བ་ལས་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོར་གཏོགས། དེ་ལས་སྔར་འདས་པའི་སྟོན་པ་དང་མ་འོང་པའི་སྟོན་པ་སོགས་ཟུར་ཙམ་བརྗོད་ཅིང་། ད་ལྟའི་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་ཞིབ་རྒྱས་ལེ་ཚན་བཅོ་བརྒྱད་དུ་དབྱེ་ནས་བཤད་པའི་གཞུང་ཞིག་ཏུ་ངོས་འཛིན་གནང་གི་ཡོད། དེའང་བོན་འདི་དང་པོ་གཤེན་རབ་མི་བོས་གསུངས། དེ་ནས་མི་ཆོ་ལྡེམ་དྲུག་གི་སློབ་མ་སྟག་གཟིག་གི་མཁས་པ་དམུ་ཙ་ཏྲ་ཧེ། ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤར་ཙ། གྷུ་ཧུ་ལུ་སྤར་ལེགས། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ། ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས།བོད་ཀྱི་མཁས་པ་ཤ་རུ་དབུ་ཆེན།མེ་ཉག་གི་མཁས་པ་ལྕེ་ཙ་མཁར་བུ།སུམ་པའི་མཁས་པ་མུ་སྤུངས་གསལ་ཏང་སོགས་ཀྱིས་སོ་སོའི་སྐད་དུ་བསྒྱུར་ཏེ་དར་སྤེལ་བཏང་།ཁྲི་སྲོང་སྐབས་སུ་བོད་དུ་བོན་བསྟན་དར་ནུབ་ནང་དུ་གཏེར་དུ་སྦས། དུས་རབས་བཅུ་པའི་དཀྱིལ་ཙམ་ནས་དྲང་རྗེ་བཙུན་པ་གསེར་མིག་གིས་དུར་ཁྲོད་ཞིག་གི་ནང་ནས་རྙེད་པར་བཤད།མར་བ་སྟག་ལ་ལ་དངོས་གྲུབ་དུ་བབས། ཞེས་སོ།།
    དེའང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས།   དང་པོ་ཀུན་ཏུ་བཟང་པོ་ཟེར་བའི་བླ་མ་ཞིག་གིས་རྒྱལ་པོ་ར་ཛཱ་སྤུངས་པ་ལ་བརྒྱུད།   དེར་ཞང་ཞུང་གི་བོན་པོ་ལི་མུར་གཙུག་ཕུད་ཀྱིས་ཞུས།   དུས་རབས་བརྒྱད་པའི་སྐབས་སུ་ལོ་ཆེན་བཻ་རོ་ཙ་ནས་ཞང་སྐད་ནས་བོད་སྐད་དུ་བསྒྱུར་ཏེ་ཆོས་རྒྱལ་ཁྲི་སྲོང་ལ་ཕུལ།   རྗེས་སུ་བན་བོན་ཕྱོགས་རིས་དང་ཆོས་སྲིད་འཐབ་རྩོད་ནང་དུ་བཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས།   རྒྱལ་པོས་ཀྱང་བོན་དཔེ་འདི་རྣམས་དཀོར་མཛོད་དུ་བཞག་པ་ལས་རྒྱ་ཆེར་མ་སྤྱོད།   ཆོས་རྒྱལ་ཁྲི་སྲོང་འདའ་ཁར་སྲས་མུ་ཏིག་བཙན་པོ་ལ་གཏད།   དེས་མངའ་བདག་རལ་བ་ཅན་ལ་གཏད།   དེས་དར་མ་འུ་དུམ་བཙན་པོའམ་ལྷ་སྲས་དར་མའམ་གླང་དར་མ་ལ་གཏད་པས་བོད་བཙན་པོ་རིམ་བྱུང་གི་ཐུགས་དམ་གྱི་བོན་སྒོ་རུ་གྱུར།   དར་མའི་སྲས་ཆེ་ཆུང་རྣམས་སྲིད་ལ་མ་འཆམ་ནས་ནང་འཁྲུགས་བྱུང་བ་ལ་དཔེ་ཆ་འདི་རྣམས་སྔགས་མཁན་དྲང་ང་དཔལ་གྱི་ཡོན་ཏན་གྱི་ཐོབ།   བོན་གྱི་ལོ་རྒྱུས་རྣམས་སུ་དྲང་ང་དཔལ་་གྱི་ཡོན་ཏན་ཉིད་གླང་དར་མའི་སྐུ་གཤེན་ཡིན་ཚུལ་བཤད། དེ་ནས་བཟུང་དྲང་ང་མའི་ལོ་རྒྱུས་ཞེས་ཡོངས་སུ་གྲགས།   དྲང་ང་དཔལ་གྱི་ཡོན་ཏན་གྱིས་སྲས་དྲང་ང་དཔལ་གྱི་གྲགས་པ་ལ་གཏད།   དེས་སྲས་རིན་ཆེན་དཔལ་ལ་གཏད།   དེ་དང་བཙུན་མོ་ཆེ་བར་སྲས་མེད་ཅིང་བཙུན་མོ་ཆུང་བ་ཞིག་བཞེས་པས་བུ་དྲང་ང་མདོ་ལ་འཁྲུངས།   དེ་དགུང་ལོ་བཞི་བཞེས་པ་ན་ཡབ་སྐུ་སྙུང་།   ཡབ་འདའ་ཁར་དྲང་རྗེ་བཙུན་པ་གསེར་མིག་མདུན་དུ་བོས་ཏེ་ངའི་བུ་འདི་ལོ་བཞི་ཡིན།   དཔེ་ཆ་འདི་རྣམས་ངེད་ཚང་གི་ཕ་མྱེས་ནས་བརྒྱུད་པའི་ཕ་ནོར་ཡིན་པས།   བུ་ལོ་བཅུ་གསུམ་མ་ལོན་པར་ཁྱེད་ཀྱིས་དཔེ་ཆ་འདི་རྣམས་གཏེར་ཏུ་སྦོས།   ལོ་བཅུ་གསུམ་ལོན་པ་དང་གཏེར་ནས་ཐོན་ལ་ཁྱོད་རང་གཉིས་ཀས་བེད་སྤྱོད་ཀྱིས་གསུངས་ནས་བཀའ་བསྒོས་བྱས།   དེའི་གོང་དུ་སུ་ལའང་མ་བསྟན་ཞེས་མནའ་བསྒགས་བཙན་པོ་བྱས།   དེར་དྲང་རྗེ་ལགས་ཀྱིས་དྲང་ང་མའི་བུ་དེ་ཁྲིད་ནས་དྲང་ང་རིན་ཆེན་དཔལ་གྱི་ཁ་ཆེམས་ལྟར་བསམ་ཡས་ལྷ་ཁང་ནང་གི་གྱང་ངོས་སུ་གཏེར་དུ་སྦས།   ལོ་བཅུ་གསུམ་ལོན་པ་དང་གཏེར་ནས་བཏོན།   མདོ་གཟེར་མིག་ནི་དེའི་གྲས་སུ་བཞུགས་པའི་དཔེ་ཆ་རྩ་ཆེན་ཞིག་ཡིན།  
   དྲང་རྗེ་འཁྲུངས་ལོ་གསལ་བོར་བཀོད་མེད་ཀྱང་ཁོང་གི་སློབ་མ་མར་བ་སྟག་ལ་ཡིན་པ་དང་།  དེའི་སློབ་མ་གཡུང་བཙུན་ཇོ་གདུང་ཡིན།  དེའི་སློབ་མ་བྲུ་ནམ་མཁའ་གཡུང་དྲུང་ཡིན་པར་ལེགས་བཤད་མཛོད་ལས་བཤད་པ་དེ་ལྟར་ན་བྲུ་ནམ་མཁའ་གཡུང་དྲུང་སྤྱི་ལོ་༩༩༤པར་སྐུ་འཁྲུངས་བས་དྲང་རྗེ་བཙུན་པའང་ཕལ་ཆེར་དུས་རབས་བཅུ་པའི་སྟོད་དམ་དཀྱིལ་ཙམ་གྱི་མི་ཞིག་ཡིན་པར་སྨོས་མ་དགོས་ཏེ།   དཔེར་ན་དྲང་ང་དཔལ་གྱི་དབང་ཕྱུག་རྒྱལ་པོ་གླང་དར་གྱི་སྐུ་གཤེན་ཡིན་པས་ཁོང་དང་དུས་མཉམ་ཡིན་པ་སྨོས་མ་དགོས།  རྒྱལ་པོ་གླང་དར་དུས་རབས་དགུ་པའི་ལོ་རབས་བཞི་བཅུ་པར་སྐུ་བཀྲོངས་ཚུལ་ཏུན་ཧོང་སོགས་ལས་གསལ།   དྲང་ངེས་སྲས་དྲང་ང་དཔལ་གྱི་གྲགས་པ།   དེའི་སྲས་དྲང་ང་རིན་ཆེན་དཔལ་ཡིན་པས།   ཁོང་ནི་དྲང་རྗེ་བཙུན་པ་དང་དུས་རབས་གཅིག་གི་མི་ཡིན་པ་གོང་དུ་ཞུས་པ་ལས་ཤེས་པར་བྱའོ།  །  
   དེ་ནས་དྲང་ང་མའི་བུ་དགུང་ལོ་བཅུ་གསུམ་ལ་སླེབས་པ་དང་དྲང་རྗེ་དང་མཉམ་དུ་སྔར་སྦས་པའི་བོན་དཔེ་རྣམས་ཚུར་བླངས།   དྲང་རྗེ་བཙུན་པས་ན་རེ་ང་ནི་ལོ་རྒྱུས་ལ་དགའ་བོ་ཡོད་པས་མདོ་གཟེར་མིག་གི་ཤོག་སེར་མ་གཏོགས་གཞན་ཅི་ཡང་མི་དགོས་ཞེས་མདོ་གཟེར་མིག་ཉིད་བླངས་སོང་།   ད་ལྟའི་མཁས་པ་མང་པོ་ཞིག་གིས་མདོ་གཟེར་མིག་ཉིད་དྲང་རྗེ་བཙུན་པས་གཏེར་ནས་དྲངས་ཞེས་བཤད་ཚུལ་རྣམས་ཀྱང་དེ་འདྲ་བ་ལས་བྱུང་བར་ངེས།   དྲང་རྗེ་བཙུན་པས་མར་བ་སྟག་ལ་ཉིད་རང་ལ་བཀའ་དྲིན་ཆེ་པས་དེར་འབུལ་དགོས་ཞེས་མར་བ་སྟག་ལ་བོས་ཏེ། ཁྱོད་རང་དཔེ་བཅད་ཅིང་ཞི་དག་ལེགས་པོ་བྱོས།   མ་དཔེ་མི་སྟེར་ཞེས་ཤོག་སེར་རྣམས་དྲང་སྟོན་རང་གིས་ཁྱེར་ནས་སོང་བར་བཤད་པ་སོགས་སུ་གཞིགས་ན་སྐབས་དེར་བོད་མི་རྣམས་ཀྱིས་ཡི་གེ་ལ་རྩིས་མཐོང་ཧ་ཅང་ཆེན་པོ་བྱེད་དུ་ཡོད་པའང་ཤེས་ཐུབ།   
    མར་བ་སྟག་ལ་ནས་བརྒྱུད་ཁ་གཉིས་ཆད།   གཅིག་ནི་མར་བ་སྟག་ལས་རང་གི་སློབ་མ་བྱ་འོང་རིན་ཆེན་ལ་བསྟན་ཏེ་དཔེ་བཅད།   དེས་རྨེའུ་ལྷ་རི་གཉེན་པོ་ལ་བརྒྱུད་དེ་དར། རྨེའུ་ལྷ་རི་གཉེན་པོ་ནི་སྤྱི་ལོ་༡༠༢༤ལ་སྐུ་འཁྲུངས་པས་མར་བའང་དུས་རབས་བཅུ་པའི་དཀྱིལ་ཙམ་ལ་སྐུ་འཁྲུངས་བར་ཤེས་ཐུབ།  ཡང་ཤོད་ཚུལ་གཅིག་ལ་རྨེའུ་ལྷ་རི་གཉེན་པོའི་སྲས་གསས་མཁར་བླ་མ་ཡིན།   དེའི་སྲས་ཤཱག་ཀྱ་བརྟན་ཡིན།   དེའི་སྲས་དགོངས་མཛོད་རི་ཁྲོད་ཡིན།   དགོངས་མཛོད་རི་ཁྲོད་ནི་སྤྱི་ལོ་༡༠༣༨པ་ལ་སྐུ་འཁྲུངས་བར་བཤད་པས་རྨེའུ་ལྷ་རི་དེ་ལས་ཀྱང་སྔ་དགོས་པས་མཁས་པ་རྣམས་ཀྱིས་དཔྱད་པར་ཞུ།   བརྒྱུད་ཁ་གཉིས་པ་མར་བ་སྟག་ལ་ལ་གཡུང་བཙུན་ཇོ་གདུང་གིས་ཞུས།   དེར་བྲུ་བདག་ཉིད་ཆེན་པོས་ཞུས།   བྲུ་བདག་ཉིད་ལ་དགོངས་མཛོད་རི་ཁྲོད་སོགས་ཀྱིས་ཞུས་ཏེ་དར།   བྲུ་བདག་ཉིད་ནི་སྤྱི་ལོ་༩༩༤པར་སྐུ་འཁྲུངས།  མདོར་ན་དྲང་རྗེ་བཙུན་པ་གསེར་མིག་ནས་བརྒྱུད་ཁ་གཉིས་ཆད་ཅིང་།  བྲུ་ནམ་མཁའ་གཡུང་དྲུང་དང་རྨེའུ་ལྷ་རི་གཉེན་པོ་རྣམ་གཉིས་ནས་འཕེལ་རྒྱས་རྩེར་སོན་པ་ཤེས་ཐུབ།  
   བོད་ཀྱི་མཁས་པ་ལ་ལས་མདོ་གཟེར་མིག་ཉིད་དྲང་རྗེ་བཙུན་པས་མདོ་འདུས་དང་ཏུན་ཧོང་ཡིག་རྙིང་སོགས་ལ་དཔེ་བཅད་ནས་བརྩམས་པར་བཤད།   གང་ལྟར་འདིའི་ནང་དུ་གནའ་བོའི་བརྡ་རྙིང་མང་བ་དང་ཚིག་གི་སྡེབ་སྦྱོར་མི་མཛེས་པ། འདོན་དགོས་ན་ཁར་མི་ཡོང་བར་མ་ཟད་དོན་ཡང་གོ་དཀའ་བ་སོགས་ལ་བརྟགས་ན་དུས་རབས་དགུ་པའི་ཡིག་ཆ་ཞིག་ཡིན་པ་བསྟན་ཐུབ།   དཔེར་ན་དུས་རབས་བཅུ་གཅིག་པའི་དཀྱིལ་ཙམ་ལ་རྨེའུ་མཁས་པ་དཔལ་ཆེན་ལགས་ཀྱིས་བརྩམས་པའི་ཁམས་སྡུད་ཚིགས་སུ་བཅད་པའི་འགྲེལ་བ་དང་ཕར་ཕྱིན་མངོན་རྟོགས་རྒྱན་སོགས་སུ་བརྟགས་ན་ཚིག་གི་བརྗོད་བདེ་བ།   དོན་གོ་སླ་བ།   སྡེབ་སྦྱོར་ཡངས་པ།   ཚིག་གི་སྙན་ཆ་སོགས་དེང་དུས་ཀྱི་བརྩམས་ཆོས་དང་ཁྱད་མེད་པ་དེ་ལྟ་བུ་རེད།   མདོར་ན་མདོ་གཟེར་མིག་ལ་བྲིས་མ་དང་ཤིང་པར་མ་སོགས་མ་དཔེ་མི་འདྲ་བ་དུ་མ་ད་ལྟ་དམངས་ཁྲོད་དུ་སོང་ན་མཐོང་དུ་ཡོད་ཅིང་། དེ་ལས་ལོ་རྒྱུས་དང་ཡིག་རྙིང་གི་རིན་ཐང་བླ་ན་ལྷག་པ་ནི་འགྱར་མིན་ནས་ཐོན་པའི་མདོ་གཟེར་མིག་དེ་ཡིན། དཔེ་རྙིང་དེར་ཚིག་གི་སྡེབ་སྦྱོར་མི་བདེ་བ་དང་ཚིགས་བཅད་རིང་ཐུང་མ་ངེས་བ། བརྡ་རྙིང་ཧ་ཅང་མང་ཞིང་།བརྡ་སྦྱོར་དང་རྩོམ་གཤིས་སོགས་ཏུན་ཧོང་ཡིག་རྙིང་དང་ཆེས་འདྲ་བས་དུས་རབས་དགུ་པའི་ཡི་གེ་ཡིན་པ་ཤེས་ཐུབ།
དཔེར་ན་མདོ་འདུས་དང་མདོ་གཟེར་མིག་གཉིས་ལས་སྟོན་པ་གཤེན་རབ་སྐུ་འཁྲུངས་དུས་མི་བོན་དང་ལྷ་བོན། བདུད་བོན་དང་བཙན་བོན། དམུ་བོན་དང་མཚམས་བོན། སྲིན་པོའི་བོན་དང་གནོད་སྦྱིན་བོན། ཉི་བོན་དང་ཟླ་བོན། སྐར་བོན་དང་སྤྲིན་བོན་འཇའ་བོན་སོགས་བོན་པོ་སུམ་ཅུ་སོ་གསུམ་གདན་འདྲེན་ཞུས་ཤིང་ཆོས་སྲིད་ཀྱི་བྱ་བ་མཛད་ཡོད་པ་དང་།  བདུད་བཏུལ་བའི་སྐབས་སུ་དམུ་རིགས་རྒྱལ་ཁབ་དང་བོད་ཆུ་བོ་བཞི་འདུས། དྭགས་རྐོང་ཉང་གསུམ། ཞང་ཞུང་དང་ཕྲོམ་ཁ་ཆེ་སོགས་ཀྱི་ཐ་སྙད་དང་ཡུལ་གྲུ་རྣམས་བསྟན་ཡོད། ལྷག་པར་དུ་བསྟན་པ་རྗེས་བཞག་སྐབས་མདོ་གཡུང་དྲུང་ཀློང་རྒྱས་དང་རྣམ་རྒྱལ་གཟུངས་ཆེན་གྱི་ནང་དོན་ཕལ་ཆེ་བར་བསྟན་པ་སོགས་སུ་གཞིག་ན། རྣམ་རྒྱལ་གཟུངས་ཆེན་དང་མདོ་གཡུང་དྲུང་ཀློང་རྒྱས། དྲི་མེད་གཟི་བཇིད་སོགས་ཀྱི་མ་གཞི་མདོ་གཟེར་མིག་ཉིད་ཡིན་པ་ཤེས་ཐུབ། གཞུང་འདིར་སྟོན་པའི་མཛད་པ་ལ་སྐྱེས་བ་བཞེས་པ། བསྟན་པ་སྤེལ་བ།འགྲོ་བ་འདུལ་བ། ཁབ་བཞེས་པ། སྲས་སྤྲུལ་བ། ལྷ་གཤེན་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ལྷ་མོ་སུམ་བརྒྱ་ལ་ཕྱག་འཚལ་བའི་ལེའུ། བདུད་བཏུལ་བ། བསྟན་པ་རྣམ་གསུམ་རྗེས་སུ་བཞག་པ།  སྒོ་བཞི་མཛོད་ལྔ་བསྟན་པའི་སྐོར། མདོ་འཕྲིན་ལས་བཅོ་བརྒྱད་བསྟན་པ། ཁྱིམ་སྤང་པ། འཁོར་སྤང་པ་སོགས་ཧ་ཅང་ཞིབ་རྒྱས་བསྟན་ཡོད། འོན་ཀྱང་ཐེག་པ་རིམ་དགུའི་སྐོར་རྣམས་ཐ་སྙད་ཙམ་ལས་གསལ་རྒྱས་བསྟན་མེད། 

གཉིས། སྙན་རྒྱུད་དང་འབྲེལ་བའི་རྣམ་ཐར་ངོ་སྤྲོད།  

    སྙན་རྒྱུད་དང་འབྲེལ་བའི་རྣམ་ཐར་ལ་ཧ་ཅང་མང་ནའང་འདིར་དཔེར་མཚོན་ཙམ་ལ་དྲང་དོན་མུན་སེལ་སྒྲོན་མ་དང་ཡེ་ཁྲིད་མཐའ་སེལ་ལས་བྱུང་བའི་ལོ་རྒྱུས་རྣམ་ཐར་གསུམ། མདོ་དྲི་མེད་གཟི་བརྗིད་བཅས་ངོ་སྤྲོད་བྱེད་རྩིས་ཡིན། དྲང་དོན་མུན་སེལ་སྒྲོན་མ་ནི་ལུང་བོན་ལྷ་གཉེན་གྱི་སྙན་རྒྱུད་ཡིན་ཞིང་། བླ་ཆེན་དྲན་པ་ནམ་མཁས་བཛད་པར་གྲགས། དྲན་པས་རང་གི་སྲས་ཚེ་དབང་རིག་འཛིན་ནམ་ཚེ་དབང་རི་ཁྲོད་པ་ལ་བརྒྱུད། དེས་སྤྲུལ་སྐུ་ལུང་བོན་ལྷ་གཉེན་ལ་སྙན་ཏུ་བརྒྱུད་ཅེས་པ་ལྟར་ན་རྣམ་ཐར་འདིའང་སྙན་རྒྱུད་ཀྱི་ཁོངས་སུ་གཏོགས་དགོས། བོན་གྱི་ལོ་རྒྱུས་བསྟན་རྩིས་ནོར་བུའི་ཕྲེང་བ་ལས་ཚེ་དབང་རིག་འཛིན་སྤྱི་ལོ་སྔོན་གྱི་ལོ་༨༨༨་སྐུ་འཁྲུངས།  ལུང་བོན་ལྷ་གཉེན་སྤྱི་ལོ་༡༠༨༨ལོ་ལ་སྐུ་འཁྲུངས་བར་བཤད་པས་དུས་རབས་གཅིག་གི་མི་མ་ཡིན་པར་ཤིན་ཏུ་གསལ།  
    སྤྱིར་དྲང་དོན་མུན་སེལ་སྒྲོན་མ་ལ་ལམ་རིམ་སྐོར་དང་རིགས་དྲུག་རང་སྦྱང་གི་སྐོར་རྣམ་ཐར་སྐོར་སོགས་དུ་མ་ཡོད།རྣམ་ཐར་ནི་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ཡིན། མཚན་ཡོངས་ལ་དྲང་དོན་མུན་སེལ་སྒྲོན་མ་ལས་གཤེན་རབ་ཀྱི་མཛད་པ་མཐར་ཕྱུང་གི་གཟེར་བུ་དང་བོན་གྱི་ཆེ་བ་བརྗོད་པ་གཤེན་རབ་ཀྱི་མཛད་པ་མཐར་ཕྱུང་གི་གཟེར་བུའང་ཟེར། དེའང་གཟེར་བུ་ཞེས་པ་གནའ་བོའི་བརྡ་རྙིང་ཞིག་སྟེ། གནད་བསྡུས་དང་གནད་འགག གནས་དོན་དང་གནད་རྩ་སོགས་ལ་གོ། སྐྱེས་བཞེས་བསྟན་སྤེལ་འགྲོ་གཉིས་འདུལ། ཁབ་བཞེས་སྲས་སྤྲུལ་བདུད་རྣམས་བཏུལ་ནས་བསྟན་པ་བཞག  །ཁྱིམ་སྤང་འཁོར་སྤང་འདའ་ཚུལ་བསྟན།། ཞེས་མཛད་པ་བཅུ་གཉིས་སྐོར་རྣམས་གཞུང་འདི་ནང་དུ་གསལ། ད་ལྟ་གངས་ཏི་སེའི་བོན་གཞུང་རིག་གཏེར་དེབ་བདུན་པ་ཤོག་ལྷེ་༡༠༡ནས་༡༡༥བར་ཡོད། བསྟན་རྩིས་ནོར་ཕྲེང་སོགས་ལས་ལུང་བོན་ལྷ་གཉེན་སྤྱི་ལོ་༡༠༨༨ལ་སྐུ་འཁྲུངས་ཚུལ་བཤད་པ་དང་། ཁོང་གི་དངོས་སློབ་ལུང་སྒོམ་འཁོར་ལོས་བརྩམས་པའི་ལུང་བོན་གྱི་རྣམ་ཐར་ལས། ཁོང་དགུང་ལོ་ཉེར་གཅིག་ཡན་ལ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་སློབ་སྦྱང་མཛད། དགུང་ལོ་སོ་ལྔ་པ་ལ་ཚེ་དབང་རི་ཁྲོད་པ་དང་མཇལ། ཞེས་པ་ལྟར་ན་སྤྱི་ལོ་དུས་རབས་༡༢་པའི་ལོ་རབས་ཉི་ཤུ་ཡས་མས་སུ་སྙན་རྒྱུད་འདི་དར་བར་གསལ།
    སྔོན་བྱོན་བླ་མ་གསུམ་གྱི་ལོ་རྒྱུས་ཞེས་པ་ནི་བླ་ཆེན་དྲན་པ་ནམ་མཁའ་དང་རྗེ་རི་ཁྲོད་པའམ་དྲན་པ་ནམ་མཁའི་སྲས་ཚེ་རིག་དབང་རིག་འཛིན། སྙན་རྒྱུད་འཛིན་མཁན་གྱི་བླ་མ་ལུང་བོན་ལྷ་གཉེན་དང་གསུམ་གྱི་རྣམ་ཐར་ཡིན། མཇུག་བྱང་དུ་ལུང་སྒོམ་འཁོར་ལོ་རྒྱལ་པོས་བརྩམས་ཞེས་བྲིས་འདུག ལུང་སྒོམ་འཁོར་ལོ་ནི་ལུང་བོན་ལྷ་གཉེན་གྱི་དངོས་སློབ་ཡིན་པར་རྣམ་ཐར་མཇུག་ཏུ་གསལ།    དེའང་མཁན་ཉི་མའི་རང་རྣམ་ལས།སྤྲུལ་ལུང་བོན་ལྷ་གཉེན་སྤྱི་ལོ་༡༠༨༨ལོར་སྐུ་འཁྲུངས་ཚུལ་བཤད་ཅིང་།  ལུང་སྒོམ་འཁོར་ལོའང་དུས་རབས་བཅུ་གཉིས་པའི་སྟོད་ཙམ་ལ་སྐུ་འཁྲུངས་དགོས། གཞུང་འདི་རྩོམ་དུས་ཀྱང་ཕལ་ཆེར་ཚོད་དཔག་ཐུབ་པའོ།།གཞུང་དེ་དག་གི་ནང་དུ་དྲང་དོན་མུན་སེལ་སྒྲོན་མེ། ངེས་དོན་ནམ་མཁའི་འཕྲུལ་མཛོད། རྫོགས་ཆེན་ཡེ་ཁྲིད་མཐའ་སེལ་སོགས་དང་པོ་ཅི་ལྟར་དར་བ། བར་དུ་ཅི་ལྟར་བརྒྱུད་པ། ཐ་མ་ལུང་བོན་ལྷ་གཉེན་ལ་ཚེ་དབང་རི་ཁྲོད་པས་ཅི་ལྟར་སྙན་དུ་བརྒྱུད་ཚུལ་སོགས་ཞིབ་རྒྱས་བསྟན་ཡོད།ད་ལྟ་བོན་གྱི་བཀའ་འགྱུར་པོད་༡༣༨པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཁྲིད་མཐའ་སེལ་ཤོག་ལྷེ་༦༧༥ནས་༦༩༢བར་བཞུགས། ཁྱོན་ཤོག་ངོས་༡༧ཡོད། ཡིག་འབྲུ་ཁྲི་གཅིག་ལྷག་འདུག  
   དྲི་མེད་གཟི་བརྗིད་ལ་མདོ་དྲི་མེད་གཟི་བརྗིད། དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ། མཛད་མདོ་རྒྱས་པ་སོགས་མཚན་གྱི་རྣམ་གྲངས་དུ་མ་ཡོད།སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་རྣམ་ཐར་རྒྱས་པ་དེ་ཡིན།ཁྱུང་པོ་བློ་ལྡན་སྙིང་པོ་ལ་སྟོང་ཆེན་དམུ་ཙ་གྱེར་མེད་ཀྱིས་དུས་རབས་༡༤པ་ཙམ་ལ་སྙན་ཏུ་བརྒྱུད། ཁྱོན་ལེའུ་དྲུག་ཅུ་ཡོད། པོ་ཏི་བཅུ་གཉིས་དྲི་མེད་རྩ་བའི་མདོ་དང་བཅུ་གསུམ་ཡོད།སྤྱིར་བློ་ལྡན་སྙིང་པོ་ལ་སྙན་རྒྱུད་པོ་ཏི་དྲུག་ཅུ་ཙམ་ཡོད། དེ་ལས་མི་ནུབ་མཚན་མདོ་པོད་བརྒྱད། དྲི་མེད་གཟི་བརྗིད་པོད་བཅུ་གཉིས། པད་འབྱུང་བསང་བརྔན། དམ་ཅན་རྒྱ་མཚོ་མཁའ་ལ་རང་བཞིན་གྱི་མངའ་གསོལ། དབྱིངས་ནས་ཐུགས་དམ་གྱི་རྒྱུད་སྐུལ། ཀློང་འདིར་དྲག་པོ་ལས་བཅོལ་སོགས་ཤིན་ཏུ་མང་།དེ་ལས་དྲི་མེད་གཟི་བརྗིད་ནང་དུ་རྒྱལ་གྱི་ལོ་མཛད་བརྒྱད་ཅུ་ཞེས་ལོ་རེ་ལ་མཛད་པ་ཕྱེས་ནས་སྟོན་པ་གཤེན་རབ་ཀྱི་རྣམ་མཛད་པ་ཐར་ཆ་ཚང་བསྟན་པ་དང་། བོན་ལུགས་ཀུན་རིག སྨོན་ལམ་མཐའ་ཡས། སྨན་ལྷ། དགེ་སྤྱོད། གཡུང་དྲུང་རྣམ་འཇོམ། རྣམ་དག་ལ་སོགས་ཆོ་ཀ་བཅུ་གཉིས་དང་། གཞན་ཡང་སྲོག་ཆགས་མི་འདྲ་བ་བཞི་བརྒྱ་ལྷག་གི་མཚན་དང་གཟུགས་དབྱིབས་ཁ་དོག་སོགས་བསྟན་འདུག  དཔེར་ན་སེང་གེ་ལ་གསེར་སེང་དང་དུང་སེང་།འདམ་སེང་གངས་སེང་སོགས་དབྱེ་བ་དུ་མ་ཡོད་པ་དང་།དེ་བཞིན་ཏུ་སྟག་ལའང་འཛོམ་དྲུག་ཅན། རི་མོ་ཅན་སོགས་བཞི་ཡོད་པ་དང་།གཟིག་ལ་བཞི་སོགས་ཞིབ་གསལ་བསྟན་ཡོད། ད་ལྟ་བོན་གྱི་བཀའ་འགྱུར་པོད་༡༣ནས་༢༤བར་བཞུགས། གཞན་ཡང་བོད་ཀྱི་བན་བོན་དགོན་གྲོང་དུ་སོང་ན་དྲི་མེད་གཟི་བརྗིད་ཤིང་པར་མ་དང་བྲིས་མ། བྲིས་མ་ལའང་གསེར་བྲིས་དངུལ་བྲིས་སོགས་དུ་མ་མཐོང་དུ་ཡོད།

གསུམ། བརྩམས་ཆོས་དང་འབྲེལ་བའི་བོན་ལུགས་རྣམ་ཐར་སྐོར།

    བརྩམས་ཆོས་དང་འབྲེལ་བའི་བོན་ལུགས་རྣམ་ཐར་ལ་ཧ་ཅང་མང་ནའང་། སྐབས་འདིར་ངོ་སྤྲོད་ཞུ་བ་ནི་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར། དམ་ཅན་མཐོང་སྣང་འཇའ་ཚོན་དྲྭ་བ། མཁན་ཉི་མའི་རང་རྣམ། ཨ་ཁྲིད་བླ་མ་བརྒྱུད་པའི་རྣམ་ཐར་བཅས་ཡིན། ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་ལ་བཀའ་བརྒྱུད་དང་ཉམས་བརྒྱུད་གཉིས་ཡོད་པ་ལས། ཉམས་རྒྱུད་ཀྱི་རྣམ་ཐར་ནི་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་ཀྱི་ལེའུ་དང་པོར་བཞུགས་ཤིང་། དཔྲ་ཙའི་མཁན་པོ་བསྟན་འཛིན་དར་རྒྱས་ཀྱིས་༢༠༠༢ལོར་རྒྱ་གར་ནས་པར་དུ་བསྐྲུན་པའི་དེབ་ཀྱི་ཤོག་ལྷེ་༣ནས་༡༢༨བར་ཡོད། བྲུ་རྒྱལ་བ་གཡུང་དྲུང་གིས་སྤྱི་ལོ་༡༢༤༢ནས་༡༢༩༠བར་བརྩམས།  ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་ཀྱི་དགོངས་པ་གཅིག་ཏུ་བསྡུས་པའི་གཞུང་ཡིན་པར་གྲགས། བཀའ་བརྒྱུད་བླ་བརྒྱུད་རྣམ་ཐར་ནི་དུས་རབས་བཅུ་བཞི་པའི་དཀྱིལ་ཙམ་ལ་སྤ་བསྟན་རྒྱལ་བཟང་པོས་ཕྱོགས་བསྒྲིགས་མཛད་ཅིང་། ཁ་བྱང་ཡོངས་ལ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར་ཞེས་བརྗོད།ད་ལྟ་ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་སྨད་ཆ། ཤོག་ལྷེ་༡ནས་༦༨བར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༦ལོར་བསྐྲུན། གངས་ཏི་སེའི་བོན་གཞུང་རིག་གཏེར་དེབ་བདུན་པ་ཤོག་ལྷེ་༡ནས་༧༠བར།  པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་བསྐྲུན།དེ་གཉིས་ཀྱི་ནང་དོན་ཕལ་ཆེར་གཅིག་མཚུངས་ཡིན། རྩོམ་དུས་དང་རྩོམ་མཁན་མི་འདྲ།
   དེའི་ནང་དུ་བདེར་གཤེགས་དགོངས་བརྒྱུད་དགུ   སྟོན་པ་གཤེན་རབ་ནས་སྣང་བཞེར་ལོད་པོའི་བར་དུ་བྱོན་པའི་འཇའ་ལུས་འཕ་ཆེན་ཉེར་དྲུག་དང་།འཆི་མེད་གཙུག་ཕུད་ནས་སྣང་བཞེར་ལོད་པོའི་བར་དུ་བྱོན་པའི་བླ་མ་ཉེར་བཞི། གསང་བ་འདུས་པ་ནས་བྱོན་པའི་བླ་མ་བཅུ། ཡེ་གཤེན་གཙུག་ཕུད་ནས་རིམ་གྱིས་བྱོན་པའི་བླ་མ་བཅུ་གཅིག་སོགས་ཀྱི་རྣམ་ཐར་དང་།སྣང་བཞེར་ལོད་པོ་ནས་རྣམ་སྤྲུལ་གྲུབ་ཆེན་ལྔ། རྟོགས་ལྡན་འཁྲུལ་ཞིག་དྲུག  མཉམ་མེད་གདིང་ལྡན་དགུ  བཀའ་བརྒྱུད་རིག་འཛིན་བདུན་སོགས་ཀྱི་རྣམ་ཐར་རྣམས་གསལ་རྒྱས་བསྟན་ཡོད། ལྷག་པར་དུ་སྟོན་པ་གཤེན་རབ་ནས་དུས་རབས་བདུན་པའི་བར་དུ་བྱོན་པའི་འཇའ་ལུས་འོ་ཆེན་ཉེ་དྲུག་གི་འཁྲུངས་གནས་དང་ཕ་མ། སྒྲུབ་པ་མཛད་སའི་གནས། གདམས་ངག་ཞུ་ཡུལ་གྱི་བླ་མ། སྒྲུབ་པ་ལོ་ག་དུས་མཛད་པ་དང་།མཐར་གྲུབ་པ་ཐོབ་ཚུལ། བརྒྱུད་འཛིན་གྱི་སློབ་མ་སུ་དག་ཡིན་པ་སོགས་ཁ་གསལ་བསྟན་ཡོད།
   དམ་ཅན་མཐོང་འཇའ་ཚོན་དྲྭ་བ་ནི་དགེ་བཤེས་གཡུང་དྲུང་བསྟན་འཛིན་གྱི་རང་རྣམ་ཡིན། དགེ་བཤེས་གཡུང་དྲུང་བསྟན་གྱིས་དུས་རབས་༡༧པའི་མཇུག་ཙམ་ལ་བརྩམས། ཁྱོན་ཤོག་ལྡེབ་༣༥ཙམ་ཡོད་ཀྱང་ད་ལྟ་ཤོག་ལྷེ་༢༠ཙམ་ལས་ལུས་མེད། རྣམ་ཐར་ཆ་ཚང་ཡོད་མཁན་ཡོད་ན་མཁོ་འདོན་གནང་བར་བཀའ་དྲིན་ཞུ། འདིའི་ནང་དུ་རྒྱལ་རོང་དགེ་བཤེས་གཡུང་དྲུང་བསྟན་འཛིན་གྱི་མི་ཚེ་བརྒྱུད་རིམ་དང་འབྲེལ་བའི་དུས་རབས་བཅུ་བདུན་པའི་དུས་ཀྱི་བོད་སྤྱིའི་གནས་བབས་དང་།ལྷག་པར་དུ་ཁམས་ཕྱོགས་ཀྱི་བོན་པོའི་གནས་ཚུལ་ཁ་གསལ་ཡོད། འདི་ནི་རྣམ་ཐར་གཞན་དང་མི་འདྲ་བ་དཔེར་ན། བླ་མ་རང་ཉིད་ཀྱིས་རང་གི་མི་ཚེ་བརྒྱུད་རིམ་རྣམས་ཟིན་ཐོད་དུ་བྲིས་པ་ཞིག་ཡིན་པས། ནང་དོན་ཞིབ་ཅིང་རབ་བཏགས་དང་ཆེ་སྟོད་སོགས་ཀྱིས་མ་བསླད་པས་རྣམ་ཐར་འབྲི་སྟངས་ཁྱད་པར་བ་ཞིག་ཡིན་པར་ཤེས་དགོས། བཤད་སྲོལ་ལ་ཁོང་ལ་རྨ་རྒྱལ་བོམ་རའི་མཐོང་སྣང་དང་དམ་ཅན་མཐོང་སྣང་སོགས་ལྗགས་རྩོམ་དུ་མ་ཡོད་ཀྱང་ད་ལྟ་དམ་ཅན་མཛོང་སྣང་འཇའ་ཚོན་མ་གཏོགས་ལྷག་མེད།བོན་གྱི་ལོ་རྒྱུས་ལ་མཚོན་ན། གཉའ་ཁྲི་བཙན་པོ་ནས་སྔགས་རྫོགས་དང་སྲིད་པའི་རྒྱུ་བོན་རྣམས་དར་བའི་དབུ་བརྙེས། གྲི་གུམ་སྐབས་སུ་བོན་ནུབ། སྤུ་དེ་གུང་རྒྱལ་སྐབས་སླར་ཡང་དར། ཁྲི་སྲོང་ལྡེ་བཙན་དུས་སུ་བོན་ལ་བསྒྱུར་བཅོས་ཟབ་མོ་ཕོག་ཏེ་རྒྱ་གར་བོན་སྐོར་རྣམ་དར་བའི་དབུ་བརྙེས། དེ་ནས་བཟུང་བོན་ལའང་མ་ལག་ཆེན་པོ་གཉིས་ཆགས། ལྷ་བླ་མ་ཡེ་ཤེས་འོད་ནས་མངའ་རིས་ཕྱོགས་ཀྱི་བོན་རྣམས་བསྣུབས་པའི་དབུ་བརྙེས།  དུས་རབས་བཅུ་གཅིག་ནས་བཅུ་གཉིས་པའི་བར་ལ་དབུས་གཙང་ཕྱོགས་སུ་བོན་དར།མངའ་རིས་ཕྱོགས་སུ་བཀའ་གདམས་བསྟན་པ་དར། དུས་རབས་བཅུ་གསུམ་ནས་བཀའ་གདམས་བསྟན་པ་རྣམས་ཉམས་གུན་བྱུང་བ་དང་བོད་ལ་ནུས་པ་ཆེ་ཤུག་ས་སྐྱ་དང་བོན་པོ་གཉིས་ཡིན།དུས་རབས་བཅུ་བཞི་པའི་འགོ་ཙམ་ལ་བོན་གྱི་གྲྭ་ས་ཆེ་ཤུགས་གཡས་རུ་དབེན་ས་ཁ་འཇིག་པ་ཐེབས་པ་ནས། དབུས་གཚང་ཕྱོགས་ཀྱི་བོན་པོའང་ནུས་པ་ཕྲ་མོར་གྱུར། དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་ཙམ་ནས་ཧོར་གྱི་དམག་དཔུང་བོད་ལ་ཐོན་ཏེ།མཚོ་སྔོན་ནས་ཆོ་ཐུའི་རུ་སྡེ་དང་ཁམས་བེ་རི་རྒྱལ་པོ་སོགས་བཅོམ་ཏེ་ས་དེ་གར་ཡོད་པའི་བོན་པོ་རྣམས་བསྣུབས་བཅོས་བསྒྱུར་གསུམ་གྱི་ལས་དུ་མ་བགྱིས།  དེ་ནས་བཟུང་རྒྱལ་རོང་ཕུད་པའི་ཡུལ་གྲུ་རྣམས་སུ་བོན་གྱི་དགོན་པ་ཕལ་ཆེར་བཙན་པོ་སྒོས་དགེ་ལུགས་སུ་བསྒྱུར། དུས་རབས་བཅུ་བདུན་པའི་ལོ་རབས་དྲུག་ཅུ་ནས་དགུ་བཅུ་པ་སྟེ་དགེ་བཤེས་གཡུང་དྲུང་བསྟན་འཛིན་གྱི་དུས་སུ་ཁམས་བྲག་འགོ་དང་ཉག་རོང་། རྟའུ། དཀར་མཛེས། འབའ་དང་ལི་ཐང།སྡེ་རོང་། ཉག་ཆུ་ཁ། དར་མདོ་སོགས་ད་དུང་བོན་གྱི་གྲུབ་མཐའ་ཁོ་ན་ཡིན་པར་ཤེས་ཐུབ།དུས་རབས་བཅོ་བརྒྱད་པའི་ལོ་རབས་དྲུག་བཅུ་པ་ཆིན་རྒྱལ་རབས་ཀྱིས་ཆུ་ཆེན་རྒྱལ་པོ་འཁོར་བཅས་ཕམ་པར་མཛད་པ་ནས་བཟུང་བོད་ཡུལ་སྟོད་སྨད་ཀུན་ཏུ་བོན་གྱི་བསྟན་པ་ཕལ་ཆེར་ནུས་མེད་དུ་གྱུར་པ་དེ་ལྟ་བུའོ།  །
   མཁན་ཉི་མའི་རང་རྣམ་ལ་མཁན་ཆེན་ཉི་མའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་ཟེར། དཔལ་གཤེན་བསྟན་སྨན་རི་བའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ་ཞེས་ཀྱང་ཟེར།མཁན་ཆེན་ཉི་བསྟན་འཛིན་གྱིས་དུས་རབས་༡༩པའི་དབུ་ཙམ་ལ་བརྩམས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་པོ་ཚེ་རིང་ཐར་ལགས་ཀྱིས་བསྒྲིགས་སྦྱོར་དང་དག་བཅོས་མཛད། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༢ལོ་ཟླ་༩པར་བསྐྲུན།འདི་ནི་སྨན་རིའི་མཁན་རབས་ཉེར་གསུམ་པ་མཁན་ཆེན་ཉི་བསྟན་འཛིན་ལགས་ཀྱིས་རང་གི་མི་ཚེ་བརྒྱུད་རིམ་དང་འབྲེལ་བའི་ཟིན་ཐོ་རྣམས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན།སྤྱིར་མཁན་ཆེན་ཉི་མ་བསྟན་འཛིན་ལ་བསྡུས་གྲྭ། ཕར་ཕྱིན་མངོན་རྟོགས་རྒྱན་འགྲེལ། འདུལ་བའི་རྣམ་བཤད། བོན་གྱི་བཀའ་བསྟན་དཀར་ཆག  བསྟན་རྩིས་ནོར་བུའི་ཕྲེང་སོགས་ཤིན་ཏུ་མང་། འདི་ནི་གསུང་གི་བཅུད་ལྟ་བུ་ཆགས་འདུག དཔེར་ན་ཕྱི་སྣོད་ཆགས་ཚུལ། ནང་གི་བཅུད་གྲུབ་ཚུལ།  སྟོན་པ་གཤེན་རབ་ནས་བཟུང་བོན་གྱི་སྐྱེས་ཆེན་དུ་མའི་འདས་འཁྲུངས་ཀྱི་ལོ་ཚིགས། མདོ་སྔགས་རྫོགས་གསུམ་སོ་སོ་དང་པོ་དར་ཚུལ། བར་དུ་བརྒྱུད་ཚུལ་སོགས་ཞིབ་རྒྱས་བསྟན་ཡོད།ལྷག་པར་དུ་མཁན་ཆེན་ཉི་མའི་དུས་ཀྱི་མདོ་དབུས་ཁམས་གསུམ་གྱི་བོན་པོ་གནས་བབས་དང་ཁོང་ཉིད་དབུས་གཙང་ནས་རྐང་ཐང་བརྒྱུད་དེ་ཁམས་ཕྱོགས་སུ་ཕེབས་པ་སོགས་མཁས་པ་ཞིབ་འཇུག་པ་ཞིག་ལ་མཚོན་ན་རིན་ཐང་ལྡན་པའི་དཔྱད་གཞིའི་ཡིག་ཆ་ཞིག་ཡིན།
ཨ་ཁྲིད་བླ་མ་བརྒྱུད་པའི་རྣམ་ཐར་ལ་མན་ངག་རིན་པོ་ཆེའི་ཨ་ཁྲིད་བླ་མ་བརྒྱུད་པའི་རྣམ་ཐར་པདྨ་དཀར་བོའི་ཕྲེང་བ་ཞེས་ཟེར།ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་པོད་༩པའི་ཤོག་ལྷེ་༣༤༥ནས་༤༠༩བར་བཞུགས། རྣམ་ཐར་འདི་ནང་དུ་སྤྱི་ལོ་༡༠༣༨སྐུ་འཁྲུངས་བའི་དགོངས་མཛོད་རི་ཁྲོད་ནས་ཉག་གཏེར་གསང་སྔགས་གླིང་པའི་བར་གྱི་བླ་མ་སུམ་ཅུ་ལྷག་གི་རྣམ་ཐར་གནད་བསྡུས་བཤད་ཡོད།  སྤྱིར་ཨ་ཁྲིད་བླ་བརྒྱུད་རྣམ་ཐར་ལ་བྲུ་རྒྱལ་བ་གཡུང་དྲུང་གིས་བརྩམས་པ་སོགས་ཤིན་ཏུ་མང་ནའང་། འདི་ནི་ཁ་ཚང་ཞིང་སྐབས་དེའི་གནས་བབས་དང་མཐུན་པ། དུས་རབས་བཅུ་གཅིག་པ་ཚུན་ཆད་ཀྱི་བོན་གྱི་ཨ་ཁྲིད་རྫོགས་ཆེན་ལོ་རྒྱུས་ཁ་གསལ་བ་ཞིག་ཡིན། དུས་རབས་༡༨པའི་ལོ་རབས་༦༠པ་ནས་ཁམས་ཕྱོགས་ཀྱི་བོན་བསྟན་རྣམས་ནུས་པ་ཕྲ་མོར་གྱུར། དུས་རབས་༡༩པ་ལོ་རབས་༥༠པ་ཡས་མས་ནས་ཁམས་སྡེ་དགེ་རྒྱལ་པོས་ཆ་རྐྱེན་བསྐྲུན་པའི་འོག་ཏུ་ཁམས་ཁུལ་གྲུབ་མཐའ་རིས་མེད་ཀྱི་བྱ་འགུལ་སྤེལ་བའི་དབུ་བརྙེས།རིས་མེད་ཀྱི་གྲིབ་བསིལ་འོག་ཏུ་ཀུན་མཁྱེན་ཤར་རྫ་བ་སོགས་བོན་གྱི་སྐྱེས་ཆེན་མང་པོ་གསོ་སྐྱོང་བྱས། ཁོང་གི་རྣམ་ཐར་སོགས་སུ་སྐབས་དེར་བན་བོན་བར་གྱི་འབྲེལ་བ་དང་། བོན་པོ་དང་དགེ་ལུགས། དགེ་ལུགས་དང་གྲུབ་མཐའ་གཞན་པ་སོགས་ཀྱི་གནས་བབས་རྣམས་ར་སྤྲོད་བྱེད་ཐུབ་

བཞི། བཀའ་མ་དང་འབྲེལ་བའི་བོན་ལུགས་རྣམ་ཐར།

   བཀའ་མ་ནི་གཏེར་འོག་ཏུ་མ་སོང་བའི་ཡིག་ཆ་ཡིན་ཞིང་།མཁས་པ་ལ་ལས་ལུང་བོན་ལྷ་གཉེན་གྱི་སྙན་རྒྱུད་རྣམས་ཀྱང་བཀའ་མའི་གྲས་སུ་བཞག་མོད་ཀྱང་དེ་དག་སྙན་རྒྱུད་ཀྱི་སྐབས་སུ་བཤད་ཟིན་པས་སླ་ཡང་ངལ་བར་མི་བྱ།སྤྱིར་བཀའ་མ་ལ་མང་ནའང་སྐབས་འདིར་སྙན་རྒྱུད་བོན་མ་ནུབ་པའི་གཏན་ཚིགས་དང་སྙན་རྒྱུད་བླ་མ་བརྒྱུད་པའི་རྣམ་ཐར་སོགས་འགའ་ཞིག་ངོ་སྤྲོད་བྱེད་པ་ལ།སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས་ཞེས་པའི་རྩོམ་པ་པོ་མི་གསལ། གཞུང་རང་གི་མཇུག་ཏུ་གྱེར་སྤུངས་སྣང་བཞེར་ལོད་པོས་བརྩམས་ཞེས་བྲིས་ཡོད།བོད་རིག་ཞིབ་འཇུག་ཆེད་མཁས་མཁར་རྨེའུ་བསམ་ལགས་ཀྱིས་དུས་རབས་བཅུ་པའི་སྔོན་གྱི་ཡིག་ཆ་ཞིག་ཏུ་ངོས་འཛིན་གནང་འདུག  མདོར་ན་ཡིག་ཆ་དེ་ད་ལྟ་ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱི་སྟོད་ཆ་ཤོག་ལྷེ་༦༥༩ནས་༦༦༣བར་ཡོད། མདའ་ཚན་ཤོག་ངོས་བཅུ་ཙམ་ཡོད། དེའི་ནང་སྣང་བཞེར་ལོད་པོ་དང་ཞང་ཞུང་རྒྱལ་པོ་ལིག་རྐྱལ་གཉིས་མཆོད་གནས་སུ་འབྲེལ་བའི་ལོ་རྒྱུས་དང་། རྩོམ་དུས་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱལ་དང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཡིན་པར་བཤད། དེ་ཉིད་ལས་སྔར་བོད་ཀྱི་རྒྱལ་པོ་རྣམས་ལ་ཕྱི་བློན་གཅིག ནང་བློན་གཅིག ཉེ་བའི་བློན་པོ་གཅིག་བཅས་གསུམ་ལས་མེད། རྒྱལ་པོ་འདི་བའི་རིང་ལ་ཕྱི་བློན་བཅུ། ནང་བློན་བཅུ། ཕྲིན་བློན་བཅུ་བཅས་སུམ་ཅུ་ཡོད་པར་བཤད། སྟོབས་ཆེ་བས་སྟག་གཟིག་ནོར་གྱི་རྒྱལ་པོ། རྒྱ་གར་ཆོས་ཀྱི་རྒྱལ་པོ། རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་སོགས་བཏུལ། ཞང་ཞུང་རྒྱལ་པོ་ལིག་མིན་རྐྱལ་ཐབས་མཛད་ནས་བཏུལ་ཚུལ་བཤད། དེའི་ནང་དུ་བོད་རྒྱལ་ཁྲི་སྲོང་གིས་ཞང་རྒྱལ་བཀྲོངས་ཚུལ་སྐོར་ཁ་གསལ་ཞིག་ཡོད།
   ཞང་ཞུང་སྙན་བརྒྱུད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་ནི་བྲུ་རྒྱལ་བ་གཡུང་དྲུང་དང་སྤ་བསྟན་རྒྱལ་བཟང་པོ་གཉིས་ཀྱིས་ཕྱོགས་བསྒྲིགས་མཛད་པར་གྲགས་མོད་ཀྱང་། ཁོང་གཉིས་ཀྱིས་གསར་དུ་བརྩམས་པར་མ་ཡིན་ཏེ། དེ་ནི་བླ་མས་རང་གི་སློབ་མ་དག་ལ་དབང་སྐུར། རྒྱུད་བཤད། གདམས་ངག་རྣམས་གནང་ཚར་བ་དང་།སློབ་མ་ཚོས་རང་གི་བླ་མའི་རྣམ་ཐར་དེ་བརྒྱུད་པའི་བླ་མའི་རྣམ་ཐར་དང་བརྒྱུད་པའི་གསོལ་འདེབས་ཀྱི་གྲས་སུ་བཞག་སྲོལ་ཡོད་པས། ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར་ཡང་དེ་ལྟར་གྲུབ་པ་རེད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།