ཧོར་དང་ཧོས་ཞེས་པའི་གསང་བ་འཚོལ་བ།

[ཟླ་ཚེས། 2018-08-14 16:47:25][རྩོམ་པ་པོ། ཏཱ་དབེན་ཤེར་དབང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཧོར་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་ཡུལ་ཕྱོགས་སོགས་ཀྱི་སྐོར།
736ca57aeec1e02bcff50b7da7e338a3.jpg

གཅིག ཧོར་ཞེས་པའི་ཐ་སྙད་ཀྱི་སྐོར།

   ཧོར་ཞེས་པའི་ཐ་སྙད་འདིའི་རང་སྟེང་ནས་གོ་དོན་གང་ཞིག་འབྱིན་པ་དང་གང་ལ་འཇུག་མིན། ཡང་ན་གོ་དོན་ཅི་ཞིག་ཡོད་མེད་ནི་ད་ལྟའི་བར་དུ་སུས་ཀྱང་ངེས་ཐག་ཆོད་པ་ཞིག་རྙེད་མེད༑ འོན་ཀྱང་། ཐ་སྙད་འདི་ཁོ་ན་ཙམ་མིན་པར་བོད་ཅེས་པའི་ཐ་སྙད་ཀྱི་ཐོག་མའི་གོ་དོན་དང་དུས་ནམ་ཞིག་ལ་བྱུང་མིན་སོགས་ཀྱང་དཔྱོད་དཀའ་བས། དམ་པ་དགེ་ཆོས་ལའང་ཐ་སྙད་འདི་དག་གི་ཐད་ནས་སྐུ་ལས་མང་ཙམ་འཕྲད་ཡོད༑ ད་སྐབས་བོད་རིག་པ་བ་དག་གིས་དམིགས་བཏད་ཀྱི་ངེས་བཟུང་བྱེད་ས་ཞིག་རྙེད་མེད་ན་ཡང་ཧོར་ཞེས་པ་ནི་བྱང་རྒྱུད་ཀྱི་མི་རིགས་སྤྱི་ཡི་མིང་ཡིན་ཞེས་བརྗོད་ཀྱི་འདུག  བྱང་རྒྱུད་ན་འཚོ་བའི་མི་རིགས་དག་ལ་ཧོར་ཞེས་འབོད་པར་བཤད་པ་ནི། ལོ་རྒྱུས་དེབ་ཐེར་དག་ཏུ་ཧོར་རིགས་རྣམས་ཕལ་ཆེ་བ་བྱང་རྒྱུད་ལ་ཡོད་པ་གསལ་བས་ཚོད་དཔག་བྱས་པ་ཙམ་ལས། གཞན་ཕུ་ཁུངས་ཆོད་པའི་དཔྱད་གཞི་ཅི་ཞིག་ཡོད་མེད་མ་ངེས༑ རྒྱལ་མོ་འབྲུག་པ་སོགས་ཀྱིས་ཧོར་ཞེས་པ་ནི་ཆེས་གནའ་བོའི་དུས་སུ་བྱང་ཕྱོགས་སུ་གནས་པའི་མི་རིགས་དག་ལ་གོ་ཡང་། ཕྱིས་སུ་གོ་དོན་སྣ་ཚོགས་བྱུང་བར་བཤད་འདུག་མོད་བྱང་ཕྱོགས་ཀྱི་མི་རིགས་དག་ལ་ཧོར་ཞེས་པའི་ཐ་སྙད་ཆེས་མངའ་མོར་བྱུང་ངམ་ཕྱིས་སུ་སྦྱར་བ་ཡིན་ད་དུང་དཔྱད་དགོས་པར་སེམས༑

    ལོ་རྒྱུས་ཡིག་ཚང་དག་ལ་བལྟས་ན་ཧོར་ཞེས་པའི་གོ་དོན་གང་ཡིན་མིན་དཔོག་དཀའ་ཡང་ཐ་སྙད་འདི་ཆེས་སྔ་བའི་རིགས་སུ་གཏོགས་པ་ལ་ངལ་བ་ཅུང་ཟད་ཀྱང་མེད་པར་བཤད་ཐུབ༑ «དབུ་ནག་མིའུ་འདྲ་ཆགས་མར་»གསལ་བ་ལྟར་ན།སྲིད་པ་རྒྱལ་བུ་འཐིང་གེ་དེས། ཕྱྭ་ལྕམ་དཀར་མོ་ཁབ་ཏུ་བཞེས་པ་ལ། བོད་འཛོམ་པ་ལ་ཕྲོམ་སྲིད། དམུ་ཟ་ཁྲི་མ་དང་བསྡེབས་པ་ལ། རྒྱ་ཁྲི་ལ་བཞེས་སྲིད། ཁྲི་མོ་དང་བསྡེབས་པ་ལས། ཁྲི་ཕྲུག་ཧོར་སྲིད་”(1)ཅེས། ཧོར་ཞེས་པ་ནི་རིགས་རུས་ཆེན་པོ་ཞིག་ཡིན་པ་དང་དེ་ཡང་ཆེས་སྔ་བའི་རིགས་ཤིག་ཡིན༑ ཚུལ་འདི་དང་མཐུན་པར་དུས་རབས་བཅུ་ལྔའི་ནང་བརྩམས་པའི་བོན་གྱི་བསྟན་འབྱུང་གྲགས་ཅན་«བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་»དང་«རྒྱལ་རབས་བོན་གྱི་འབྱུང་གནས»སོགས་སུའང་གསལ༑ ཡིན་ན་ཡང་། བཤད་ཚུལ་འདི་ནི་བོན་ལུགས་ཙམ་མིན་པར་ཆོས་ཕྱོགས་ཀྱི་ཡིག་ཆ་དག་ཏུ་ནང་དོན་གཅིག་མཚུངས་སུ་དཔེར་ན་«རྒྱ་བོད་ཡིག་ཚང་ཆེན་མོ»མོར་བྱུང་བ་དང་། «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པར»རྒྱལ་པོ་མཐིང་གེས། ལྷ་ལྕམ་དཀར་མོ་ཁབ་ཏུ་བཞེས་པའི་སྲས། བོད་འབྱོང་ལ་བྲངས། རྨུ་ཟ་མཐིང་སྒྲིལ་མ་ཁབ་ཏུ་བཞེས་པའི་སྲས། རྒྱལ་ཁྲི་ལ་ཞམ། དེའི་སྲས་རྒྱལ་པོ་ཆེ་ཆུང་གསལ་དང་རྒྱུད་བརྒྱད་དུ་ཡོང་། མཐིང་མོ་ཁབ་ཏུ་བཞེས་པ་ལ། མཐིང་ཕྲུག་ཧོར་སྲིད། ཧོར་ལ་ཨོ་བོའི་ཧོར་རབས་མཆེད་གསུམ་གྱེས”(2)ཞེས་ཅུང་ཟད་མི་འདྲ་བར་འབྱུང་གི་འདུག 

   ང་ཚོས་ཡིག་ཆ་འདི་དག་ལས་ཤེས་ཐུབ་པ་ནི་ཧོར་ཞེས་པའི་ཐ་སྙད་འདི་ཆེས་བྱུང་སྔ་ཞིང་། དེ་ཡང་རིགས་རུས་ཆེ་ཤོས་ཤིག་གི་མིང་ཡིན་པ་དང་མེས་པོ་ནི་ཁྲི་ཕྲུག་ཧོར་རམ་མཐིང་ཕྲུག་ཧོར་ཞེས་པ་དེ་ཉིད་ཡིན་ནོ།། «རྒྱ་བོད་ཡིག་ཚང་ཆེན་མོར»བཤད་ཚུལ་གཞན་ཞིག་ཀྱང་བྱུང་བ་འདི་ལྟར་ཏེ། སྤྱིར་རིགས་རུས་ལ། ཕྱིའི་རིགས་བཞི། བར་གྱི་རིགས་བཞི། ནང་གི་རིགས་བཞི་ཞེས་བཤད་སྐབས། བར་གྱི་རིགས་བཞི་ནི་རྒྱ་གར་ལྷ་ཡི་རིགས། རྒྱ་ནག་ཀླུ་ཡི་རིགས། ཧོར་ལྷ་མ་ཡིན་གྱི་རིགས། བོད་སྤྲེའུ་དང་བྲག་སྲིན་གྱི་རིགས་(3)ཞེས་རྒྱ་གར་ནག་དང་ཧོར། བོད་བཅས་ནི་རིགས་རུས་ཆེ་བའི་གྲས་སུ་བཞག་འདུག འདི་ལ་ལོ་རྒྱུས་རིག་པའི་ངོས་ནས་ཡིད་རྟོན་རུང་བ་ག་ཙམ་ཡོད་མེད་མ་ངེས་ན་ཡང་། རང་ཅག་བོད་ཀྱི་ཡིག་ཚང་དག་ཏུ་འདི་དང་འདི་འདྲ་བར་ཧོར་ཞེས་པ་ནི་རིགས་རུས་ཀྱི་མིང་ཡིན་པ་དང་དེ་ཡང་རིགས་རུས་ཆེ་གྲས་སུ་བརྩི་བ་རྟོགས་ཐུབ༑

    ཐུན་མོངས་མ་ཡིན་པ་ཞིག་ལ་བོན་ལུགས་ཀྱི་དཔེ་ཆ་ཁག་ཏུ་གདུང་རྒྱུད་ཀྱི་རྒྱལ་པོ་དྲུག་ཅེས་པ་ཞིག་ངོས་འཛིན་བྱེད་སྲོལ་ཡོད༑ གདུང་རྒྱུད་རྒྱལ་པོ་དྲུག་ནི་གཤེན་ལྷ་དམུ་ཡི་གདུང་རྒྱུད། གལ་ཆེན་ཤགས་ཀྱི་གདུང་རྒྱུད། གསས་ཆེན་ཧོས་ཀྱི་གདུང་རྒྱུད། གནམ་རྗེ་དཔོ་ཡི་གདུང་རྒྱུད། རྒོད་རྗེ་རྒྱ་ཡི་གདུང་རྒྱུད། མཁའ་འགྱིང་གཉེན་གྱི་གདུང་རྒྱུད”(4)བཅས་ལ་ཟེར༑ འདིར་ལུང་དྲངས་པ་ནི་བོན་གྱི་གདན་ས་ཆེན་མོ་གཙང་བཀྲ་ཤིས་སྨན་རིའི་མཁན་ཆེན་ཁྲི་རབས་ཉེར་གསུམ་པ་སྒོ་སྟོན་ཉི་མ་བསྟན་འཛིན་གྱི་རང་རྣམ་ཇི་བཞིན་བཀོད་པ་ཡིན༑ ཁོང་ནི་སྤྱི་ལོ༡༨༡༣ལོར་ཁམས་ཕྱོགས་སུ་སྐུ་འཁྲུངས་བའི་བོན་གྱི་མཁས་པ་ཆེན་མོ་ཞིག་རེད༑ ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་«ལེགས་བཤད་རིན་པོ་ཆེའི་མཛོད»དུའང་གདུང་རྒྱུད་རྒྱལ་པོ་དྲུག་ཅེས་འཁོད་ཡོད་ཅིང་མཁན་ཉི་མའི་རང་རྣམ་དང་གཅིག་མཚུངས་སུ་སྣང་བས་སྐབས་འདིར་ལུང་འདྲེན་པའི་ངལ་བ་མ་བརྟས༑ འདི་གཉིས་ལས་ཀྱང་སྔ་བའི་«རྒྱལ་རབས་བོན་གྱི་འབྱུང་གནས»ཞེས་པའི་ནང་དུ་གདུང་རྒྱུད་རྒྱལ་པོ་སྡེ་ལྔ་ཞེས་བགྲངས་འདུག་པ་ལས་དྲུག་མི་གསལ་བས། དཔྱད་ཡིག་གཞན་དུ་གཤེན་ལྷ་དམུ་ཡི་རིགས་ཞེས་པ་དེ་རྒྱལ་རབས་འདིར་འཁོད་མེད༑ གདུང་རྒྱུད་རྒྱལ་པོ་ལྔ་ལས་གཅིག་ནི་གནམ་གསས་ཧོས་རིགས་ཞེས་གསལ་བས་ཡིག་ཆ་གོང་མ་དག་དང་གཅིག་མཚུངས་སུ་གནས༑

   «ཁྱུང་པོའི་རྒྱལ་རྒྱུད་ཤེར་དཀར་མེ་ལོང་»དུ་གདུང་རྒྱུད་ཀྱི་རྒྱལ་པོ་དྲུག་གི་སྐོར་གོང་གི་ཡིག་ཆ་དག་དང་མི་འདྲ་བ་ཞིག་བྱུང་ཡོད༑ འདིར་ལུང་དྲངས་ན།འཛམ་བུ་གླིང་གི་ལྷ་མཆོག་ལྷ་ཁྲི་ཤེས་དཀར་པོ་དེ་ཉིད་ཐུགས་ཀྱི་སྤྲུལ་པ། གསས་ཆེན་རིགས་ལྔ་མཁའ་འགྱིང་དང་དྲུག་གིས་བྱིན་གྱིས་རླབས་པས། སྲས་དྲུག་འཁྲུངས་ཏེ། གཅེན་པོ་དམུ་གཤེན་ལྷའི་གདུང་རྒྱུད་དམུ་རྗེ་དམུ་ཕྱུག་འཁོར་ལོ། དེ་འོག་གར་གསས་བྱིན་རླབས་ཤག་རིགས་འཁོར་ལོ་ཅན། དེ་འོག་གསས་རྗེ་བྱིན་རླབས་ནས་རྗེ་ཡིད་ལ་བཙན། དེ་འོག་གནམ་གསས་བྱིན་རླབས་དཔོ་རྒྱལ་འབར་བ་ཅན། དེ་འོག་རྒོད་གསས་བྱིན་རླབས་རྒྱ་ཡེ་མཁྱེན་འཕྲུལ་ཡིག་ཅན། དེ་འོག་མཁའ་འགྱིང་བྱིན་རླབས་གཉན་རྗེ་འབྱུང་རུམ་རྒྱལ་བ་དང་དྲུག་སྲིད་དོ།།”(5)ཞེས་པ་འདི་རེད༑ འདིར་ཧོར་ཞེས་པའི་དོད་དུརྗེཞེས་བྲིས་འདུག་པ་ནི་དམིགས་བསལ་ཞིག་ཡིན༑ འོན་ཀྱང་། དོན་ལ་ཧོར་ཞེས་གོ་དགོས་པ་ནི་གོང་དུ་དྲངས་པའི་ཚིག་དག་གི་འཕྲོར། ཧོས་རིགས་དང་དཔོ་རིགས། རྒྱ་རིགས་དང་གཉན་རིགས་སོགས་གདུང་རྒྱུད་རྒྱལ་པོ་གཞན་རྣམས་སྐོར་མ་བྲིས་ཚུལ་གསལ་བ་དང་། ཏུན་ཧོང་ཡིག་རྙིང་སོགས་སུ་ཧོར་གྱི་དོད་དུ་རྗེ་ཞེས་བྱུང་ཡོད་པ་སོགས་ལས་དཔོག་ཐུབ་བོ།།

    སྐབས་འདིར་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ནི་ཧོར་ཞེས་པའི་སྐད་དོད་ལོ་རྒྱུས་ཡིག་ཚང་ཁྲོད་དུ་ལན་རེར་རྗེ་ཞེས་འབྱུང་བ་མ་ཟད། དཔྱད་ཡིག་ཁག་ཅིག་ཏུ་གནམ་གསས་ཧོས་རིགས་ཞེས་པའི་དོད་དུ་གནམ་གསས་ཧོར་ཞེས་བྲིས་འདུག་(6)པ་འདི་རེད༑ འདི་ལས་ཚོད་དཔག་བྱེད་ཆོག་པ་ནི་ཧོས་དང་ཧོར་ནི་རྗེས་མཇུག་བརྗེས་པ་ཙམ་ལས་རྩ་བའི་གོ་དོན་གཅིག་ཏུ་བབས་ཡོད་ཅིང་༑ རྒྱའི་ཡིག་ཚང་དག་ཏུའང་རྒྱ་སྐད་()ཞེས་པ་ནི་ཧོར་གྱི་སྐད་དོད་ཡིན་པས་དེང་སང་བོད་ཡིག་ཏུཧུའུལྟ་བུར་འབྲི་བཞིན་འདུག་ན་ཡང་། ཧོས་དང་སྒྲ་གདངས་དང་ཉེ་བས་བོད་རང་གི་ལོ་རྒྱུས་དེབ་ཐེར་དུ་ཧོས་ཞེས་པ་མང་ཙམ་འབྱུང་བ་ལྟར་ཧོས་ཞེས་སྒྲ་སྒྱུར་བྱས་ན་ཡག་གམ་སྙམ༑ ཧོར་དང་ཧོས་གཉིས་ལས་གང་ཞིག་བྱུང་སྔ་བ་དང་གང་ནས་བྱུང་བ། ཇི་ལྟར་འགྱུར་བ་བྱུང་མིན་སོགས་ནི་དཔྱོད་དཀའ་ཡང་། བོད་ཀྱི་ཡིག་ཚང་རྙིང་པ་དག་ཏུ་འདི་གཉིས་ཀ་བྱུང་བ་གོང་དུ་ཞུས་ཟིན་ལྟར་དང་རྒྱ་སྐད་དུ་()ཞེས་པ་འདི་ཙམ་མིན་པར་ཧུའེ་ཧོ(回纥)ཞེས་པ་ཡང་ཧོར་རམ་ཧོས་ཀྱི་སྐད་དོད་ཡིན་འདུག  དེ་བཞིན་བོན་གྱི་དཔེ་ཆོག་འགའ་རེ་དང་«དེབ་ཐེར་སྔོན་པོ་»སོགས་སུ་ཧོར་ལཧུརཞེས་ཀྱང་བྲིས་ཡོད་དོ།།

     ཡང་རྒྱའི་ཡིག་ཚང་དུ་འཁོད་པའི་ཐུ་ལུ་ཧུན་(吐谷浑)ཞེས་པ་དེ་ཧོར་ལ་གོ་བར་བཤད་མཁན་ཡོད་ཅིང་རྒྱལ་མོ་འབྲུག་པ་སོགས་ཀྱིས་དེ་ནི་བྷ་དྷ་ཧོར་ཀྱི་སྐད་དོད་ཡིན་པར་བཤད༑ ཐུ་ལུ་ཧུན་ཞེས་པ་ཧོར་ལ་གོ་ན་འགྲིག་མིན་འོག་ཏུ་དཔྱད་གླེང་བྱ་རྒྱུ་ཡིན་ལ་བྷ་དྷ་ཧོར་ཀྱི་སྐད་དོད་ཡིན་པའི་ཁུངས་དང་རིགས་པ་ཅི་ཞིག་ཡོད་མེད་ཁ་མ་གསལ་ཡང་༑ མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལགས་ནས་ཟ་ཧོར་ནི་དེང་གི་བྷང་ག་ལ་ལ་ངོས་འཛིན་གནང་ཞིང་བྷ་དྷ་ཧོར་ཞེས་པ་ནི་ཧོར་གྱི་བྱེ་བྲག་ཟ་ཧོར་ལ་ངོས་བཟུང་ཡོད༑ ཟ་ཧོར་གྱི་སློབ་དཔོན་བྷོ་ཏི་ས་ཏྭོ་ཞེས་ལོ་རྒྱུས་དེབ་ཐེར་དག་ཏུ་གསལ་བ་ལྟར་ཟ་ཧོར་ནི་མཁན་ཆེན་བྷོ་ཏི་ས་ཏྭོའི་ཡབ་ཡུལ་ཡིན་པ་གསལ༑ བྷན་དྷ་ཧོར་དང་བྷ་དྷ་ཧོར་སོགས་ཡི་གེ་འབྲི་སྲོལ་ཅི་རིགས་མཆིས་ཀྱང་བྷང་ག་ལ་ཞེས་པའི་སྒྲ་གདངས་དང་ཤིན་ཏུ་ཉེ་བ་སོགས། ཟ་ཧོར་ལ་ངོས་འཛིན་པའི་ལྟ་བ་འདི་རྒྱུ་མཚན་ཅུང་ཙམ་ཡོད་ཨང་སྙམ་མོད་སྐབས་འདིར་དམིགས་བསལ་དཔྱད་པ་ཅི་ཡང་བྱེད་རྩིས་མེད༑

གཉིས། ཧོར་ཞེས་པའི་ཡུལ་ཁམས་ཀྱི་སྐོར།

    གོང་དུ་ང་ཚོས་དཔྱད་གླེང་བྱས་ཟིན་པ་བཞིན་ཧོར་ནི་མ་གཞི་ནས་རིགས་རུས་ཀྱི་མིང་ཡིན་པས་ཡུལ་འདིའོ་ཞེས་ངེས་གཏན་གྱིས་ངོས་འཛིན་ཤིན་ཏུ་དཀའ་བས། ད་ལྟའི་བར་དུ་རང་རེའི་ལོ་རྒྱུས་དག་ཏུ་བྱང་རྒྱུད་ན་གནས་པའི་འབྲོག་སྡེ་དག་ལ་ཧོར་ཞེས་འབོད་ཟེར་བ་ཙམ་ལས་དངོས་སུ་ས་དམིགས་འདི་ཞེས་བཤད་ཐུབ་མེད་པ་རེད༑ ཕྱོགས་གཅིག་ནས་བསམ་བློ་སྐོར་ན་དེ་ཡང་ཆོས་ཉིད་ཅིག་ཡིན་པ་ལས་ང་ཚོས་སྒྲུབ་བྱེད་ཀྱི་དཔྱད་གཞི་དང་རིགས་པ་མ་རྙེད་པ་ནི་མིན་པར་སྣང་༑ ཧོར་ཞེས་པའི་རིགས་རུས་ཀྱི་ཁྱབ་ཁོངས་ཤིན་ཏུ་ཆེ་ཞིང་ཁ་འཐོར་ཡ་འཐོར་དུ་གནས་པ་མ་ཟད། ལོ་རྒྱུས་ཡིག་ཚང་དག་ལ་བལྟས་ན་ཧོར་གྱི་རིགས་རྒྱུད་ནི་དམག་སྟོབས་ཆེ་བ་དང་། དབང་སྒྱུར་མང་བས་དུས་རབས་རིམ་བཅས་སུ་མངའ་ཁོངས་ཀྱང་རིམ་འགྱུར་བྱུང་ཡོད་པ་གདོན་མི་ཟ༑ དེ་བས་གནའ་བོའི་སྐབས་སུ་ཧོར་རིགས་རྣམས་རྒྱལ་ས་གཏན་ཁེལ་མེད་ཅིང་རྒྱལ་མཁར་སྦྲ་གུར་ཡིན་པ་དང་གང་སར་གནས་སྤོ་བྱེད་ཚུལ་«རྒྱའི་ཡིག་ཚང་»དག་ཏུ་གསལ་བས། ལྷག་ཏུ་ཡུལ་ཕྱོགས་འདི་ཞེས་ངོས་འཛིན་བྱེད་དཀའ་བ་ནི་མངོན་སུམ་གྱིས་གྲུབ༑

    བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ཏུ་ཧོར་ནི་བོད་ཀྱི་བྱང་ཕྱོགས་སུ་ཡོད་པ་ཞལ་གཅིག་མཐུན་ལྟ་བུར་སྣང་ཞིང་ཁྲོམ་གེ་སར་དང་མཛོ་སུམ་པ་སོགས་དང་འདབ་འབྲེལ་ཡིན་ཅིང། བོད་དང་སུམ་པ་གཉིས་ཧོར་དང་གཉེན་འབྲེལ་བྱུང་མྱོང་བ་གསལ་བོར་འཁོད་ཡོད༑ འོན་ཀྱང་། དངོས་སུ་བོད་ཀྱི་བྱང་ཕྱོགས་ས་ཆ་གང་ཞིག་ལ་ངོས་འཛིན་དགོས་སམ་ཞེས་དྲི་བ་ཞིག་ཕུལ་ན་སུས་ཀྱང་ལན་འཐུས་ཚང་ཞིག་མི་ཐིབས་པར། ལ་ལས་འ་ཞའི་ཕྱོགས་སུ་ངོས་བཟུང་བ་དང་འགའ་རེས་ལི་ཡུལ་ཡིན་པར་སྙད་ཅིང་། དྲུ་གུ་ཡིན་ཟེར་མཁན་ཡང་བྱུང་། ཁ་ཅིག་གིས་མོང་གོལ་ལ་གོ་བར་བཤད་ཅིང་ཡང་རེ་འགས་ཤིང་ཅང་ཕྱོགས་ཀྱི་ཡུ་གུར་ལ་ངོས་འཛིན་བྱེད་པ་འདུག  «ཆོས་འབྱུང་མཁས་པའི་དགའ་སྟོན་»སོགས་བོད་ཀྱི་ཡིག་ཚང་མང་པོ་ཞིག་ཏུནུབ་ཕྱོགས་སོག་པོ་བལ་པོ་ནས།།ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད།།བྱང་ཕྱོགས་ཧོར་དང་ཡུ་གུར་ནས།།ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན།།”(7)ཞེས་ཡུལ་དེ་དག་ཁ་ཁ་སོ་སོ་ནས་ཡོད་པར་བསྟན་འདུག་པ་ལྟར། དོན་དུ་ཡུལ་དེ་དག་དུས་རབས་རིམ་པར་ཧོར་གྱིས་མངའ་དབང་མཛད་མྱོང་བས་(8)ཕྱིས་སུ་ཧོར་ཡུལ་ལྟ་བུར་གྱུར་པ་མ་གཏོགས་ཐོག་མའི་ཧོར་ནི་མིན་པ་འདྲ༑ དེ་ཡང་འ་ཞ་བ་རྣམས་བོད་རིགས་ཡིན་པ་མ་ཟད་ད་ལྟའི་མཚོ་ལྷོ་ཁུལ་ལྟེ་བར་བྱས་པའི་མཚོ་སྔོན་གྱི་སྡེ་རིགས་སུ་གཏོགས་པ་དང་། དྲུ་གུ་ནི་རྒྱའི་ཡིག་ཚང་དག་ཏུ་(突厥)ཞེས་བྲིས་ཡོད་པ་དང་དེང་དུས་(哈萨克斯坦) (乌兹别克斯坦) (土库曼斯坦) (吉尔吉斯斯坦)བཅས་དང་ཤིང་ཅང་གི་ས་ཆ་ཁག་ཅིག་དྲུ་གུའི་མངའ་ཐང་ཆེ་སྐབས་ཀྱི་ས་ཆ་ཡིན༑ ལི་ཡུལ་དང་བྲུ་ཤ། མོང་གོལ་སོགས་དེང་དུས་ཡོངས་གྲགས་སུ་ཤིང་ཅང་གི་ཡུ་གུར་(于田)དང་ཨས་ཧྥི་ཀ(阿富汗) སོག་པོ་(蒙古)བཅས་ལ་གོ་དགོས་པ་རེད༑

གཞན་ཡང་རྒྱའི་ཡིག་ཚང་དག་ཏུ་གསལ་བའི་ཐུ་ལུ་ཧུན་ཞེས་པ་ཚལ་པའི་«དེབ་ཐེར་དམར་པོར»ཧོར་སེར་པོའི་རིགས་ཡིན་ཅེས་གསུང་པ་བཞིན། རྒྱ་ནག་གི་མཁས་པ་དག་གིས་ཐུ་ལུ་ཧུན་ནི་ཧོར་ལ་གོ་བར་བཤད་ཀྱིན་ཡོད་འདུག འོན་ཀྱང། དཔལ་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་ཐུ་ལུ་ཧུན་ཞེས་པ་བོད་སྐད་དུ་འ་ཞ་ཞེས་སྒྱུར་ཡོད་པས། ང་ཚོས་དེང་དུས་ཡོངས་གྲགས་སུ་ཐུ་ལུ་ཧུན་ནི་འ་ཞ་ལ་ངོས་བྱེད་པ་ལྟ་བུར་ཡིན་ཀྱང་«རྒྱའི་ཡིག་ཚང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་»བོད་འགྱུར་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ལགས་ཀྱིས་ནི། ཐུ་ལུ་ཧུན་དང་འ་ཞ་གཉིས་ཁ་ཁ་སོ་སོར་བཞག་འདུག་ལ་ཐུ་ལུ་ཧུན་གྱིས་བོད་ཀྱི་རུས་ཚན་སྒ་ལས་ཆད་པའི་འ་ཞའི་ཡུལ་ཁམས་རྣམས་དབང་འོག་བསྡུས་རྗེས། རང་རེས་འ་ཞ་བ་རྣམས་ལ་ཐུ་ལུ་ཧུན་ཞེས་འབོད་སྲོལ་བྱུང་ཚུལ་གསུང་གི་འདུག འདིའི་ཐུ་ལུ་ཧུན་ནི་སྤྱི་ལོ་313ཡས་མས་སུ་ལོང་ཧྲིང་རི་བོ་རྒྱུད་ཤར་ནས་ནུབ་ཏུ་ཆས་ཏེ་སྒ་འ་ཞའི་ས་ཆ་དེང་སང་ཀན་སུའུ་དང་ཀ་ཆུའི་ཕྱོགས་སུ་གཞིས་ཆགས་ཤིང་། སྤྱི་ལོ་328—351ཡས་མར་ཡུལ་ཕྱོགས་དེ་རྣམས་དབང་འོག་ཏུ་བསྡུས་ནས་ཡུལ་དེར་རྒྱལ་ཁབ་བཙུག་པ་རེད་འདུག་ཅིང་། ཧོར་གྱི་རིགས་ནི་རང་རེའི་བྱང་ཕྱོགས་ན་ཡོད་པ་མ་གཏོགས་ཤར་ཕྱོགས་ན་མེད་པས་ཧོར་ལ་གོ་ན་ཅུང་མི་འགྲིག་སྙམ༑ དེ་ལྟར་ན་ཡང་ཐུ་ལུ་ཧུན་ཞེས་པ་དེ་ཐ་སྙད་ཀྱི་ངོས་ནས་སྒྲ་གདངས་དང་ཡུལ་སྲོལ་སོགས་དུ་མ་ཞིག་ལས་ཧོར་དང་འདྲ་ཆེ༑ དཔེར་ན། ཡུལ་ངེས་མེད་དུ་སྤོ་བ་དང་སྡོད་ཁང་སྦྲ་གུར་ལ་བྱེད་པ་སོགས་ཕྱོགས་མཐུན་མང་ཙམ་ཡོད་ལ། གླིང་སྒྲུང་ས་མིང་ཆེད་ཞིབ་པ་སྨན་ཤུལ་རིན་ཆེན་རྡོ་རྗེས་བཀོད་པའི་ས་ཁྲ་ལ་བལྟས་ན་ཧོར་ནི་ཐུ་ལུ་ཧུན་ལ་གོ་བར་བྱས་འདུག་སྙམ་པ་འབྱུང་མོད་དཔྱད་གཞི་ཤིན་ཏུ་ཆེ༑

    གདུང་རྒྱུད་རྒྱལ་པོ་ལྔའམ་དྲུག་ཅེས་པ་ནི་བོན་གྱི་དཔེ་ཆ་དག་ལས་ཡོང་བ་མ་གཏོགས། ཕྱིས་བྱུང་བོད་རྒྱུད་ནང་བསྟན་གྱི་དཔེ་ཆ་དག་ཏུ་ད་སྔ་མ་མཐོང་བས་ཧོས་རིགས་ཀྱི་སྐོར་དཔྱད་ཞིབ་བྱེད་པར་བོན་ལུགས་ཀྱི་དཔེ་ཆ་བཀོལ་བ་ལས་ཐབས་གཞན་མ་མཆིས༑ འདིར་ང་ཚོས་ཧོར་གྱི་སྐད་དོད་ཧོས་ཞེས་པ་ཡུལ་ཕྱོགས་གང་དུ་ངོས་འཛིན་གྱིན་ཡོད་མེད་ཐད་ནས་ཅུང་ཟད་བལྟས་ན། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་«མདོ་གཟེར་མིག»དང་«མདོ་དྲི་མེད་གཟི་བརྗིད་»སོགས་སུ་བཤད་ཚུལ་འདི་འདྲ་ཞིག་འདུག་སྟེ། སྟོན་པ་གཤེན་རབ་མི་བོའི་ཁབ་ཀྱི་ཐོག་མའི་མཚན་ལ་ཧོས་བཟའ་རྒྱལ་མེད་ཅེས་འབོད་ཅིང་ཧོས་རྒྱལ་དང་བ་ཡིད་རིངས་ཀྱི་སྲས་མོ་ཡིན༑ ཧོས་རྒྱལ་གྱིས་གདན་ཞུས་ལྟར་སྟོན་པ་གཤེན་རབ་ཀྱི་ཚ་བོ་ཡིད་ཀྱི་ཁྱེའུ་ཆུང་ཧོས་མོ་གླིང་དྲུག་ཏུ་རྒྱལ་པོའི་བླ་མཆོད་ལ་བཏང་སྐབས། ཧོས་རྒྱལ་གྱི་བཙུན་མོ་འགུ་ལིང་མ་ཏི་མས་ཡིད་ཀྱི་ཁྱེའུ་ཆུང་ལ་ཆགས་སེམས་སྐྱེས་ཏེ་ཁོ་གཉིས་བར་ལ་འགལ་བ་ཅུང་ཙམ་བྱུང་ནས་བཙུན་མོ་མཛེ་ཡིས་ཟིན་པར། སྟོན་པ་གཤེན་རབ་དངོས་སུ་གདན་དྲངས་ཏེ་མཛེ་ནད་བཅོས་པ་སོགས་འགལ་འདུམ་མཛད་པས་རྒྱལ་པོས་ཡོན་མཆོད་ཀྱི་ཚབ་ཏུ་སྲས་མོ་ཧོས་བཟའ་རྒྱལ་མེད་སྟོན་པའི་ཁབ་ཏུ་ཕུལ་ཞེས་གྲགས༑ «མདོ་གཟེར་མིག»དུ་ཧོས་མོ་གླིང་དྲུག་ཅེས་པའི་ས་ཆ་དེ་གང་གི་ཕྱོགས་སུ་ཡོད་མེད་མ་གསལ་ན་ཡང་། «མདོ་དྲི་མེད་གཟི་བརྗིད་»དུ་འཁོད་པ་ལྟར་ན་འོལ་མོ་ལུང་རིང་གི་ཤར་ཕྱོགས་སུ་ཡོད་པར་བཤད་ཅིང་། «སྲིད་པ་རྒྱུད་ཀྱི་ཁ་བྱང་»དུའང་གཡུང་དྲུང་དགུ་བརྩེགས་ཕྱོགས་བཞི་ན། ཆོུ་ཆེནོ་༤བབསོ། ཤར་ཕྱོགས་ཧོས་རིགས་རྒྱལོའི་བཟུང་”(9)ཞེས་གསལ་བ་དང་། བོན་ལུགས་ཡིག་ཆ་མང་པོ་ཞིག་ཏུ་ཆུ་བོ་གྱིམ་ཤང་ནི་གངས་ཏི་སེའི་ཤར་ཕྱོགས་ནས་འབབ་པར་བཤད་འདུག

   དེས་ན། བོན་ལུགས་ཀྱི་ཡིག་ཆ་ལྟར་ན་ཧོར་རམ་ཧོས་ཡུལ་ནི་གངས་ཏི་སེའི་ཤར་ཕྱོགས་སུ་ཡོད་པར་བཤད་པ་ལྟ་བུ་སྣང་བས་རྒྱའི་ཡིག་ཚང་དུ་གསལ་བའི་ཐུ་ལུ་ཧུན་དང་ཐོད་ཐུག་པ་འདྲ་སྣང་མོད། དོན་དུ་བོན་ལུགས་དཔེ་ཆར་འཁོད་པའི་ཧོས་ཡུལ་ནི་ཤར་ཕྱོགས་ཙམ་མ་ཡིན་པར་བྱང་ཤར་མཚམས་ན་ཡོད་པ་ནི། «མདོ་འདུས»སོགས་ལས་སྟོན་པ་དང་ཡིད་ཀྱི་ཁྱེའུ་ཆུང་འོལ་མོ་ལུང་རིང་ནས་ཆུ་བོ་གྱིམ་ཤང་བརྒལ་ཏེ་ཕེབས་ཚུལ་ཞིག་འཁོད་ཡོད་པས༑ དེང་དུས་འཛམ་གླིང་ས་ཁྲ་ལྟར་ཆུ་བོ་གྱིམ་ཤང་གི་འབབ་ཕྱོགས་ལ་བལྟས་ན་བྱང་ཤར་མཚམས་ནས་ཁ་ནུབ་ཏུ་བཏད་དེ་ལྷོ་རུ་བབས་ཡོད་པ་གསལ་པོར་མཐོང་ཐུབ༑

   «དབུ་ནག་མིའུ་འདྲ་ཆགས་»མར་ཧོར་ཞེས་པ་འདི་ཆེས་ཐོག་མར་བྱུང་སའི་ཡུལ་གྱི་སྐོར་གཏམ་རྒྱུད་འདི་འདྲ་ཞིག་མཆིས་ཏེ།དུས་དང་སྐལ་པ་དེ་ཙམ་ན། སྲིད་པ་རྒྱལ་བུ་འཐིང་གེ་དེ། རྨ་ཁ་བཞུར་ཀྱི་གོང་ཁར་བསྡད་ཙམ་ན། བོད་ཀྱིས་ཕ་རྒན་ཇ་གསོལ་ཟེར། རྒྱས་ཡང་ཕ་རྒན་ཇ་གསོལ་ཟེར། ཧོར་གྱིས་ཕ་རྒན་ཇ་གསོལ་ཟེར། ཁོང་བུ་གསུམ་ལས་གཅིག་གདམ་པ་ལ། ཁོང་གསུམ་བར་དམེ་འོང་དོགས་ནས། ཕ་ཀི་ཁྱེད་གསུམ་གང་མགྱོགས་ཅན་དུ་འགྲོ་ཟེར། དེ་ནས་བོད་ཀྱིས་མགྱོགས་ཇ་གསོལ་བྱས་ཙ། ཕ་ནི་ལྷམ་སྒྲོག་གིས་བཅིངས་ནས་ཤི་ཟིན་འདུག  དེ་ནས་བོད་ཀྱིས་ཞལ་ན་རེ། གསོན་ཚེ་ཞབས་ཏོག་ངས་བྱས་པས། ཕ་ཤི་བའི་སྤུར་དེ་ང་ལ་དབང་ཟེར། ཁོང་གཉིས་གྱིས་ངེད་དབང་ཟེར་ནས། དམེ་འོང་ལ་ཁད་ལ་ཐུག་ཙམ་ན། སྟོང་པ་གསུམ་གྱི་ཕ་རོལ་ནས། སྟོང་གསུམ་གཤེན་ལྷ་འོད་དཀར་བཀུགས། སྲིད་པ་གསུམ་གྱི་ཕ་རོལ་ན། སྲིད་གསུམ་གཤེན་རབ་མི་བོ་བཀུགས། དབལ་རི་ཟུར་གསུམ་ཕོ་བྲང་ནས། ལྷ་བོན་སྟག་ལ་ཡར་བཞུགས་བཀུགས། ཕ་ཚན་སྨྲང་གིས་བགོས། ངང་མོ་རྒོད་ཀྱི་གཤོག་པས་བརྡབ་ནས་བགོས། ཁོག་སྟོད་མགོ་འབྱར་དེ་ཕྱོགས་གཅིག་བྱས། རྐེད་པ་སྟེང་ན་མཐེ་བོང་བཞག་པ་དེ་ཕྱོགས་གཅིག་བྱས། ཁོ་སྨད་སྟེང་ན་སྙིང་བཞག་པ་དེ་ཕྱོགས་གཅིག་བྱས། བདམ་སྤུར་དེ་སྤུ་རྒྱལ་བོད་ལ་ཡོད། བོད་ཀྱིས་ཁོག་སྟོད་མགོ་འབྱར་བདམས། ལུས་ཀྱི་གཙོ་བོ་མགོ་ཡིན་བསམ། རང་གྲུབ་མཆོད་རྟེན་རྩ་བ་ན། གཤེན་རབ་མི་བོ་སྤྱན་དྲངས་ནས། ཤིང་སྦ་སྙུག་གཉིས་ཀྱི་མེ་ལ་བསྲེགས། ལི་རྒུན་གཉིས་ཀྱི་འདེ་གུ་བཀྱེས། མདོ་བ་རྟ་ལ་བྱ་རུ་བཙུག རྟ་ལུག་གཉིས་ཀྱི་གཏད་ཡར་བྱས། བོད་ཀྱིས་ཕ་རོ་སྦྱིན་སྲེག་བྱུག་པ་དང་། རྟ་ལུག་གཉིས་ཀྱི་གཏད་ཡར་དེ་ནས་སྲིད། ཧོར་གྱིས་རྐེད་པ་མཐེ་བཞག་ཐོབ་པ་དེ། ཟླ་བའི་ལུང་པ་ཟླ་བཀྲ་དེར། ཕ་རོ་བྱེ་མའི་ནང་དུ་སྦས་ནས་མཐེ་བོང་བཟུང་། ཧོར་གྱིས་ཕ་རོ་དོང་ལ་བསྐྱུར་པ་དེ་ནས་སྲིད། མདའ་ཉག་ཕྲན་སྐྱེན་པ་དེ་ནས་སྲིད། རྒྱས་ཁོག་སྨད་སྙིང་འབྱར་ཐོབ་པ་དེ། ཁམས་ཀྱི་ར་རྒྱ་གྲུ་སོ་དེར། ཕ་རོ་ཆུ་ལ་འཕངས་ནས་སྙིང་དེ་བཟུང་། རྒྱས་ཕ་རོ་ཆུ་ལ་འཕེན་པ་དེ་ནས་སྲིད། རྒྱ་ནོར་སྙིང་ཆེ་བ་དེ་ནས་སྲིད། མི་འཕེལ་ཆེ་བ་དེ་ནས་སྲིད།”(10)ཅེས་པ་འདིའོ།།

     ཡིག་ཆ་འདི་ཐོག་མར་སྐུ་ཞབས་མཁར་རྨེའུ་བསམ་གཏན་ལགས་ནས་འཚོལ་བསྡུ་དང་བསྡུ་བསྒྲིགས་མཛད་དེ་འཇར་པན་ནས་པར་བཏབ་ཅིང་། ཁོང་གི་དཔྱད་རྩོམ་«མདའ་དང་འཕང་»དུ་ལུང་ཆ་ཚང་དྲངས་ཏེ་མཆན་ཁ་ཤས་བཏབ་ནས་ཆེད་དམིགས་འདིའི་སྐོར་དཔྱད་ཞིབ་བྱས་འདུག འོན་ཀྱང་། སྲིད་པ་རྒྱལ་བུ་འཐིང་གེའི་བཞུགས་གནས་རྨ་ཁ་བཞུར་ཀྱི་གོང་ཁ་ཞེས་པ་དང་། འཐིང་གེའི་སྲས་བོད་ཧོར་རྒྱ་གསུམ་གྱི་ས་མིང་དག་གི་སྐོར་ཅི་ཡང་གླེང་མེད༑ དེ་ལྟར་ན་ཡང་སྐབས་འདིའི་ཧོར་ཞེས་པ་ལ་མཆན་ཞིག་བཏབ་འདུག་པ་ནི་མོང་གོལ་ལ་གོ་དགོས་ཚུལ་བཤད་འདུག་པ་དེ་རེད༑ ཧོར་ཞེས་པ་འདི་མོང་གོལ་ལ་གོ་བ་ནི་ཕྱིས་སུ་ཧོར་གྱི་རིགས་ལས་ཆད་པའི་ཇིང་གེར་རྒྱལ་པོ་མོང་གོལ་ནས་ཡིན་པའི་བཤད་སྟངས་དང་བསྟུན་ནས། རྗེས་སུ་ཧོར་ཞེས་པ་མོང་གོལ་གྱི་རིགས་ལ་གོ་དགོས་པ་ལྟ་བུར་གྱུར་པ་ལས་བྱུང་བའི་བག་ཆགས་ཤིག་ཡིན་པས། དཔྱད་པ་ཞིབ་ཚགས་བགྱིས་ཏེ་ཐོབ་པའི་འབྲས་བུ་ཞིག་ཡིན་མིན་བཤད་དཀའ་བ་ལགས༑ ཇིང་གེར་རྒྱལ་པོ་ནི་རང་བྱུང་གསུམ་པའི་ཆུ་རྟ་སྤྱི་ལོ་1162ལོར་སྐྱེས་ཤིང་། རང་ལོ་ཉེར་བརྒྱད་ཀྱི་སྐབས་སུ་ཡུལ་དེ་གའི་སྡེ་ཁྲི་ཕྲག་ཁ་ཤས་དབང་དུ་བསྡུས་ནས་རིམ་གྱིས་མོང་གོལ་གྱི་རྒྱལ་ཁབ་བཙུགས་ཏེ། འཛམ་གླིང་ན་མིང་དུ་གྲགས་པའི་ཧོར་རམ་སོག་པོའི་རྟ་དམག་ཅེས་པ་དེ་བྱུང་ཤིང་ཤར་ནུབ་གང་སར་དབང་བསྒྱུར་བས་ཕྱིས་སུ་ཧོར་ཞེས་པ་ནི་སོག་པོ་ལ་གོ་བ་ལྟ་བུ་བྱུང་༑

   དེང་དུས་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་དཀར་མཛེས་དང་བྲག་མགོ། གསེར་རྟ། བོད་ལྗོངས་ཆབ་མདོ་སོགས་སུ་ཧོར་གྱི་ས་ཆ་འདི་དང་དེ་ཞེས་རང་སོ་སོས་ངོ་མཚར་བའི་གཏམ་རྒྱུད་དང་སྦྱར་ནས་ངོས་འཛིན་རེ་བྱེད་སྲོལ་སྣ་ཚོགས་འདུག་ཀྱང་།འདི་ལ(ཧོར)ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་གོ་བ་ལེན་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པ། སྐབས་རེ་སོག་པོ་ལ་ཧོར་ཞེས་ཟེར་བ་དང་། སྐབས་རེ་བོད་བྱང་ཕྱོགས་ཀྱི་འབྲོག་པ་རྣམས་ལ་ཧོར་ཟེར་བ་དང་། སྐབས་རེ་གྲུ་གུ་རྒྱལ་ཕྲན་ལ་ཧོར་ཟེར་བ་སོགས་མི་འདྲ་བ་ཡོད”(11)ཅེས་མཁས་དབང་དུང་དཀར་ལགས་ནས་གསུང་འདུག་པ་ལྟར། དུས་སྐབས་སོ་སོར་དབང་སྒྱུར་དང་བསྟུན་ནས་ཧོར་གྱི་འཇུག་ཡུལ་སྣ་ཚོགས་བྱུང་བས་བོད་ཀྱི་ས་ཆ་ཇི་སྙེད་ཅིག་ལའང་ཧོར་ཞེས་ཐོག་ཅིང་། དེ་དང་མཉམ་དུ་གཏམ་རྒྱུད་འདྲ་ཆགས་སྣ་ཚོགས་སྦྱར་ཡོད་པ་ཤེས་དགོས༑ ཤོད་སྲོལ་ལ་ཇིང་གེར་རྒྱལ་པོའི་དམག་སྟོབས་ཆེ་བའི་དུས་སྐབས་སུ་མངའ་ཁོངས་ཀྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུབ་བཞི་མ་བྱེ་བ་གསུམ་དང་ས་ཡ་གསུམ(3300万平方公里)ཙམ་ཡོད་པར་བཤད་ཅིང་། དེ་ནི་འཛམ་གླིང་སྐམ་སའི22%ཟིན་པས་དབང་བསྒྱུར་གྱི་མངའ་ཁོངས་ནི་འཛམ་གླིང་སྐམ་སའི་ལྔ་ཆ་གཅིག་ཙམ་ཡིན༑ དེས་ན་དུས་སྐབས་སོ་སོ་བསྟུན་ནས་ལེགས་པར་མ་བརྟག་ན་དཔྱད་དཀའ་བའི་མགོ་རྙོག་ཅིག་བྱུང་ཚུལ་གསུང་བ་ནི་གནད་ལ་ཁེལ་བའི་གཏམ་དུ་ངེས༑

     ཧོར་གྱི་རྒྱལ་རབས་ཁག་ལ་བལྟས་ན་ཇིང་གེར་རྒྱལ་པོའི་ཡན་ཆོད་དུ་རྒྱལ་རབས་བཅུ་བརྒྱད་སོང་བ་དང་ལ་ལར་བཅུ་དགུ། ཉེར་གསུམ། ཉེར་གཉིས་སོགས་གང་ལྟར་རྒྱལ་རབས་མང་པོ་ཞིག་བརྩི་རྒྱུ་ཡོད་ལ། གོང་དུ་གསལ་བ་ལྟར་ཧོར་ཞེས་པ་ནི་ཆེས་སྔ་བའི་རིགས་རུས་ཆེ་གྲས་ཤིག་ཀྱང་ཡིན་པ་མ་ཟད་དོན་དུ་འདི་དག་ལས་ཀྱང་སྔ་ཡང་སྲིད༑ གང་ལྟར། ཇིང་གེར་སྔོན་ལ་རྒྱལ་རབས་གང་འཚམས་ཤིག་བགྲངས་རྒྱུ་ཡོད་པ་ལས་དང་པོ་ནི་བོར་ཏཱ་ཞེས་པ་དེ་ཡིན༑ འདིའི་འཆད་ཁུངས་བོད་རྒྱལ་དྲི་རུམ་བཙན་པོ་ཡིན་པ་དངཏཱ་དྲི་རུམ་གྱི་སྲས་གསུམ་ཡོད་པ་ལས་ཐ་ཆུང་དེ་ཡིན་ཅེས། སོག་པོའི་རྒྱལ་རབས་དག་དང་དབལ་མང་པཎྚི་ཏས་མཛད་པའི་«ཧོར་གྱི་རྒྱལ་རབས་»(12)སོགས་སུ་གསལ་མོད། རྡོ་རིང་ཡི་གེ་དང་བོན་གྱི་«སྲིད་པ་རྒྱུད་ཀྱི་ཁ་བྱང་»སོགས་སུ་དྲི་རུམ་བཙན་པོ་ལ་སྲས་བྱ་ཁྱི་དང་ཤ་ཁྱི་གཉིས་ལས་གསུམ་པ་ཞིག་ཡོད་ཚུལ་མི་གསལ་ཡང་། བཤད་ཚུལ་འདི་ནི་ཧོར་གྱི་རྒྱལ་རྒྱུད་བྱུང་ཁུངས་བཤད་པ་ལས་ཧོར་གྱི་རིགས་རྒྱུད་ཐོག་མའི་ཡོང་ཁུངས་བཤད་པ་མིན་པས་འདིར་གལ་མི་ཆེ། འདི་ནས་ང་ཚོས་གླེང་དགོས་པ་ཞིག་ནི་བོར་ཏཱ་ཞེས་པ་པཱེ་གཱལ་ཟེར་བའི་ཆུ་འགྲམ་ཞིག་ཏུ་སླེབས་ནས་ཡུལ་དེའི་རྒྱལ་པོར་གྱུར་ཚུལ་གསལ་བས། པཱེ་གཱལ་ཞེས་པའི་ཆུ་བོ་དེ་ད་ལྟ་གང་དུ་ཡོད་མེད་བརྟག་ཡ་ནི་ཆེས་གལ་འགང་ཆེ་བ་དེ་ཡིན༑

     ཧོར་གྱི་རྒྱལ་རབས་དག་ཏུ་གསལ་བའི་པཱེ་གཱལ་ཞེས་པ་ནི་དེང་དུས་གཱེ་འར་ཆུ་བོ་(噶尔河)དང་ཡེ་འར་ཆུ་བོ་(叶尔河)གང་རུང་ཡིན་པའི་དབང་དུ་བཏང་ན་ཆུ་བོ་འདི་གཉིས་ཀ་ཤིང་ཅང་གི་ཕྱོགས་སུ་ཡོད་པས། ཇིང་གེར་གྱི་སྔོན་ཧོར་གྱི་རིགས་ཀྱང་ཕྱོགས་འདིར་མེད་ངེས་པའི་སྒྲུབ་བྱེད་འགའ་ཡང་མེད་ལ། ཧོར་གྱིས་ཐོག་མར་འ་ཞ་དང་གྲུ་གུ། ལི་ཡུལ་སོགས་དབང་དུ་བསྡུས་པར་བཤད་པ་ལྟར་བྱས་ན་ཡུལ་ལུང་འདི་དག་དེང་དུས་ཤིང་ཅང་གི་ཕྱོགས་སུ་ཡོད་པ་དང་། «གླིང་གེ་སར་སྒྲུང་»དག་ཏུའང་ཧོར་དང་གེ་སར་འཐབ་འཁྲུགས་སྐོར་མང་ཙམ་བྱུང་ཡོད་པ་ལས་གེ་སར་གྱི་རྒྱལ་སའང་ཕྱོགས་འདིར་ངོས་འཛིན་ཅིང་། དེང་དུས་ཆེད་དམིགས་«གླིང་སྒྲུང་»ཉམས་ཞིབ་པ་སྐུ་ཞབས་གཅོད་པ་དོན་གྲུབ་ལགས་ནས།གླིང་སྒྲུང་ལས་བསྟན་པའི་ཧོར་ཞེས་པ་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་དང་ཧོ་ཞི་ཙིག་ལེང་(河西走廊)གི་ལྷོ་ནུབ། ད་ལྟའི་ཏུན་ཧོང་(敦煌)ས་ཆའི་ལྷོ་ཕྱོགས། ཞིང་ཅིང་ཐ་ལི་མུའུ་གཤོང་སའི(新疆塔里盆地)ཤར་ལྷོ་བཅས་ཀྱི་ས་ཡི་དཀྱིལ་འཁོར་ལ་ཟེར་བ་འདོདཅེས་དང་།ཧོར་གླིང་གཡུལ་འགྱེད་ནང་གི་སེར་པོ་ཧོར་ཞེས་པ་ནི་བཙན་པོ་དུས་ཀྱི་ཧོར(回纥)ཞེས་པའི་རྒྱུད་པའམ་ད་ལྟའི་ཡུས་ཀུའུ་རིགས་ཟེར་བའི་མེས་པོ་སེར་པོ་ཧོར་ཞེས་པ་དེ་ཡིན་པར་སྙམ”(13)ཞེས་བཤད་འདུག  ཡུ་གུར་རིགས་ནི་དེང་དུས་ཤིང་ཅང་གི་(于田)ཞེས་པ་འདི་ཡིན་པས་འ་ཞ་སོགས་དང་ཤིན་ཏུ་ཉེ༑ བཙན་པོ་ནོ་མོ་ཧན་གྱི་«འཛམ་གླིང་རྒྱས་བཤད་»ལས་ཀྱང་ས་དབུས་ཀྱི་རྒྱ་མཚོ་དང་། ཏུ་རུཥྐའི་ཡུལ་དང་། ཧོར་གྱི་ཡུལ་དེ་གསུམ་ག་ནས་བྱང་དུ་འདབས་འབྲེལ་བར་རིགས་ལྡན་པ་སྟེ།”(14)ཞེས་དང་། ཧོར་ནི་ལི་ཡུལ་གྱི་ཆར་གཏོགས་ཤིག་ཡིན་པའི་ངོས་འཛིན་བྱས་འདུག དེར་བརྟེན། ཧོར་ནི་རང་རེའི་བྱང་ནུབ་མཚམས་ན་ཡོད་པ་མ་ཟད་ཤིང་ཅང་གི་ཕྱོགས་སུ་ཡོད་པ་ལྟ་བུར་བཤད་པས། ཡུ་གུར་བའི་རིགས་ལ་ངོས་འཛིན་བྱེད་པ་དང་གནད་གཅིག་ཏུ་སྣང་༑ འོན་ཀྱང་། རིན་ཆེན་རྡོ་རྗེས་ལྟ་བ་འདི་ཉིད་མི་འཐད་པ་མ་ཟད་ཧོར་གླིང་འཐབ་སྟེ་ཧོར་རྣམས་ཕམ་རྗེས་ཧོར་རིགས་ཡུ་གུར་ལ་བྲོས་པ་རེད་ཅེས། ཐོག་མའི་ཧོར་རིགས་ནི་ཡུ་གུར་ལ་མེད་པ་ལྟ་བུར་བཤད་འདུག་པ་ལྟར་འདི་ལའང་དོགས་གཞི་མང་ཙམ་སྣང་ཞིང་། མཁས་དབང་དགེ་ཆོས་སོགས་རང་རེས་མཁས་པ་རྣམས་ཀྱིས་ཡུ་གུར་ནི་ལི་ཡུལ་ཡིན་པར་ངོས་འཛིན་བྱེད་པས་མཐའ་གཅིག་ཏུ་ཡུ་གུར་གྱི་རིགས་ལ་གོ་མི་རིགས་པ་འདྲའོ།།

     བོན་གྱི་མཁས་པ་ཆེན་མོ་མཁན་ཉི་མ་བསྟན་འཛིན་གྱིས་ཧོར་ནི་བོད་ཀྱི་བྱང་ཤར་ན་ཡོད་པ་དང་རྨ་རྒྱལ་སྤོམ་ར་དང་མཚོ་ཁྲི་ཤོར་རྒྱལ་མོ་སོགས་ས་དེར་ཡོད་ཚུལ་ཞིག་གསུང་འདུག འདི་ནི་སྨན་ཤུལ་གྱིས་བཤད་པ་དང་ཅུང་མཐུན་ཞིང་། «སྲིད་པ་རྒྱུད་ཀྱི་ཁ་བྱང་»དང་«ཁྱུང་པོའི་རྒྱལ་རྒྱུད་ཤེར་དཀར་མེ་ལོང་»སོགས་སུབྱང་ཕྱོགས་ཧོར་གྱི་ལ་ཚིག་ཏུ། ཆག་སོ་གངས་དཀར་བྱ་བ་ཡོད་”(15)ཅེས། ཧོར་གྱི་ས་ཚིག་ནི་ཆག་སོ་གངས་དཀར་ཡིན་པ་དང་ཤར་རྒྱ་དང་ནུབ་མོན་གཉིས་ཀྱི་བར་ན་ཡོད་པར་བཤད་ཡོད༑ ཆགས་སོ་གངས་དཀར་ལ་ད་ལྟའི་རི་མིང་ས་མིང་གང་ཟེར་བ་དང་ཡུལ་ཕྱོགས་གང་དུ་ཡོད་པ་སོགས་གུས་པས་གནས་སྐབས་བཙལ་ཐབས་བྲལ་ཀྱང་། རྗེས་སུ་རྩད་ཆོད་འབྱུང་བའི་རེ་བ་ཤིན་ཏུ་ཆེ་ཞིང་ཡིག་ཆ་འདི་དག་ལས་གོ་ཐུབ་པ་ནི་རང་རེའི་བྱང་ཕྱོགས་ན་ཡོད་པ་གོང་དུ་དྲངས་ཟིན་པ་བཞིན།རྒྱ་ནག་དང་གངས་རིའི་བར་དུ་བོད་ཁ་བ་ཅན་ཆགས་ལ། དེ་ཡང་ལ་ཚིགས་ཆེན་པོ་བཞིས་བཅད་དེ། ཇི་སྐད་དུ། དུང་སྒང་བཞག་བྲ་ལྷ་རྩེ་ནི། ཤར་ཕྱོགས་རྒྱ་ཡི་ལ་ཚིགས་ཡིན། སྟག་ཆེན་བ་ལྭ་བྱ་བ་དེ། ལྷོ་ཕྱོགས་འཇང་གི་ལ་ཚིགས་ཡིན། ཕ་ཝང་རྨ་ལ་བྱ་བ་དེ། ནུབ་ཕྱོགས་མོན་གྱི་ལ་ཚིགས་ཡིན། ཆགས་སོ་གངས་དཀར་བྱ་བ་དེ། བྱང་ཕྱོགས་ཧོར་གྱི་ལ་ཚིགས་ཡིན་”(16)ཞེས་བོན་གྱི་བསྟན་འབྱུང་གཞན་དུའང་གསལ༑ དེས་ན་གོང་དུ་གླེང་ཟིན་པ་བཞིན་ཕྱིས་སུ་ཧོར་ནི་སོག་པོ་ལ་ཐད་ཀར་ངོས་འཛིན་བྱེད་པ་ལྟ་བུར་སྣང་ཡང་སོག་པོ་ནི་བོད་ཀྱི་ཤར་རམ་ཤར་བྱང་མཚམས་ན་ཡོད་པ་མ་གཏོགས། བྱང་ན་མེད་པས་ཧོར་ཇིང་གེར་གྱིས་སོག་པོ་རྣམས་དབང་དུ་བསྡུས་ཏེ་གཅིག་གྱུར་རྒྱལ་ཁབ་བཙུགས་རྗེས་སོག་པོ་ལ་ཧོར་ཞེས་ཐོག་པ་རྟོགས་ཐུབ་དགོས་ཞེས་སླར་ཡང་བརྗོད་འདོད་དོ།།

    འདིར་དཀའ་ཁག་ཆེ་ཤོས་གཅིག་འཕྲད་ཡོང་བ་ནི་ཧོར་རིགས་རྣམས་སོག་པོའི་ཕྱོགས་སུ་ནམ་ཞིག་ལ་སྤོ་འགོ་ཚུགས་ཡོད་མེད་དེ་རེད༑ ཇིང་གེར་རྒྱལ་པོའི་སྔོན་ཧོར་གྱི་རྒྱལ་རབས་བཅུ་དགུ་སོང་(«རྒྱ་བོད་ཡིག་ཚང་ཆེན་མོ་»ལྟར་ན།)ཡོད་པ་ལས། རྒྱལ་རབས་དང་པོ་བོར་ཏཱའི་དུས་སུ་བོད་ཀྱི་བྱང་ཕྱོགས་ན་ཡོད་པ་གོང་དུ་ཞུས་ཟིན་པ་ལྟར་ཡིན་ཅིང་། རྒྱལ་རབས་ཉི་ཤུ་བ་ཇིང་གེར་རྒྱལ་པོའི་བར་སྐབས་ཀྱི་རྒྱལ་རབས་དག་གི་ལོ་རྒྱུས་ད་སྔོན་ཁ་གསལ་ཅི་ཡང་མ་མཐོང་༑ ཇིང་གེར་རྒྱལ་པོའི་སྐུ་ཚེའི་སྟོད་དུ་ཡབ་ལ་རྐྱེན་ངན་གྱི་གནས་ཚུལ་བྱུང་བ་སོགས་ཁྱིམ་ཚང་ལ་ཆག་སྒོ་བབས་པས། གནས་ངེས་མེད་དུ་འཁྱམ་དགོས་བྱུང་བ་ཧོར་གྱི་རྒྱལ་རབས་དག་ཏུ་གསལ་བ་ལྟར། སོག་ཡུལ་ནས་རྒྱལ་ཁབ་ཐོག་མར་བཙུག་མཁན་ཡང་ཇིང་གེར་རྒྱལ་པོ་ཁོང་ཉིད་ཡིན་པ་སོགས་ལ་བརྟག་ན་རྒྱལ་པོ་འདིའི་དུས་སུ་ཐོག་མར་སོག་ཡུལ་ལ་གནས་སྤོ་བྱུང་ངམ་སྙམ༑ «རྒྱ་བོད་ཡིག་ཚང་ཆེན་མོར།»“འདི་ཡན་ལ། ཧོར་གྱི་རྒྱལ་རབས་བཅུ་དགུ་ཧོར་ཡུལ་དུ་བྱུང་ངོ་”(17)ཞེས་པ་ཞིག་ཀྱང་བྱུང་བས་ཅུང་ཟད་དཔྱད་རིན་ཆེའོ།།

[གསལ་བཤད།] རྩོམ་ཡིག་འདི་ནི་«ཧོར་ཞེས་པའི་ཐ་སྙད་དང་འབྲེལ་ཏེ་དུས་རིམ་སྣ་ཚོགས་ཁྲོད་ཀྱི་ཧོར་སྦྲ་ཆེན་ས་ཁོངས་ཀྱི་ཐོག་མའི་འཚོལ་དཔྱོད།»ཞེས་པའི་དཔྱད་རྩོམ་ལས་ཚན་པ་དང་པོ་ཁོར་དུ་ཕྱུང་བ་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།