འཕྱོང་ཞེས་པའི་ཐ་སྙད་ཀྱི་གོ་དོན་སྐོར་གླེང་བ།

[ཟླ་ཚེས། 2018-03-04 20:04:52][རྩོམ་པ་པོ། འགོ་བ་གཡུང་དྲུང་ཡོན་ཏན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

111.jpg

དེ་ཡང་ཞང་བོད་མཐོ་སྒང་འདིར་ཚེ་སྲོག་གི་ཁ་བའི་འདབ་མ་རི་ཐང་ལུང་གསུམ་ཀུན་ལ་ལྷབ་ལྷུབ་ཏུ་ལྷུང་ཞིང་གཡོགས་མྱོང་ལ་ལྷག་བསམ་གྱི་གཟི་བྱིན་འོད་མདངས་གངས་དཀར་ལ་བཅོལ་ནས་བཞུད་ཟིན་པའི་རང་རེའི་ཡང་མེས་བགྲེས་པོའི་སྐད་བརྡ་ལས་འཕྲོས་པའི་ཐ་སྙད་དམ་བརྡ་རྙིང་གྲས་ཤིག་ཡིན་པར་གོར་མ་ཆགས་ཀྱང་། དེང་དུས་སུ་འཛམ་གླིང་གི་སྣོད་བཅུད་ཁག་བར་འབྲེལ་ཐག་ཉེ་ཞིང་ལྷག་ཏུ་མངོན་གསལ་དགོས་མཁོ་ཆེ་བའི་ཚན་རྩལ་གྱི་དཔལ་རླབས་དྲག་ཏུ་འཕྱོ་བའི་མི་རིགས་སམ་རྒྱལ་ཁབ་ཁག་གི་རིག་གཞུང་གིས་ཁྱབ་ཤུགས་ཆེ་བས། རང་རེའི་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་དང་དེའི་སྲོལ་རྒྱུན་རིག་གཞུང་དང་བཅས་པ་ལས་འགའ་ཞིག་གཞན་དུ་སྐྱེ་ལུས་གསར་པ་ཞིག་བླངས་ཟིན་པ་ཡིན་ལ་འགའ་ཞིག་ལེན་བཞིན་པ་དང་རེ་འགའ་མ་འོངས་བླང་བར་འགྱུར་བའི་རྒྱུའི་སྐབས་ཤིག་ཡིན་པར་མཐོང་། དེ་ལྟར་གྱི་འཕོ་མཆུག་ཏུ་འགྲོ་བ་ནི་སུས་ལན་པ་ཡིན་ཅེ་ན། དུས་རབས་འདིའི་ནང་འཚོ་ཞིང་མཆིས་པའི་མི་རིགས་འདིའི་རྒྱུད་པ་འཛིན་པ་ངེད་ཅག་ཚོས་རང་མི་རིགས་ཀྱི་ཆགས་འཇིག་གི་གནས་སྟངས་ལ་སྔར་བསམ་ཕྱིར་འདང་མ་བརྒྱབ་པར་རང་རང་འགྲོ་བདེ་འདུག་བདེ་ཁོ་ནར་བྱས་ཏེ། དཔེར་ན། དུད་འགྲོ་རྩྭ་ཆུ་གང་འཛོམ་སར་རྒྱུ་ཞིང་འཚོ་བ་ལྟར་བྱས་པའི་ལན་པ་ལས་གཞན་རྐྱེན་གཅིག་པུས་ལན་པ་ཞིག་གཏན་ནས་མ་རེད་སྙམ། དེ་ལྟར་ད་ལྟའི་གྱ་ཉེས་པའི་གནས་སྟངས་སམ་འགྱུར་འགྲོས་འདིས་འབྱུང་འགྱུར་མི་རིགས་ཤིག་གི་ངོ་བོ་རྩ་བརླག་ཏུ་གཏོང་བར་དཔྱད་ཙམ་གྱིས་རྟོགས་སླའོ།།

དེས་ན་རང་རིགས་ན་གཞོན་བློ་གསལ་ཚོས་ཀྱང་མཇུག་འབྲས་དེ་ལ་འཇིགས་ཤིང་སྐྲག་བསྔང་རབ་ཏུ་བསྐྱེད་དེ་ད་ལྟའི་གྱ་ཉེས་པའི་གནས་བབ་དེ་ལས་ལྡོག་སྟེ། ཕ་གཞིས་ལ་ཕྱིར་འདང་འཁོར་ཞིང་ཕ་ནོར་གྱི་རང་སྲོལ་བཟུང་ཚེ་སླར་ཡང་མི་རིགས་ཤིག་གི་རང་ཚུགས་མངོན་ཐུབ་པར་སྨོས་ཅི་དགོས་ཨང་། དེ་ལྟར་ན་ང་ཚོས་ཀྱང་ཕ་ཤུལ་བུས་ཟིན་པ་ཡིན་ལ་ང་ཚོའི་རྗེས་རབས་ཀྱི་ཕ་ཚ་བུ་རབས་རྣམས་ཀྱིས་ཀྱང་གཞན་ལ་འགྲམ་ཆུ་ལུད་མི་དགོས་པ་རང་གི་ཕ་ཤུལ་གྱི་ལོངས་སྤྱོད་རྣམས་ཤུགས་ཀྱིས་སྟེར་བའང་ཅིས་ཀྱང་མིན་ཨང་།། ངེད་ཅག་གིས་དེ་ལྟར་ཕ་མེས་ཀྱི་གཞིས་ཁྱིམ་དྲོད་མོར་འཁྲས་བརྟེེན་ཅིང་ཕ་ནོར་བདག་ཏུ་ཐོབ་པ་ལ་ཕ་མེས་ཀྱི་སྐད་བརྡ་འཕྲོད་དགོས་པ་ནི་རྨང་གཞིའི་ཤེས་བྱའམ་འཇུག་སྒོ་ཞིག་ཡིན། དེའི་ཕྱིར་མི་རིགས་གཞན་གྱི་སྐད་བརྡ་ཡིན་པའམ་ཡང་ན་དེས་བསྲེས་བསླད་ཞུགས་པ་སྟེ། དཔེར་ན། དེང་གི་བརྡ་གསར་ར་མ་ལུག་གི་སྐད་བརྡ་ལྟ་བུ་མ་ཡིན་པ་རང་རིགས་ཀྱི་མེས་པོ་དམ་པའི་ཞལ་ངད་ལས་ཐོན་པའི་རང་གི་སྐད་ཡིག་རྒྱུན་འཛིན་ཐོག ལྷག་པར་དུ་དཔེ་རྙིང་ནང་གི་ཐ་སྙད་རྙིང་པ་ཁག་གི་གསོན་ཤུགས་མ་ཉམས་པ་བཀོལ་སྤྱོད་ཀྱི་རང་བཞིན་ལ་ནུས་པ་འདོན་སྤེལ་ཆེད། མིང་ཚིག་རྙིང་པ་གོ་དཀའ་བ་དེའི་རིགས་ལ་བློ་བཅོས་ཀྱིས་བཙན་འགྲེལ་ལྟ་བུ་མ་ཡིན་པ་ཁུངས་འབྲེལ་གྱི་གོ་དོན་ལ་གནད་བསྣུན་ཁ་གསལ་གྱི་འགྲེལ་བཤད་དགོས་པ་ནི་ནད་ཐོག་སྨན་སྦྱིན་ལྟར་ཆེས་གལ་མདོ་ཆེ་བའི་འགན་འཁྲི་ཞིག་ཏུ་མཐོང་ངོ་།། དེའི་ཕྱིར་ད་ལན་ཁོ་བོས་བརྡ་རྙིང་གི་རང་བཞིན་ལྡན་པའི་ཐ་སྙད་‘འཕྱོང་’ཞེས་པའི་གོ་དོན་སྐོར་རགས་ཙམ་གླེང་བར་འདོད་དོ།།

དེ་ཡང་ཐ་སྙད་འདིའི་ཐོག་མའི་འབྱུང་ཁུངས་ནི་གོང་དུ་བཤད་ཟིན་པ་ལྟར་ཡིན་ལ། དེ་ནས་རིམ་པས་གནའ་དུས་སུ་རང་རིགས་མེས་པོའི་ཚོ་ཁུལ་གྱི་ཁ་སྐད་དམ་ངག་ཐོག་ཏུ་བཀོལ་ཅིང་། ཡིག་སྲོལ་དར་བ་ནས་སྐབས་དོན་དང་འབྲེལ་བས་ཡིག་ཐོག་ཏུ་བཀོད་ནས་ལོ་རབས་ནས་ལོ་རབས་མཐུད་ནས་མི་རབས་སྔ་ཕྱི་བར་བརྒྱུད་ཅིང་ཡོང་བ་ནི། དུས་རིམ་དེ་དག་གི་ནང་དུ་རང་རིགས་མེས་པོ་དམ་པ་རྣམས་ཀྱིས་རང་གི་སྔར་སྲོལ་གྱི་ཤེས་རིག་དང་ཁ་མ་བྲལ་ཅིང་དེ་ལ་གཅེས་སྤྲས་དང་ལག་ལེན་མཛད་པའི་བདེན་དཔང་ནི་ད་ལྟའི་རྗེས་ཤུལ་མྱོང་བཞིན་པ་འདི་དག་གིས་གྲུབ་བོ།། དེ་ཡང་ཐ་སྙད་འདི་ཉིད་ད་ཡོད་དཔེ་ཐོག་ནས་གསལ་བ་ལྟར་སྐབས་བསྟུན་ཟུར་བཀོལ་གྱི་བོན་སྐོར་འགའམ་ལས་ཆོག་འདྲ་མིན་གྱི་གྲངས་དང་འབྲེལ་ནས་བཏགས་པ་ལ། ལས་ཀྱི་འཕྱོང་ཆེན་དགུའམ།1 ལས་ཀྱི་འཕྱོང་ཆུང་དགུ།2 ལས་ཀྱི་འཕྱོང་ཆེན།3 ལས་ཀྱི་འཕྱོང་བཞི།4 འཕྱོང་སྒོ།5 ཤམ་བསྒྱུར་འཕྱོང་ལྔ།6 འཕྱོང་7འཕྱོང་བཅད།8 ཅེས་པ་སོགས་གསལ་ཡོད་ལ། གཞན་ཡང་རང་རེའི་དག་ཡིག་དང་ཚིག་མཛོད་ཁག་གི་ནང་དུ་ཐ་སྙད་འདི་ཡི་གོ་དོན་ནམ་འབྲུ་དོན་བཀོད་ཡོད་པ་ནི་འདི་ལྟར་ཏེ། ཁང་པའི་ཟུར་དང་། སྐྱོང་བའམ9སྐྱོང་གི་བརྡ་རྙིང་།10 རབ་གསལ། ཟུར་འཕྱོང་། སྒེའུ་ཁུང་འབུར་ཐོན་བཅས་ཀྱི་དོན་ཡིན་པར་བཤད་ཡོད། དེ་ལྟར་ན་ཐ་སྙད་འདི་ལ་གོ་དོན་ནམ་འཇུག་དོན་མི་འདྲ་བ་མང་པོ་ཡོད་པའི་རྣམ་པ་ཞིག་ངང་གིས་འཆར་རུང་བཤད་ཚུལ་དེ་དག་ནི་ཐ་སྙད་ཀྱི་ཚིག་དོན་ངོ་མ་ལས་རྒྱང་ཐག་རིང་བར་བརྒལ་བ་ཞིག་ཏུ་མཐོང་ངོ་།། འགྲེལ་དེ་ལྟར་འདེབས་པའི་བསམ་བློ་བྱུང་དོན་ནི་ཐ་སྙད་འདི་དང་འབྲེལ་བའི་བརྗོད་བྱ་དང་རྗོད་བྱེད་ཀྱི་ཕྱོགས་ལ་གོང་གསལ་གྱི་བརྗོད་བྱ་དང་རྗོད་བྱེད་དེ་རྣམས་འབྲེལ་ཐག་ཉེ་བར་འབྱུང་གི་ཡོད་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་དོ།།

དེ་ཡང་འཕྱོང་གི་ཐ་སྙད་འདི་ཡི་བརྗོད་བྱའི་ཕྱོགས་ལ་‘ཡན་ལག་’དང་‘སྡེ་ཚན་’རྗོད་བྱེད་ཀྱི་ཕྱོགས་ལའང་‘ལེའུ་’ཡི་སྐོར་འགའ་ཞིག་ཡོད་པའི་རྐྱེན་གྱིས་འཕྱོང་གི་གོ་དོན་ནི་‘ཡན་ལག་’དང་‘སྡེ་ཚན་‘ལེའུ་’བཅས་ཀྱི་དོན་ཡིན་པར་བསམ་ནས་འགྲེལ་བ་ཞིག་ཏུ་ཟད་དོ།། འགྲེལ་ཚུལ་དེ་ཡང་དཔེར་ན། ‘བེམ་པོ་’ཞེས་པའི་ཐ་སྙད་འདི་ཡི་བརྗོད་བྱའི་ཕྱོགས་ལ་‘ཀ་བ་དང་བུམ་པ་’ལས་སོགས་ཇི་སྙེད་ཅིག་ཡོད་པས་དེ་དག་ཀུན་‘བེམ་པོའི་’དོན་ཡིན་པར་བསམ་པ་དང་མཚུངས་པ་ཉིད་ལས་མ་འདས་སོ།། འགྲེལ་ཚུལ་འདི་དང་འདི་ལྟ་བུས་མིང་ཚིག་གི་གོ་དོན་ངོ་མ་གང་ཡིན་རྟོགས་པ་ལ་ཕན་པ་ལྟ་ཅི་གེགས་བྱེད་ལྟ་བུ་འགྲོ་བར་སྙམ། ཅིའི་ཕྱིར་ཞེ་ན། འགྲེལ་ཚུལ་དེ་དག་གིས་ཐ་སྙད་ཀྱི་གོ་དོན་ངོ་མ་གང་ཡིན་མ་རྙེད་པའི་ཁར་ཐ་སྙད་དེའི་ཚིག་དོན་མི་ལྡན་པའི་བརྗོད་བྱའི་ཕྱོགས་‘ཡན་ལག་’ལས་སོགས་འགའ་ཞིག་འཕྱོང་གི་གོ་དོན་ཡིན་པ་ལྟ་བུར་བཤད་འདུག་པས་སོ།། སྐྱོན་དེ་ལྟར་མི་འབྱུང་བའི་གནད་ནི་འགྲེལ་བྱེད་མཁན་པོས་མིང་ཚིག་གང་ཡིན་འགྲེལ་གནང་སྐབས་སུ་དང་པོར་ངེས་པར་དུ་བཀྲལ་བྱའི་མིང་ཚིག་གང་གི་དོན་གྱི་གོ་དོན་མ་བོར་བར་རྙེད་ཅིང་གཙོར་འགྲེལ་བྱ་དགོས་ལ། དེ་ནས་ཐ་སྙད་ཀྱི་བརྗོད་བྱའི་བྱེ་བྲག་གི་འཇུག་དོན་རེ་འགའ་ལ་དཔེར་མཚོན་གྱི་ཚུལ་དུ་སྦྱར་ནས་འགྲེལ་ཚེ་ཀློག་པ་པོ་དབང་པོ་རྣོ་བརྟུལ་དང་བློ་གསར་རྙིང་གང་ལའང་སྐབས་བབ་ཀྱི་མིང་དོན་གསལ་བར་སྟོན་པ་ལ་རྔོ་ཐོགས་པའི་འགྲེལ་ཚུལ་ཞིག་ཡོང་ངེས་རེད་སྙམ།

འོ་ན་མིང་ཚིག་‘འཕྱོང་’ཞེས་བྱ་བའི་གོ་དོན་ནམ་འཇུག་ཕྱོགས་གཙོ་བོ་དེ་གང་ཡིན་ཞེ་ན། དེ་ཡང་གནའ་རབས་སམ་ཞང་བོད་ལོ་རྒྱུས་ཀྱི་ཕུ་ཐག་རང་བཞིན་ལྡན་པའི་ཞྭ་དཀར་བོན་ལུགས་སུ་གསང་སྔགས་ཀྱི་ལས་ཆོག་དང་རྒྱུ་འབྲས་བོན་སྐོར་འགའ་ཞིག་གི་མིང་དུ་བཀོལ་གནང་ཡོད་པས། འདིར་གདགས་གཞི་དེ་དག་དང་མིང་དོན་འབྲེལ་ཚུལ་ལ་བརྟག་སྟེ་སྐབས་བབ་ལ་དཔྱད་གླེང་བྱ་བར་འདོད། དེ་ཡང་བོན་སྐོར་གྱི་མཚན་དུ་གསོལ་མཛད་པ་ནི་འདི་ལྟར་ཏེ། དང་པོ་དཔེ་ཆ་ལེའུ་འགའི་མཚན་དུ་གསོལ་བ་ནི། <<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ནང་ནས་གསལ་བྱེད་མེ་ལོང་པྲ་ཡི་འཕྱོང་>>11<<མཁའ་ཀློང་རབ་འབྱམས་བསྐང་བའི་འཕྱོང་>>12<<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ནང་ནས་དབལ་མོ་ལས་ཀྱི་འཕྱོང་>>13<<རྫུ་འཕྲུལ་ཉི་ཟེར་ཞགས་པའི་འདུར་གྱི་འཕྱོང་>>14<<ལས་བཞི་རྒྱུན་ལྔའི་འཕྱོང་ཁོང་འགྲེལ་ལས་བྱང་>>15<<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ནང་ནས་འགུ་ཡ་གཏིང་རྫོགས་དབང་གི་འཕྱོང་>>16<<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ནང་ནས་འོད་ཟེར་འཁྱིལ་པ་སྨན་གྱི་འཕྱོང་>>17<<ཐིག་ལེ་དགུ་པ་ཉམས་ཀྱི་འཕྱོང་>>18<<ཡེ་ཤེས་རྩེ་རྒྱལ་ལྟ་བའི་འཕྱོང་>>19ཞེས་པར་གསལ་ཡོད། གཉིས་པ་བརྗོད་བྱའི་བོན་སྡེ་དང་ལས་ཆོག་གི་མཚན་དུ་བཏགས་པ་ནི། གསལ་བྱེད་མེ་ལོང་པྲ་ཡི་འཕྱོང་། སྣང་སྲིད་རབ་འབྱམས་སྐོང་གི་འཕྱོང་། ཡེ་ཤེས་དབལ་མོ་སྲོག་གི་འཕྱོང་། ཐུགས་རྗེ་ཞགས་པ་འདུར་གྱི་འཕྱོང་། ལས་བཞི་རྒྱུན་ལྔ་སྒྲིབ་སྦྱང་འཕྱོང་། འབུམ་སྡེ་ས་ཡ་དམ་ཚིག་གི་འཕྱོང་། བདུད་རྩི་གསང་བ་སྨན་གྱི་འཕྱོང་། ཐིག་ལེ་དབྱིངས་ཆེན་དགོངས་པའི་འཕྱོང་། ཀུན་ཁྱབ་ཡངས་པ་ལྟ་བའི་འཕྱོང་།20 ཞེས་དང་། ལས་ཀྱི་མཐའ་བསྒྱུར་མཆོང་བཞི་ནི། གཡུང་དྲུང་གུར་ཁང་བསྲུང་བའི་མཆོང་། མེ་དཔུང་འཁོར་ལོ་བཟློག་པའི་མཆོང་། ཡེ་ཤེས་མཚོན་ཆ་གསོད་པའི་མཆོང་། འཁོར་བ་གཏན་འཇོམས་སྦྱིན་བསྲེག་མཆོང་།21 ཞེས་པར་གསལ་ལ། དེ་ལྟར་ལས་ཀྱི་ཆ་ལག་དགུ་སོགས་ཀྱི་མཚན་དུ་བཏགས་པ་ནི། བོན་སྐོར་དེ་དག་གི་ངོ་བོ་དང་བྱེད་ནུས་བཅས་ཀྱི་ཁྱད་པར་གི་སྒོ་ནས་བཏགས་པ་ལྟ་བུའི་རྒྱུ་མཚན་ཞིག་རྙེད་དུ་མེད་དོ།།

འོ་ན་ཅི་སྟེ། ཞེ་ན། བོན་སྐོར་དེ་དག་སྐབས་བསྟུན་གྱི་དགོས་མཁོ་བཞིན་གུད་དུའམ་ཟུར་ནས་བཀོལ་བྱ་ཡིན་པ་ལ་ལྟོས་ཏེ་དེ་ལྟར་བཏགས་པ་ཡིན་པར་མཐོང་ངོ་།། དེའི་ཤེས་བྱེད་ནི། གསང་སྔགས་སྤྱི་སྤུངས་ཀྱི་བོན་སྐོར་ཁྲོ་བོ་དབང་ཆེན་གྱི་རྒྱུད་དོན་སྒྲུབ་ཐབས་བསྙེན་བསྒྲུབ་ཀྱི་ལས་རིམ་དེ་ལ་གཏེར་ལུགས་འདྲ་མིན་22ནས་གསུངས་སྲོལ་མི་འདྲ་བ་འགའ་ཞིག་23འདུག་ཀྱང་འདིར་<<གསང་འདུས་དོན་རྒྱུད་>>24དང་<<མཛད་མདོ་དྲི་མེད་གཟི་བརྗིད་>>25<<བསེན་ཐུབ་>>སོགས་ལས་གསལ་བ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་ཏུ་བཞེད་དོ།། སྒྲུབ་གཞུང་ཆོག་གའི་སྒོ་ནས་སྤྱི་སྤུངས་དབང་ཆེན་གྱི་རྒྱུད་དོན་བསྒྲུབ་པར་བསྙེན་བསྒྲུབ་གཉིས་ཀྱི་ལས་རིམ་ཚང་བར་བསྟན་ཅིང་ལག་ལེན་ལའང་དེ་བཞིན་ཚང་བར་འཇུག་ཅིང་ཉམས་སུ་བླང་དགོས་མོད། ལས་ཀྱི་ཆ་ལག་གི་འཕྱོང་དགུ་པོ་དེ་དག་ལའང་‘‘ལས་ཀྱི་མཐའ་བསྒྱུར་’’ཞེས་པས་གཞུང་གི་བསྙེན་བསྒྲུབ་ཀྱི་ལས་རིམ་དེ་གཉིས་མཐར་ཕྱིན་པའམ་དེ་གཉིས་ཀྱི་ལས་རིམ་གྱི་མཐའ་ཁར་གཞན་དོན་སྐབས་བསྟུན་དུ་གང་ལ་གང་དགོས་སུ་ལོགས་ན་བསྟན་པའམ་དེ་བཞིན་ལས་མཐའི་ཟུར་བཀོལ་གྱི་བོན་སྐོར་ཡིན་པས་ན་དེ་ལྟར་བཏགས་པ་སྟེ། ‘‘ལས་ཀྱི་ཁ་བསྒྱུར་མཆོང་ནི། དཀྱུས་ཀྱི་བསྙེན་སྒྲུབ་ཀྱི་བདག་དོན་ལྷུན་གྲུབ་ནས། ལས་མཐར་གཞན་དོན་མཐར་ཕྱིན་མཆོང་རྒུ་སྒྲུབ་པ་ལ།’’26 ཞེས་དང་། གཞན་ཡང་‘‘ཐ་མ་ལས་ཀྱི་མཐའ་བསྒྱུར་ནས། གཞུང་ལས་གུད་ཀྱི་མཆོང་དགུ་སྟེ།’’27 ཞེས་པས་སོ།།

དེ་ཡང་སྤྱི་སྤུངས་དབང་ཆེན་གྱི་རྒྱུད་དོན་སྒྲུབ་ཐབས་ཀྱི་ལས་རིམ་སྐོར་ལ་བློ་མིག་འབྱེད་པའི་སྒྲུབ་པའི་གཤེན་པོ་རྣམས་ཀྱིས་དཔྱད་པས་རྟོགས་ནུས་སོ།། དཔེར་ན། འཕྱོང་དགུའི་ནང་ཚན་ཉི་ཟེར་ཞགས་པའི་བྱང་ཆོག་ནི་ཚེ་འདས་འདྲེན་སྟོན་སྐབས་སུ་དགོས་པ་ལས་དེ་མིན་དབང་ཆེན་གྱི་ལས་རིམ་ལ་འཇུག་པ་ཀུན་ལ་མི་དགོས་པ་བཞིན་གཞན་ལའང་འདིས་མཚོན་ཏོ།། འོ་ན་ཡང་རྩེ་བླ་མེད་ཀྱི་ལྟ་བ་ཟུར་བཀོལ་བོན་དུ་བསྟན་པ་ཅི་ཡིན་ཞེ་ན། རང་ལུགས་སུ་བཀའ་དང་བཀའ་བརྟེན་མང་པོ་ཞིག་ཏུ་ཐེག་པ་འོག་མའི་སྐབས་སུ་གོང་མའི་བོན་སྐོར་ཅི་རིགས་པ་བསྟན་པ་ནི་མཐོང་བ་མངོན་གྱུར་ལགས་མོད། དེའི་སྟབས་ཀྱིས་རང་ལུགས་ཀྱི་མཁས་གྲུབ་ཀྱི་ཐུ་བོར་གྱུར་པ་འགའ་ཡིས་28བོན་རང་ལུགས་ཀྱི་མདོ་འདུལ་ནི་མདོ་སྔགས་འདྲེས་མ་དང་གཞན་སྡེའི་མདོ་འདུལ་ནི་མདོ་སྡེའམ་སོ་ཐར་རྐྱང་པ་ཡིན་པར་བཞེད་པ་ནི་གནད་དོན་འདི་དག་ལ་ཐུག་པར་སྣང་ངོ་།། དེ་ཡི་དོན་ནི་ཐེག་སྒོ་གོང་འོག་འཆོལ་བ་ལྟ་བུའི་དོན་མ་ཡིན་པ་ཐབས་མཁས་ཀྱི་བསྟན་རིམ་ཞིག་ཡིན་པར་རིག་གོ། རྒྱུ་མཚན་དེས་ན་གོང་མའི་བོན་སྐོར་འགའ་ཞིག་འོག་མའི་སྐབས་སུ་དངོས་བསྟན་གྱི་བརྗོད་བྱར་བསྟན་པ་མ་ཡིན་ཀྱང་འོག་མ་རྣམས་ཀྱང་གོང་མར་བློ་ཁ་བཀྲི་ཕྱིར་ཟུར་ནས་བསྟན་པ་ཡིན་པར་ལགས་པས། འཕྱོང་དགུའི་གྲས་སུའང་བླ་མེད་ཀྱི་ལྟ་བ་སོགས་བསྟན་པ་ནི་དེ་བཞིན་ཟུར་བཀོལ་གྱི་བོན་དུ་བསྟན་པར་ཤེས་སོ།།

དེ་བཞིན་དུའང་། ‘‘འཕྱོང་ལྔ་’’29ཞེས་པ་གཞུང་དེའི་བཟློག་པའི་ལས་ཆོག་གཙོ་བོ་མ་ཡིན་ཀྱང་ལྷ་ཚོགས་གཙོ་འཁོར་གྱི་བཟློག་པའི་ལྷ་གྲངས་ལྟར་ལྷའི་སྡེ་ཚན་གྱི་བར་དང་མཐའ་རྣམས་ལ་གང་འདོད་ཀྱིས་ཕྲིན་བཅོལ་ཤམ་བུ་རུ་ལོགས་སམ་ཟུར་ནས་གདགས་རྒྱུའི་ལས་ཆོག་ཞིག་སྟེ། དེ་ལ་ཡང་ལྔ་རུ་བཤད་པ་ནི་བསྟན་དང་འགྲོ་བ་སྤྱི་དང་རང་གཞན་སྒོས་ལ་གནོད་པའི་དམག་དང་། ལྟས་ངན་དང་། མོ་རྩིས་པྲ་ལྟས་ངན་པའི་རིགས་དང་། ནད་དང་། ཡམས་དང་བཅས་ལྔ་པོ་30དེ་ལས་སྐབས་འཕྲལ་གང་ཞིག་བཟློག་ཅིང་ཞི་བ་ལ་གནད་སྨིན་ཕྲིན་བཅོལ་གྱི་ལས་ཆོག་ཀྱང་ལྔ་རེ་གང་འདོད་ལྟར་ཟུར་ནས་སྦྱར་སྲོལ་ཡོད་པས་‘‘འཕྱོང་ལྔ་’’ཞེས་གྲགས་སོ།། དེ་ལྟར་བོན་སྐོར་དེ་དག་ལ་‘འཕྱོང་’ཞེས་པའི་ཐ་སྙད་འདི་བཏགས་པའི་མིང་དོན་གྱི་འབྲེལ་བ་ལ་བརྟག་ཅིང་དཔྱད་ཚེ་སྔར་བཤད་ཟིན་པ་ལྟར་བོན་སྡེ་དེ་རྣམས་སྐབས་འཕྲལ་གྱི་དགོས་མཁོར་བསྟུན་ལོགས་སམ་ཟུར་དུ་བཀོལ་བྱ་ཡིན་པས་དེ་སྐད་དུ་བཏགས་པར་འདུག་ན། ཚིག་གྲོགས་ཀྱི་གནས་སྐབས་ཀྱི་གོ་བ་ཉི་ཚེ་བ་དང་དོན་གྱི་འཇུག་པ་ཕྱོགས་རེ་བ་ལ་ལྟོས་ནས་འགྲེལ་བ་ལྟ་བུ་མ་ཡིན་པ་མིང་ཚིག་འདི་ཉིད་ཀྱི་དོན་གྱི་བརྗོད་བྱའམ་གོ་དོན་ངོ་མ་ཐད་དུ་དྲངས་པ་ནི་‘གུད་’དམ་‘ལོགས་’སམ་‘ཟུར་’བྱ་བའི་དོན་ཡིན་པ་ནི་གོང་དུ་དཔྱད་ཅིང་འཇུག་ཟིན་པ་ལས་ཤེས་སོ།།

ཡང་‘འཕྱོང་’གི་ཐ་སྙད་འདི་ལ་ཡང་བརྡ་སྤྲོད་རེ་འགའི་ནང་‘འཕྱོང་ངམ་མཆོང་’31 ཞེས་འབྲི་ཚུལ་འདི་གཉིས་ཁྱད་མེད་དམ་གདམ་བསྲེལ་ལྟར་མཛད་ཡོད་ལ། དེ་ཡང་‘འཕྱོང་’འདི་ཅན་གྱི་འཇུག་དོན་ལ་‘མཆོང་’འདི་འབྲི་ན་ཕར་ཆེར་འཐད་པར་སྣང་སྟེ། <<བསེན་ཐུབ་ཀྱི་རྒྱུད་>>32དང་དེའི་འགྲེལ་<<ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>33དང་<<ཨ་དཀར་ཐེག་པའི་མདོ་>>34དེ་དག་གི་ནང་དུ་གོང་གསལ་གྱི་ཆ་ལག་དགུའམ་ལས་མཐའ་དགུ་པོ་འཆད་པའི་སྐབས་རྣམས་ལ་‘མཆོང་’གི་འབྲི་ཚུལ་འདི་ཉིད་བཀོལ་ནས་བྲིས་ཡོད་ལ། ཡང་<<<སྲས་རྒྱུད་གསང་འདུས་ཀྱི་རྒྱུད་>>ཀྱི་35ནང་དུ་ལས་མཐའ་དགུ་ཡི་སྐབས་སུ་‘མཆོང་’ངམ་‘འཕྱོང་’གི་འབྲི་ཚུལ་འདི་གཉིས་ཅི་རིགས་སུ་གསལ། ཡང་<<ཕ་རྒྱུད་རིག་པ་ཁུ་བྱུག་གི་རྒྱུད་>>ཀྱི་36ནང་དུ་ལས་མཐའ་འཕྱོང་བཞི་བསྟན་སྐབས་རྣམས་སུའང་‘མཆོང་’ངམ་‘འཕྱོང་’འབྲི་ཚུལ་གཉིས་པོའང་ཅི་རིགས་སུ་བྲིས་བཀོལ་མཛད་འདུག་པས་ངེས་པ་འདྲེན་ནུས་སོ།། འོ་ན་འབྲི་ཚུལ་འདི་གཉིས་ཀྱི་འཇུག་དོན་ལ་ཁྱད་མེད་དམ་ཞེ་ན། ‘མཆོང་’འདིའི་འཇུག་པ་ཐམས་ཅད་ལ་‘འཕྱོང་’འདི་འབྲི་བ་མིན་པ་སྟེ། མཆོང་རྒྱུག་དང་རིན་ཆེན་མཆོང་བཅས་ལ་འབྲི་སྲོལ་‘འཕྱོང་’འདིས་མི་འཇུག་པ་རིག་པར་བྱའོ།།

 

མཆན་འགྲེལ།

1 སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་པ། <<མདོ་དྲི་མེད་གཟི་བརྗིད་ལས་ཐེག་པ་བདུན་པ་ཨ་དཀར་ཐེག་པའི་མདོ་>> ( ༢༠༠༠) ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དཔར་ཐེངས་དང་པོ་ཅན། དེབ་འཕྲེང་། (༤) ཤོག་ངོས་(༩༧)ལས་གསལ། ‘‘གསུམ་པ་ལས་མཐའ་བསྒྱུར་བ་ལ། ལས་ཀྱི་མཐའ་མ་མཆོང་ཆེན་དགུ། ཐེག་པ་དགུ་ཡི་དོན་དང་སྦྱར།’’ཞེས་སོ།།

2 <<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>> འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད། (༢༠༠༤) ལོའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ་ཅན། དེབ་འཕྲེང་། (༨) ཤོག་ངོས་(༡༠༥)ལས་གསལ། <<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་དང་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཞེས་པའི་དཔེ་དེབ་ནང་དུ་བསྡུས་ཡོད།

3 བཀའ་འགྱུར། <<གསང་བ་སྔགས་ཀྱི་རྒྱལ་པོ་ཕ་རྒྱུད་རིག་པ་ཁུ་བྱུག་གསང་མཆོག་མཐར་ཐུག་རྒྱལ་པོ་རྩ་བའི་རྒྱུད་>> དཔེ་གཟུགས་ཅན་ཤོག་ངོས་(༦༨)ལས་གསལ། ‘‘ལས་ཀྱི་འཕྱོང་ཆེན་ཇི་ལྟར་བསྒྲུབ།’’ཅེས་སོ།།

4 གོང་མཚུངས། <<གསང་བ་སྔགས་ཀྱི་རྒྱལ་པོ་ཕ་རྒྱུད་རིག་པ་ཁུ་བྱུག་གསང་མཆོག་མཐར་ཐུག་རྒྱལ་པོ་རྩ་བའི་རྒྱུད་>> ཤོག་ངོས་(༡༢༦)ལས་གསལ། ‘‘ཐ་མ་ལས་ཀྱི་འཕྱོང་བཞི་ལ། བསྲུང་བཟློག་བསད་གསུམ་ལས་སྦྱོར་བཞི། ཐོག་མར་བསྲུང་བའི་ཏན་ཏྲ་འཕྱོང་།’’ཞེས་སོགས་གསུངས་སོ།། ཡང་ན་དེའི་ཤོག་ངོས་(༦༧)ལས་གསལ་བ་ལྟར། ‘‘ལས་ཀྱི་མཐའ་བསྒྱུར་མཆོང་བཞི་ནི། གཡུང་དྲུང་གུར་ཁང་བསྲུང་བའི་མཆོང་། མེ་དཔུང་འཁོར་ལོ་བཟློག་པའི་མཆོང་། ཡེ་ཤེས་མཚོན་ཆ་གསོད་པའི་མཆོང་། འཁོར་བ་གཏན་འཇོམས་སྦྱིན་བསྲེག་མཆོང་།’’ཞེས་པ་ལྟར་རོ།།

5 བཀའ་བརྟེན། མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན། ཞང་བོད་སོགས་ཀྱི་བོན་གཤེན་རིག་འཛིན་རྣམས་ཀྱིས་བཀའ་བགྲོས་ནས་མཛད་པར་ལགས་སོ།། (༢༠༡༥) ལོའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ་དཔར་ཐེངས་དང་པོ། དེབ་གཟུགས་ཤོག་ངོས་(༤༦)ལས་གསལ།།

6 <<སྐྱོབས་མཛད་བྱམས་མ་ཆེན་མོའི་བཟློག་པའི་ཤམ་བསྒྱུར་འཕྱོང་ལྔ་>> འོར་སྒོམ་གྱི་གཏེར་མ། དཔེ་གཟུགས་ཤོག་ངོས་(༡༠༦༦)ལས་གསལ། རྨ་ཚ་རིན་ཆེན་རྒྱལ་མཚན་གྱིས་རྒྱལ་ས་ལྡི་ལི་ནས་དཔར་དུ་བསྐྲུན་པའི་<<ཀུན་གསལ་བྱམས་མའི་སྒྲུབ་སྐོར་གྱི་གསུང་པོད་>> ཅེས་པའི་ནང་དུ་བསྡུས་ཡོད།

7 <<བྱམས་མ་སྔགས་ལུགས་ཉེ་བར་མཁོ་བའི་ཤོག་ཆུང་ངམ་ཕྱག་བཞེས་ལེའུ་>> ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་དོ།། དཔེ་གཟུགས་ཅན་ཤོག་ངོས་(༥༧༦ནས་༥༧༧)ལས་གསལ། གོང་མཚུངས་<<ཀུན་གསལ་བྱམས་མའི་སྒྲུབ་སྐོར་གྱི་གསུང་པོད་>>ཅེས་པའི་ནང་དུ་བསྡུས་ཡོད།

8 <<བྱང་སེམས་གབ་པ་དགུ་སྐོར་གྱི་དགོངས་པ་བཀྲོལ་བའི་འགྲེལ་བཞི་རིག་པའི་རྒྱ་མཚོ་>> དྲན་པ་ནམ་མཁས་མཛད། (༢༠༡༡) ལོར་ཝཱ་ཎ་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་དཔར་མ། དེབ་གཟུགས་ཤོག་ངོས་(༣༠༨)ལས་གསལ། ‘‘འདི་ནས་མར་ལ་མཐར་ཐུག་ཐེག་པ་ཆེན་པོའི་ལྟ་བ་བསྟན་ཏེ། ཐེག་པ་འོག་མ་བ་རྣམས་ལས་འཕྱོང་བཅད་ནས།’’ཞེས་པར་ཐེག་ཆེན་གྱི་ལྟ་བ་ནི་འོག་མའི་ལྟ་བ་ལས་ལོགས་སམ་ཟུར་དུ་ཁྱད་པར་འདོན་པའི་དོན་ནོ།།

9 <<བོད་རྒྱ་ཚིག་མཛོད་ཆེན་མོ་>> (༡༩༨༥) ལོའི་མི་རིགས་དཔེ་སྐྲུན་ཁང་གི་དཔར་མ་ཅན། དེབ་གཟུགས་ཤོག་ངོས་(༡༧༩༠)ལས་གསལ།

10 <<དག་ཡིག་གསར་བསྒྲིགས་>> (༡༩༩༤) ལོའི་དཔར་མ། དེབ་གཟུགས་ཤོག་ངོས་(༥༡༡)ལས་གསལ།

[1]1 (༡༩༩༩) ལོར་ཀུན་གྲོལ་ལྷ་སྲས་ཀྱིས་དཔར་དུ་བསྐྲུན་པའི་བཀའ་འགྱུར་གྱི་པོད་གྲངས། (༡༥༠) དཔེ་གཟུགས་ཤོག་ངོས་(༡)ལས་གསལ།

[1]2 གོང་མཚུངས། བཀའ་འགྱུར་གྱི་པོད་གྲངས། ༡༥༠ དཔེ་གཟུགས་ཤོག་ངོས་༡༩ལས་གསལ།

[1]3 གོང་མཚུངས། བཀའ་འགྱུར་གྱི་པོད་གྲངས། ༡༥༠དཔེ་གཟུགས་ཤོག་ངོས་༧༥ལས་གསལ།

[1]4 གོང་མཚུངས། བཀའ་འགྱུར་གྱི་པོད་གྲངས། ༡༥༠དཔེ་གཟུགས་ཤོག་ངོས་༡༣༩ལས་གསལ།

[1]5 གོང་མཚུངས། བཀའ་འགྱུར་གྱི་པོད་གྲངས། ༡༥༠དཔེ་གཟུགས་ཤོག་ངོས་༡༨༡ལས་གསལ།

[1]6 གོང་མཚུངས། བཀའ་འགྱུར་གྱི་པོད་གྲངས། ༡༥༠དཔེ་གཟུགས་ཤོག་ངོས་༢༢༩ལས་གསལ།

[1]7 གོང་མཚུངས། བཀའ་འགྱུར་གྱི་པོད་གྲངས། ༡༥༠དཔེ་གཟུགས་ཤོག་ངོས་༢༦༩ལས་གསལ།

[1]8 གོང་མཚུངས། བཀའ་འགྱུར་གྱི་པོད་གྲངས། ༡༥༠དཔེ་གཟུགས་ཤོག་ངོས་༣༣༩ལས་གསལ།

[1]9 གོང་མཚུངས། བཀའ་འགྱུར་གྱི་པོད་གྲངས། ༡༥༠དཔེ་གཟུགས་ཤོག་ངོས་༣༥༩ལས་གསལ།

20 སྟོན་པ་འཆི་མེད་གཙུག་ཕུད་ཀྱི་བཀའ། <<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་>> (༡༩༩༩) ལོར་ཀུན་གྲོལ་ལྷ་སྲས་ཀྱིས་དཔར་དུ་བསྐྲུན་པའི་བཀའ་འགྱུར་གྱི་པོད་གྲངས། (༡༤༦) དཔེ་གཟུགས་ཤོག་ངོས་(༣༧༨ནས་༣༩༢)བར་རྣམས་ལས་གསལ།

21 གོང་མཚུངས། <<གསང་བ་སྔགས་ཀྱི་རྒྱལ་པོ་ཕ་རྒྱུད་རིག་པ་ཁུ་བྱུག་གསང་མཆོག་མཐར་ཐུག་རྒྱལ་པོ་རྩ་བའི་རྒྱུད་>> ཤོག་ངོས་(༦༧)ལས་གསལ།

22 ༢༠༡༥ལོའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། དཔར་ཐེངས་དང་པོ། <<ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་>> སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད། དེབ་འཕྲེང་། (༥༢) ཤོག་ངོས་(༡༢༥)ལས་གསལ། ‘‘ཁྲོ་བོ་དབང་ཆེན་དེའི་བསྙེན་སྒྲུབ་ལས་གསུམ་ལ་འདོད་ལུགས་ལ་བཞི་སྟེ། བལ་པོའི་ལུགས་ཀྱི་གཡའ་མ་དམར་པོའི་གཏེར་དང་། འགུ་རུའི་ལུགས་ཀྱི་དུང་ཕོར་གཏེར་དང་། རྨ་དང་། སྤ་དྲོའི་གཏེར་མ་གཟིགས་པར་བླ་(མ་) གོང་མ་རྣམས་ཀྱིས་བཞེད་པའོ།།’’ཞེས་སོ།།

23 བལ་པོའི་ལུགས་ཀྱི་གཡའ་མ་དམར་པོའི་གཏེར་དང་། འགུ་རུའི་ལུགས་ཀྱི་དུང་ཕོར་མའི་གཏེར་དང་། རྨ་ཡི་གཏེར་བཅས་ལ་བསྙེན་པ་དགུ། སྒྲུབ་པ་བཅོ་བརྒྱད། ལས་མཐའ་དགུ་བཅས་བསྙེན་སྒྲུབ་ཡན་ལག་སོ་དྲུག་ཏུ་གྲངས་འདྲེན་ཙམ་ལ་འདྲ་ཡང་དེ་དག་གི་ནང་དོན་རྣམས་མི་འདྲ་བ་ཡིན་ནོ།། སྤ་དྲོའི་གཏེར་ལ་འགྲེལ་ཆེ་ཆུང་གཉིས་ལས། འགྲེལ་ཆུང་གི་ལུགས་ལ་ཕྱི་ནང་གསང་གསུམ་རེ་རེ་ལ་བསྙེན་སྒྲུབ་ལས་གསུམ་རེ་སྟེ། བསྙེན་པ་དགུ། སྒྲུབ་པ་བཅོ་བརྒྱད། ལས་མཐའ་གསུམ་སྟེ། བསྙེན་སྒྲུབ་ཡན་ལག་སུམ་ཅུ་རུ་བཤད་དོ།། ཡང་འགྲེལ་ཆེན་ལུགས་ལ། བསྙེན་པ་ལ་རིང་བསྙེན་དགུ། ཉེ་བསྙེན་དགུ། སྒྲུབ་པ་ལ་རིང་སྒྲུབ་དགུ། ཉེ་སྒྲུབ་དགུ། ལས་མཐའ་དགུ་བཅས་བསྙེན་སྒྲུབ་ཡན་ལག་བཞི་བཅུ་ཞེ་ལྔར་བཤད་དོ།། དེ་ཡང་གོང་མཚུངས། <<ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་>> ཤོག་ངོས་(༡༢༦ནས་༡༢༩)ལས་གསལ།

24 གོང་མཚུངས། <<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་>> ཤོག་ངོས་(༣༡༣)ལས། ‘‘བསྙེན་པའི་གཞི་མ་སྒོ་དགུ་དང་། བསྒྲུབ་པའི་ཡན་ལག་བཅོ་བརྒྱད་དང་། ལས་ཀྱི་མཐའ་བསྒྱུར་མཆོང་ཆེན་དགུ།’’ཞེས་སོ།།

25 གོང་མཚུངས། <<མདོ་དྲི་མེད་གཟི་བརྗིད་ལས་ཐེག་པ་བདུན་པ་ཨ་དཀར་ཐེག་པའི་མདོ་>> ཤོག་ངོས་(༤༨)ལས་གསལ། ‘‘ཐོག་མར་བསྙེན་པའི་རིམ་པ་ལ། བསྙེན་པའི་གཞི་མ་སྒོ་དགུ་དང་། གཉིས་པ་སྒྲུབ་པའི་རིམ་པ་ལ། སྒྲུབ་པའི་ཡན་ལག་བཅོ་བརྒྱད་དང་། ཐ་མ་ལས་ཀྱི་མཐའ་བསྒྱུར་ནས། གཞུང་ལས་གུད་ཀྱི་མཆོང་དགུ་སྟེ། ཡན་ལག་སུམ་ཅུ་རྩ་དྲུག་གིས། བསྙེན་སྒྲུབ་ལས་གསུམ་གོ་རིམ་དབྱེ།’’ཞེས་སོ།།

26 གོང་མཚུངས། མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན། ཤོག་ངོས་(༩༧)ལས་གསལ།།

27 གོང་མཚུངས། <<མདོ་དྲི་མེད་གཟི་བརྗིད་ལས་ཐེག་པ་བདུན་པ་ཨ་དཀར་ཐེག་པའི་མདོ་>> ཤོག་ངོས་(༤༨)ལས་གསལ།

28 <<མ་ཧཱ་པཎྜི་ཏ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་ཕྱོགས་བསྒྲིགས་>> (༢༠༠༩) ལོའི་མི་རིགས་དཔེ་སྐྲུན་ཁང་གི་དཔར་ཐེངས་དང་པོ། དེབ་གཟུགས་ཤོག་ངོས་(༡༩༥)ལས་གསལ། ‘‘དེའང་བོན་ནི་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབ་ཉིད་རྒྱལ་པོའི་ཚུལ་དུ་བཞུགས་པའི་ཚེ་རྒྱུའི་བོན་གཙོ་བོར་བྱས་ནས་གསུངས། རབ་ཏུ་བྱུང་ནས་འབྲས་བུའི་བོན་གཙོ་བོར་བྱས་ནས་གསུངས་པ་སྟེ། སྤྱིར་སྟོན་པས་རྫོགས་ཆེན་མན་ཆད་བོན་སྡེ་ཐམས་ཅད་གསུངས་ཀྱང་། ཕྱི་འདུལ་བ་ལ་བརྟེན་ནས་གདུལ་བྱ་འདུལ་བ་ཤས་ཆེ་བས་ཕྱི་རྒྱུད་སྤྲུལ་སྐུའི་སྟོན་པ་ཞེས་སུ་བཞག་ལ། འདུལ་བའི་སྐོར་རྒྱ་ཆེར་བསྟན་ཡང་གསང་སྔགས་ཀྱི་ཡན་ལག་ཏུ་གསུངས་པས་ཅུང་སྔགས་དང་འདྲེས་ཤིང་འདུལ་བ་ལའང་ཕྱི་རྒྱུད་ཅེས་པའི་བརྡ་མཛད་པས་སྔགས་དང་མ་འབྲེལ་བའི་ཉན་ཐོས་ལུགས་ཀྱི་སོ་ཐར་རྐྱང་པ་དར་བ་ལྟ་བུ་ཞིག་བོན་ལུགས་ལ་མེད་པར་སྣང་ངོ་།།’’ཞེས་པས་སོ།།

29 <<སྐྱོབས་མཛད་བྱམས་མ་ཆེན་མོའི་བཟློག་པའི་ཤམ་བསྒྱུར་འཕྱོང་ལྔ་>> འོར་སྒོམ་གྱི་གཏེར་མ། དཔེ་གཟུགས་ཤོག་ངོས་(༡༠༦༥)ལས་གསལ། རྨ་ཚ་རིན་ཆེན་རྒྱལ་མཚན་གྱིས་རྒྱལ་ས་ལྡི་ལི་ནས་དཔར་དུ་བསྐྲུན་པའི་<<ཀུན་གསལ་བྱམས་མའི་སྒྲུབ་སྐོར་གྱི་གསུང་པོད་>> ཅེས་པའི་ནང་དུ་བསྡུས་ཡོད།

30 དེ་ཡང་འཕྱོང་ལྔའི་ལས་ཆོག་གི་བཟློག་བྱའི་མི་མཐུན་ཕྱོགས་སུ་གྲངས་བགྲངས་པ་ནི་གོང་གསལ་<<སྐྱོབས་མཛད་བྱམས་མ་ཆེན་མོའི་བཟློག་པའི་ཤམ་བསྒྱུར་འཕྱོང་ལྔ་>> ལས་གསུངས་ཚུལ་ལྟར་བཀོད་པའོ།། གཞན་ཡང་<<སྤྱི་རྒྱུག་མདོས་ཀྱི་མཆོང་ལྔ་ཤོག་ཆུང་>> དཔེ་གཟུགས་ཤོག་ངོས་(༧༨༣ནས་༧༨༤)ལས་གསལ། དགྲ་དང་། བྱད། གདོན། ཡམས། ཐན་དང་བཅས་ལྔ་ལ་བཤད་དོ།། གཤེན་རབ་རྣམ་པར་རྒྱལ་བའི་སྒྲུབ་སྐོར་ནང་དུ་བསྡུས་ཡོད།

31 <<གངས་ཅན་བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་དགོས་འབྱུང་ནོར་བུའི་གཏེར་ཆེན་>> ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེས་མཛད། (༢༠༠༤) ལོའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། དེབ་འཕྲེང་། (༡) ཤོག་ངོས་(༨༨)ལས་གསལ།

32 གོང་མཚུངས། <<རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>> ཤོག་ངོས་(༡༠༥་དང་༢༦༧དང་༤༦༡ནས་༤༨༦)བར་རྣམས་སུ་གཟིགས་པས་ཤེས་སོ།།

33 གོང་མཚུངས། <<རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>> ཤོག་ངོས་(༡༦༧ནས་༢༨༧)བར་ན་གསལ།

34 གོང་མཚུངས། <<མདོ་དྲི་མེད་གཟི་བརྗིད་ལས་ཐེག་པ་བདུན་པ་ཨ་དཀར་ཐེག་པའི་མདོ་>> ཤོག་ངོས་(༤༩དང་༩༧ནས་༡༠༥)བར་རྣམས་ལ་གཟིགས་པས་གསལ་ལོ།།

35 གོང་མཚུངས། <<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་>> ཤོག་ངོས་(༣༧༨ནས་༣༩༢)བར་རྣམས་ལས་གསལ།

36 གོང་མཚུངས། <<གསང་བ་སྔགས་ཀྱི་རྒྱལ་པོ་ཕ་རྒྱུད་རིག་པ་ཁུ་བྱུག་གསང་མཆོག་མཐར་ཐུག་རྒྱལ་པོ་རྩ་བའི་རྒྱུད་>> ཤོག་ངོས་(༦༦་ནས་༦༨་དང་༡༢༦)རྣམས་ལས་གསལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།