མཚོ་སྔོན་གཏེར་ལམ་རྫོང་གི“ཚ་འདམ་ཤེའུ་བང་སོ་ཨང་བཅུ་པའི”ཤིང་ཁྲམ་བཅུ་གཅིག་ལ་དཔྱད་པ།

[ཟླ་ཚེས། 2013-11-24 12:10:52][རྩོམ་པ་པོ། ནག་རུ་བཀྲ་སྐྱབས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

untitled.jpg

      ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཚ་འདམ་གཞོངས་ཏེ་ད་ལྟའི་སྲིད་འཛིན་ས་ཁུལ་ལྟར་ན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལམ་རྫོང་གི་ཐུ་བྷོད་བང་སོའི་ཚོགས་ལས་༡༩༨༥ལོར་སྔོག་པའི“ཤེའུ་བང་སོ་བཅུ་པ”ལས་ཐོན་པའི་ཤིང་གི་ཁྲམ་བྱང་བཅུ་གཅིག་དང་། དེ་དག་ལས་བསྟན་པའི་ཟ་འོག་དར་གོས་སྐོར་གྱི་བརྡ་རྙིང་དག་བོད་ཀྱི་ལོ་རྒྱུས་ལ་གཞི་བཅོལ་ཏེ་སྐད་ཡིག་གི་འགྱུར་རིམ་དང་། དུར་སྲོལ། ཆ་ལུགས་འཚོ་ཚིས་སོགས་ཀྱིས་ཟུར་བརྒྱན་ནས་དཀྲོལ་བའོ།།
      བརྡ་ཆད་གཙོ་བོ། ཤིང་ཁྲམ། ཤིང་ཁྲམ་བཅུ་གཅིག གྱོན་གོས་ཆ་ལུགས། དུར་སྲོལ།

      འདིར་རྒྱལ་ནང་གི་བོད་རིག་པ་ཞིབ་འཇུག་མཁས་ཅན་སྐུ་ཞབས་དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་《བོད་ལྗོངས་ཞིབ་འཇུག》[1]ཏུ《མཚོ་སྔོན་ཐུ་བྷོད་ཁྲམ་ཡིག་གསལ་འགྲེལ》ཞེས་པ་ཞིག་བཀོད་པས།ཤེའུ་བང་སོའི་ཚོགས་ལ་དཔང་རྟེན་བསྣན་ཞིང་། གཏེར་ལམ་རྫོང་ཤེའུ་བང་སོ་ལས་སྔོག་པའི་བོད་ཡིག་གི་ཤིང་ཁྲམ་དང་རྡོ་རིང་། དར་ཡིག དར་གོས། རྫ་ཆས་སོགས་ཀྱིས་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་རིག་གནས་དང་དམངས་སྲོལ་མཚོན་པ་སྨྲས་ཅི། བོད་ཀྱི་རུས་རྙིང་འ་ཞ་དང་འབྲེལ་བའི་ལོ་རྒྱུས་ལའང་རྟགས་ཐམ་བརྒྱབ་པ་ལྟ་བུའི་དཔང་ཡིག་ཤིང་ཁྲམ་ཁུངས་བཙུན་དུ་བསྒྲགས་ཤིང་ཁྲམ་ཡིག་འདིའི་སྐོར་ལ་ཞིབ་འཇུག་གི་དབུ་ཁྱུད་ལྟ་བུ་ཞིག་བྲིས་པར་བཀའ་དྲིན་ཞུ་འོས་ལ། ལྷག་པར་དུ་ཚ་འདམ་བང་སོ་ལས་ཐོན་པའི་རྡོ་རིང་དང་ཁྲམ་ཤིང་། དར་གོས་སོགས་དུར་རྫས་མང་པོ་ཞིག་དུར་རྐུན་དང་ཞིབ་འཇུག་པ་ཆེ་གེ་མོས་བང་མཛོད་དུ་ཉར་ནས་མཐོང་རེ་དཀོན། ཡིན་ཡང་ཁོང་གཉིས་ཀྱིས་ཤིང་ཁྲམ་དེ་དག་གི་གསལ་འགྲེལ་ལའང་ཞིབ་མོ་རྣམ་འཐག་གིས་བརྟག་ཅིང་དཔྱད་ན་ད་དུང་ཡང་འཐུས་ཤོར་བའི་ཆ་མང་ཙམ་མཐོང་སྟེ། དཔེར་ན་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་[2]དག་བཤེར་བྱས་པ་ལས་ཀྱང་ཕབ་ནོར་འབྱུང་སྲིད་པའི་ངེས་ཤེས་འདྲོངས། དེའང་བོད་ཀྱི་ལོ་རྒྱུས་གཞིར་བྱས་རུས་རྒྱུད་ཚོ་ཤོག་དང་གནའ་བོའི་ཚོང་ལམ། ཁྱིམ་ཐབས་འཚོ་ཚིས། ཆ་ལུགས་གོན་པ་སོགས་ལ་རྒྱུས་མངའ་མེད་པའི་ཆ་མཐོང་བ་དང་གཅིག ཤིང་ཁྲམ་བཅུ་གཅིག་གི་མ་ཡིག་ཇི་བཞིན་དུ་ད་ལྟའི་ཡི་གེར་ཕབ་པར་ཚེག་དབྱངས་དང་ཡིག་འབྲུ་ཁ་ཤས་འོལ་ཚོད་དུ་ཕབ་པའམ་ཕབ་ནོར་བྱུང་བར་རིགས་པ་དང་གཉིས། ཤིང་ཁྲམ་གྱི་བརྡ་དཀྲོལ་བར་བསྡུས་འགྲེལ་དང་ཡང་ན་གོ་ལོག་ཏུ་སྡེབ་པ། བོད་ཀྱི་ལོ་རྒྱུས་དང་བརྡ་རྙིང་ལ་ཁུངས་བཅོལ་མེད་པའི་ཆ་མཐོང་བ་དང་གསུམ་བཅས་རྒྱུ་རྐྱེན་འདི་དག་གིས་དཔྱད་རྩོམ་འདི་འབྲི་བའི་སྤོབས་པ་དང་ཀུན་སློང་ངང་གིས་རྒྱས་ཤིང་། ཤིང་ཁྲམ་ལ་བཀོད་པའི་བརྡ་དོན་རྣམས་དཔྱོད་ལྡན་ཀུན་གྱི་སྤྱན་སྔར་གྲོས་སུ་འདེབས་པའི་གཏམ་གྱི་ཚུལ་དུ་འཆད་པར་སྤྲོའོ།།

གཅིག ཤིང་ཁྲམ་གྱི་གོ་དོན་དང་འབྲེལ་ནས་ཡུལ་དུས་གླེང་བ།

      ཐོག་མར་ཤིང་ཁྲམ་མམ་ཁྲམ་ཤིང་རྙེད་པའི་ལོ་རྒྱུས་རྒྱབ་ལྗོངས་ཙམ་ཟུར་དུ་གླེང་ན།ལི་ཡུལ་ལམ་ལྷོ་བལ་ཏེ་ཤིན་ཅང་ནོབ་ཆུང་གི་བྱེ་མའི་གསེབ་ནས་རྙེད་པའི་བོད་ཡིག་གི་ཤིང་ཁྲམ་ཡིག་ཚགས་དང་འབྲེལ་ནས་གླེང་དགོས་ཏེ།དེ་གར་བོད་ཀྱི་རྟ་ཟམ་བཙུགས་ཚུལ་དང་ཁྲིམས་དང་ཁྲལ་བསྡུས་ཚུལ། འབངས་རྒོད་གཡུང་གཉིས་ལ་གཡུལ་ངོ་ཟློགས་ནས་ཞོད་འཇགས་སུ་བཏང་ཚུལ། ཞིང་གི་དོར་ཁ་སྡེབ་ཚུལ་སོགས་སྐབས་དེའི་སྲིད་དོན་རྣམས་ཤིང་གི་བྱང་བུ་ལ་བཀོད་པས་ལི་ཡུལ་གྱི་ཁྲམ་ཡིག་དེ་ཡོངས་སུ་གྲགས། ༡༩༠༧ལོ་ནས་སྔ་ཕྱི་གཉིས་ལ་རྒྱལ་ཁོངས་དབྱིན་ཇི་ཡིན་པའི་ཧང་ག་རི་པ་ཨོ་རོལ་སེ་ཐན་《Aurel stein1862-1943》[3]ཞེས་པའི་ཆེད་ལས་གཉན་དཔྱད་རུ་ཁག་ཅིག་ཡོང་ནས་ཤིན་ཅང་ནོབ་ཆུང་རྫོང་མུ་རན་བོད་མིའི་མཁར་ཤུལ་ནས་དུར་རྫས་དང་ཁྲམ་བྱང་བཅས་ཅ་ལག་མང་པོ་ལག་སོན་བྱུང་ཞིང་། དེའི་ཁྲོད་ཤིང་ཁྲམ་ངོ་གྲངས398ལྷག་རྙེད་པ་དང་། ༡༩༡༤ལོར་སི་ཐན་ཐེངས་གཉིས་པར་སླེབས་སྐབས་ཡིག་རིགས་ཤོག་དྲིལ་༦༠༠སྟེ་སྒམ་༥བྱུང་བ་དག་དེང་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང(british Library)དང་ཏ་མིང་དངོས་མང་བཤམས་སྟོན་ཁང དུ་ཉར་ཚགས་བྱས་ཡོད་འདུག
      འོ་ན་ཅི་ཞིག་ལ་ཁྲམ་ཡིག་དང་ཤིང་ཁྲམ་ཟེར་རམ་ཞེ་ན། ཁྲམ་ཤིང་ནི་རྩིས་ཀྱི་ཁྲམ་ཤིང་སྟེ། 《སྨོན་ལམ་ཚིག་མཛོད》[4]དུ“ཁྲམ་ནི་རྩིས་ཀྱི་ཁྲམ་ཁ་སོགས་རི་མོའི་བྱེ་བྲག་ཅིག”དེའང་ནམ་མཁའ་ནོར་བུའི《ཞང་བོད་ལོ་རྒྱུས་ཏི་སེའི་འོད》དུ། “ཤིང་བྱང་ལ་བརྟེན་པའི་ཆོ་ལོ་རྣམས་ཀྱིས་མཚོན་པའི་མོའི་རིགས་མི་འདྲ་བ་དུ་མ་ཞིག་བྱུང་།”[5]ཞེས་གསལ། དེའང་ཐོག་མར་རི་མོའི་རྣམ་པ་ལས་འཕེལ་རྒྱས་བྱུང་ཞིང་ཕྱིས་སུ་སྲིད་དོན་དང་རྩིས་ཁྲ། དམག་དོན་སོགས་འགོད་སའི་ཤིང་བྱང་ཞིག་སྟེ། དུང་དཀར་ཚང་གིས“བྱང་ཁྲམ་ནི་ཤིང་ལེབ་ལས་བཟོས་པའི་བྱང་བུ་ས་ཆའི་མིང་དང་གྲོང་བའི་མིང་འཁོད་པ་ཆུང་ངུ་ཞིག་གི་རྩེར་བུག་ག་ཡོད་པ།ཐག་པའམ་སྐུད་པ་ལ་བརྒྱུས་ནས་ཕན་ཚུན་འཐེན་ཆོག་པ་ཞིག་ལ་ཟེར།”[6]ཞེས་གསུངས་པ་དག་ལས་ཤེས་དགོས་སོ།།
      དེའང་བོད་ཀྱི་ཁྲམ་ཤིང་ཡིག་ཚགས་ནི་དུས་རབས་བདུན་པ་ནས་སྤྱི་ཚོགས་ཐོག་ཡོངས་ཁྱབ་ཏུ་དར་བའི་གནའ་རབས་ཡིག་ཚགས་རིགས་ཤིག་ཡིན་ཞིང་། ཏུན་ཧོང་དང་ལི་ཡུལ་ནས་ཐོན་པའི་གནའ་བོའི་བོད་ཡིག་གི་ཤོག་དྲིལ་དང་ཁྲམ་ཡིག་ནང་། སྲིད་གཞུང་མི་སྣས་སྲིད་དོན་ཁྲམ་དུ་བཏབ་པ་དང་ཁྲམ་རྩིས་བགྱིས་པའི་སྲིད་དོན་སྐོར་འཁོད་པ་མང་ལ། དེའང་ཁྲམ་ཡིག་འགོད་མཁན་ལ་ཏུན་ཧོང་ཡིག་རྙིངPT1089ཡིག་ཕྲེང་43ལས། “ཆོས་ཀྱི་རྩིས་པ། ཁྲམ་པ། ས་མཁན་”[7]ཞེས་འབྱུང་བ་ལས་ངེས་ཤེས་འདྲོངས་སོ།།
      དེའང་ཁྲམ་དམར་པོ་བཏབ[8]ཞེས་པ་ནི་ཤིང་བྱང་དམར་པོའི་སྟེང་ལ་ཁྲམ་ཡིག་བཀོད་པར་ཟེར་ཞིང་།སྤྱིར་བཏང་གི་དམག་མིའི་དཔུང་རྟགས་ལ་ཁྲམ་སྐྱ་ཞེས། ཤིང་བྱང་དཀར་པོ་འདོགས་སྲོལ་ཡོད་པར་རིགས། དེ་ཡང་ཁྲམ་བཏབ་ཅེས་པ་ནི། ཤིང་བྱང་གི་ཐོག་ཏུ་དམག་སྒར་གྱི་སྡེ་ཚན་དང་། དམག་མིའི་མིང་བཅས་བརྐོས་ཡོད་པ་ཏུན་ཧོང་རྒྱ་ཡིག་མཆན་འགྲེལ་ལས་བཤད།
      དེ་ཡང་ཐོག་མར་༡༩༩༦ལོར་བཙན་པོའི་བང་སོ་ཆེ་ཆུང་སྟོང་ཕྲག་གཉིས་ལྷག་ཡོད་པར་བཤད་པའི་སའི་ཁྱབ་ཁོངས་ལ་གཞིགས་ན། རྫོང་ཁོངས་སུ་མཚོ་སྔོན་པོའི་ནུབ་ཕྱོགས་ཀྱི་ས་ཁུལ་སྐོར་ཞིག་དང་ཚ་འདམ་གཞོངས་ཀྱི་ཤར་ལྷོའི་ཁུལ་འདུས་ལ་མངའ་ཁོངས་སུ་ཆེ་ཆུང་མི་འདྲ་བའི་བང་སོ་སུམ་བརྒྱ་ལྷག་དང་དེ་ལས་རུ་སྔན་ཞང་གི་ཉེ་འགྲམ་གྱི་སྤྱི་ལེ་གཅིག་གི་ཆོད་པའི་མངའ་ཁོངས་སུ་བང་སོ་ཉིས་བརྒྱ་ལྷག་བྱུང་། རུ་སྔན་ནམ་ཆུ་ཁོལ་ཤང(热水乡)གི་ཤེའུ(血渭)རྩྭ་ཐང་ནས1999ལོའི་དབྱར་ཁར་པེ་ཅིན་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་རིག་དངོས་གནའ་རྫས་རྟོག་དཔྱོད་ཁང་གཉིས་མཉམ་འབྲེལ་བྱས་པའི་གནའ་རྫས་རྟོག་དཔྱོད་ཚན་ཆུང་ཞིག་སླེབས་ནས་དེ་གར་བོད་བཙན་པོའི་སྐབས་ཀྱི་བང་སོ་ཆེ་འབྲིང་བཞི་རྙེད་བྱུང༌།གཞན་ཡང་བུའུ་ལན(乌兰)རྫོང་ཁོངས་དང་མགོ་ལོག་རྨ་སྟོད་རྫོང་སོགས་སུ་བཙན་པོའི་བང་སོ་ཡོད་པས་འདི་དག་ཚང་མ་སྔ་དུས་སུ་ཙོང་ཁ་ཆེ་ཆུང་དུ་གཏོགས།འོ་ན་འདིར་རྒྱ་སྐད་དང་སོག་སྐད་དུ“都兰”ཞེས་འབོད་པ་དེང་སྐབས་བོད་སྐད་དུ་ཏུའུ་ལན་ནམ་གཏེར་ལམ།དུར་ལམ། ཡང་ན་ཙོང་ཁ་བདེ་བློན་སོགས་མཁས་པ་རེ་རེའི་བཞེད་པ་མི་མཐུན་པའི་ས་མིང་ཁ་ཤས་བྱུང་ཞིང་ཁོ་བོའི་འདིར་གནས་སྐབས་སུ་འབྲི་གུང་ཆེ་ཚང་གི《བོད་བཙན་པོའི་རྒྱལ་རབས》སུ་བདེ་བློན[9]ཞེས་འགྲེལ་པར་འཐད་དེ། བདེ་བློན་ཁམས་ཆེན་པོ་བྱ་བ་འདི་དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱི《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》བརྡ་རྙིང་ཡིག་ཆ་ལས“ཆབ་སྲྀད་ཆེ་སྟེ་ལོང་ཤན་ལ་རྒྱུད་ཡན་ཆད།།པྱག་དུ་བཞེས་ནས།མཐོང་ཁྱབ་ཁྲྀ་སྡེ་ལྔ་བཙུགས།བདེ་བློན་གམས་ཆེན་པོ་གཆིག་གསར་དུ་བསྐྱེདོ།”[10]ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་རྒྱའི་ཁམས་སུ་གཏོགས་པའི་ཡུལ་ལུང་ཤན་ལ་རྒྱུད་བཅོམ་སྟེ་ཆབ་འོག་ཏུ་བཅུག་རྗེས། དེར་མཐོང་ཁྱབ་ཁྲི་སྡེ་ལྔ་བཙུགས་ཏེ་བདེ་བློན་ཁམས་ཆེན་པོ་གཅིག་གསར་དུ་རྒྱ་བསྐྱེད་པར་རིགས། དེའང་བདེ་བློན་ནི་བདེ་བློན་གྱི་ཁམས་ཆེན་པོའི་དཔོན་གནས་མཐོ་ཤོས་ཤིག་ཡིན་ལ། ཐོམ་སི་ཡིས་འ་ཞ་དང་འབྲེལ་བའི་ཡིག་ཆ་རུ།“བཀའ་ལུང་མྱིང་གིས་སྩལ་ནས། བདག་ཅག་བུ་ཙ་ཁ་ཞིག་གཞོན་བ་དང་རྗེ་བླས་གྱིས་བསྐལ་པའི་སྐབསུ།བདེ་བློན་གིས་ཁྱེ་གཙུག་བསྐོསྟེ།” [11]ཞེས་པ་ལས་འ་ཞར་བདེ་བློན་གྱི་དཔོན་གནས་བསྐོས་ལུགས་གསལ་ཞིང་། འ་ཞ་ནི་བོད་ཀྱི་རུས་རྙིང་དུ་གཏོགས་ལ། འ་ཞའི་ཚོ་སྡེ་ནི་བོད་བཙན་པོའི་རྒྱལ་རབས་ཀྱིས་ཁབ་མཐའ་ཤར་བསྐྱེད་སྐབས་ཐོག་མར་ཆབ་འོག་ཏུ་བཅུག་པའི་ས་ཁུལ་ཡིན་པས། དེར་བདེ་བློན་ཡོད་ངེས་ཚེ་བདེ་བློན་གྱི་ཁམས་འདི་ཡང་བྱུང་ཡོད་པ་ཚོད་དཔག་བྱེད་ཐུབ་སྟེ། བྷོད་ཀྱིས་སྤྱི་ལོ༧༦༢ལོར་ལུང་ཤན་ལ་རྒྱུད་ཕབ་རྗེས། ཐང་རྒྱལ་རབས་ཀྱི་ལུང་ཡུག་ལམ(陇右道)དུ་བདེ་བློན་གཅིག་བསྐོས་ཏེ་བདག་གཉེར་བྱེད་དུ་བཅུག་པ་དང་ཐང་གིས་དེ་ལ“吐蕃东道节度使”ཞེས་འབོད་པ་དེ་ཡིན་ལ། གཞན་ཡང་རྨ་ཆུའི་ནུབ་རྒྱུད་ལམ་གྱི་ཀྭ་ཅུ་དང་ཤ་ཅུ།འཇང་། ལི་ཡུལ་སོགས་ཕབ་རྗེས་སྔར་རྗེས་སུ་བདེ་བློན་ལྔ་དང་བདེ་བློན་ཁམས་ཆེན་པོ་ལྔ། མཐོང་ཁྱབ་ཁྲི་སྡེ་ལྔ་ལྔར་ཕྱེས་ནས་ཉེར་ལྔ། གཞན་ཡང་ཀྭ་ཅུ་ཁྲོམ་ཆེན་པོ་དང་ཁྲི་བཤོས་ཁྲོམ་ཆེན་པོ་སོགས་ཁྲོམ་ཆེན་པོ་སྟེ་དམག་གི་སྒྲིག་གཞི་ཆེན་པོ་ལྔ་བཙུགས་ཚུལ་སྐོར་ལ《བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག》[12]དངའབྲི་གུང་སྐྱབས་མགོན་ཆེ་ཚང་གིས་སྒྲིག་རྩོམ་བྱས་པའི《བོད་བཙན་པོའི་རྒྱལ་རབས།》ཐོམ་སིའི《ཏུན་ཧོང་ནས་ཐོན་པའི་ནུབ་ལྗོངས་ཀྱི་བོད་གདོད་མའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ཡིག་ཆ།》[13]སོགས་སུ་ཞིབ་ཏུ་དཔྱད་ན་ཤེས་ལ། གཞན་ཡང་ཏུའུ་ལན་ཞེས་པའི་ས་མིང་འདིའི་སྒྲ་ཟུར་ནི་འ་ཞ་སྟོང་སྡེ་དྲུག་གནས་པའི་ས་དང་ཙོང་ཁ་བདེ་བློན་ཁམས་ཆེན་པོ་ཞིག་གསར་དུ་བསྐྱེད་པའི་ས་ཡིན་པར་ངེས་ཤེས་འདྲོངས་ནུས་པས་བདེ་བློན་ཞེས་པའི་སྒྲ་ཏུའུ་ལན་དུ་ཟུར་ཆགས་པར་འདོད། ཡིན་ཡང་ད་ལྟའི་གཏེར་ལམ་རྫོང་གི་སྲིད་འཛིན་ཁྱབ་ཁོངས་ཆུང་ངུ་ལས་ཤེའུ་བང་སོ་ཡོད་ས་ནི་སྐུ་ཞབས་དཔལ་རྡོ་ཐར་གྱིས་ཚ་འདམ་གཞོངས[14]ཟེར་བས་འཐུས། དེ་མིན་གོང་ནས་བཤད་པ་ལྟར་བཙན་པོའི་བང་སོའི་ཚོགས་འདི་ས་གནས་གཅིག་ཏུ་མ་ངེས་པས་འདིར་ཙོང་ཁ་ཆེ་ཆུང་གི་ཁོངས་ལས་བདེ་བློན་གྱི་ཁམས་ཆེན་པོའི་ཁྱབ་ཁོངས་སུ་གཏེར་ལམ་དང་བུའུ་ལན། རྨ་སྟོད་སོགས་ཀྱང་ངང་གིས་འདུ་བས་བཙན་པོ་བང་སོ་གང་སར་གནས་པའི་ཁྱབ་ཁོངས་འདི་སྔོན་དུས་སུ་ཙོང་ཁ་བདེ་བློན་ཁམས་ཆེན་པོར་གཏོགས་པ་མ་ཟད་གོང་དུ་ཞུས་པ་བཞིན་འ་ཞ་དབང་དུ་བསྡུས་རྗེས་མཐོང་ཁྱབ་དང་བདེ་བློན་གསར་དུ་བསྐྱེད་པ་ཡིན་པས་འཁྲུལ་བའི་ངེས་པ་མི་རྙེད་མོད། ལོ་རྒྱུས་ཀྱི་དུས་རིམ་ཁྲོད་ས་གནས་ཀྱི་ཁྱབ་ཁོངས་ལ་ཆེ་ཆུང་དང་ཡངས་དོག་གི་འགྱུར་བ་བྱུང་བར་རིགས་ལ་ཏུའུ་ལན་ཞེས་པའི་སྒྲ་ཟུར་ཆགས་ལ་དུར་ལམ་མམ་གཏེར་ལམ་སོགས་རྦད་དེ་ཁ་ཚོན་གཅོད་དཀའ་ཡང་གདོད་ནས་བདེ་བློན་ནམ་ཙོང་ཁ་བདེ་བློན་དུ་འགྲེལ་ན་སྒྲ་ཡངས་འཇུག་གི་ཆའང་ལྡན་པས་དཔྱད་པར་བྱའོ།།

གཉིས། ཤིང་ཁྲམ་བཅུ་གཅིག་གི་ཕབ་བཤུས་དངོས་ལ་དཔྱད་པ།
གཅིག ཕབ་བཤུས་དངོས་ལ་དཔྱད་པ།

01.jpg

      ཀ ༡ རྨ་གུར:པོ:ཆེའི:གོས:བུ:ཤི:ང:འོག་ 
      ༢ དར:ལྗང་ཀུ:དྔ:སྦྱར་མ: ། ཡས:གི
      ཁ ༡ སྟ: ནིག: གྱི :ཁྱུང་ཀོར:ཤལ་དམར:ཁྲག
      ༢ དྔ:རློགས :སག: ཏི :ནག་པོའི: ཡུ་རིངས: དྔ :སུཾ:
      ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི10.5དང་ཞེང་ལི་སྨི2 འཐུག་ཚད་ལ་ལི་སྨི0.2-0.3། གཡོན་འགྲམ་ན་ཨི་ཁུང་ཆུང་ཆུང་ཞིག་ཕུག་འདུག སྔ་རྒྱབ་གཉིས་སུ་ཡི་གེ་ཡོད་ལ། བོད་བཙན་པོའི་སྐབས་ཀྱི་གནའ་ཡིག་གི་ཁྱད་ཆོས་ཅུང་ལྡན། ༼༡༽
      ཀ༡ རྨ་ཞེས་པ་ནི་སྐུ་ཞབས་བང་ཡའོ་ཡིས་རྨ་ཆུ་ལ་གོ་དགོས་པར་དཀྲོལ་མོད། སྤྱིར་རྨ་འབྲི་ཟླ་གསུམ་ཞེས་བསྡུས་མིང་ལོགས་སུ་བགར་ན་རྨ་ཆུ་ལ་གོ་མོད། འདིར་ཕྱི་ཚིག་བླ་ཐབས་སུ་བསྣན་ཡོད་དེ་རྨ་གུར་པོ་ཆེ་ཞེས་པ་ལས་རྨ་ནི་བོད་ཀྱི་གདོང་རུས་རྨ་ལ་གོ་དགོས་པར་འདུག་སྟེ།《མཁས་པའི་དགའ་སྟོན》དུ“ཞང་ཞུང་ཡུལ་ན་ནི།རྒྱལ་པོ་ལེགས་སྙ་ཤུར།རྨ་དང་ར་སངས་བློན།” [15]གཞན་ཡང《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེར》“འབུམ་སྡེ་ཐམས་ཅད་རྨ་ལོ་དང་གཡུ་ལོས་བསྡུས།”[16]《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》དུའང་“ཐུགས་སྲས་རྨ་ལོ་དང་གཡུ་ལོ།” [17]ཞེས་གསལ་ལ།《གཏམ་སེང་ཆེན་ཉི་མ་འདྲེན་པའི་སྐྱ་རེངས》ལས། སྤྱིར་རྨ་ཟེར་བ་ནི་བོད་རིགས་ཀྱི་གནའི་རུས་རྒྱུད་ཅིག་ཡིན་ཟེར་བ་དང་།ལོ་རྒྱུས་ཐོག་གི་མི་སྐད་གྲགས་ཅན་རྨ་རིན་ཆེན་མཆོག་ཟེར་བ་དེ་ཡང་རྨའི་གདུང་རྒྱུད་ལས་འཁྲུངས[18]ཞེས་ཟེར་བ་དང་། སྲིད་པ་ཆགས་པའི་ལྷ་དགུ་བགྲང་བའི་རྨ་རྒྱལ་སྦོམ་ར་ལའང་བོན་གྱིས་རྨ་པོམ་རར་འབོད་ལ། བན་གྱིས་རྨ་རྒྱལ་སྦོམ་ར།ཨ་མྱེས་རྨ་ཆེན་སོགས་སུ་འབོད་པ་དག་ལས་ཀྱང་རུས་ཁུངས་ལ་གཞི་བཅོལ་ན་ཚིག་གི་སྔ་ཕྱི་དང་འཕར་ཁ་འཕྲོད་ལ་ལོ་རྒྱུས་ལའང་མཐུན་པར་འགྱུར་རོ།།
      གཞན་ཡང་དགེ་བཤེས་བློ་གྲོས་རབ་གསལ་གྱི《གནའ་བོའི་ཞང་བོད་ཚིག་མཛོད》དུ་རྨ་ཞེས་པ་ནི“བོད་ཀྱི་རུས་མིང་ཞིག་ཅིག”[19]འགྲེལ་བ་དང་དོན་དང་མཐུན་པར་སྙམ།
ཀ༡ གུར་པོ་ཆེ་ནི་འདིར་སྦྲ་གུར་ཆེན་པོའམ་ཕོ་བྲང་ལ་གོ་དགོས་ཏེ།《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་དེབ་ཐེར་སེང་གེའི་ང་རོ》ལས་“བཙན་པོ་འཕྱོངས་ལུང་རམ་སྐྱིད་ལུང་དུ་བཞུགས། ལྕགས་རི་བྲང་ས་མཆིས་ཀྱང་གནས་རྟེན་གུར་དུ་འཆའ། གུར་ལ་ཕོ་བྲང་དུ་འབོད་ཅིང་། ནང་ལ་མི་བརྒྱ་ཕྲག་འགའ་ཤོང་། དམག་མིས་བྱ་ར་བྱེད་པས་ཕོ་བྲང་རྟེན་གནས་བཙན། འཁོར་རྣམས་སྦྲ་གུར་ཏུ་སྡོད། མི་རྣམས་ཚེ་རིང་ཞིང་ལོ་བརྒྱ་ཐུབ་པའང་མང་།གྱོན་པ་འཕྱིང་བར་བྱེད་ཅིང་། གདོང་ལ་ཚོས་འབྱུག་པ་དགའ་མོར་སེམས།”[20]ཞེས་བཀོད་ཡོད་ལ། གཞན་ཡང“མི་རྣམས་མཚེར་འཛིན་པ་ལས་སྡོད་ས་གཏན་ཆགས་མེད་ཀྱང་། རྫོང་མཁར་མང་པོ་བདོག རྒྱལ་སར་སྐྱིད་གྲོང་དུ་འབོད། ཁང་བའི་ཀླད་ངོས་མཉམ་ཞིང་མཐོ་ཚད་ལ་ཁྲུ་བཅུ་ཕྲག་འགའ་ཡོད། མི་ཆེན་རྣམས་ཕྱིང་གུར་ཆེན་པོར་འདུག་ལ། དེའི་མིང་ལ་ཕོ་བྲང་ཞེས་བྱ།”[21]ཞེས་པ་དག་ལས་རུས་རྨ་ཅན་གྱི་ཁྱིམ་ཚང་ངམ་རུ་སྡེ་ཚོ་ཤོག་ཅི་རིགས་ཤིག་གི་གུར་པོ་ཆེ་ནས་བསྩལ་བའི་མྱ་ངན་ཞུ་བའི་དུར་རྫས་གོས་བུ་ཤིང་དུ་བྲིས་པ་ཞེས་པའི་དོན་ལ་གོ་དགོས་པར་སྣང་།གཞན་ཡང་“ཙོང་ཁ་བདེ་བློན་ནམ་དུར་ལམ་ནས་རྙེད་པའི་བཙན་པོའི་བང་སོའི་ནང་གི་རིང་སྒམ་ངོས་ཀྱི་རི་མོའི་ཆ་ཤས་སུ་བཙན་པོ་སྟངས་དཔྱལ་སོག་པོའི་གུར་འདྲ་བའི་ཕྱིང་གུར་ནང་དུ་བཞུགས་ཤིང་། སྒོ་འགྲམ་གྱི་སྣེ་ལེན་པས་ལག་བརྡ་བྱེད་པ། ས་ལ་སྡོད་མཁན་རྣམས་ཀྱིས་ཕེབས་བསུའི་རོལ་མོ་འཁྲོལ་བའི་ཚུལ་དུ་ཡོད་པར་སྣང་། མདུན་ནས་སྐུ་མགྲོན་རྣམས་ཡར་གུར་གྱི་མདུན་ཕྱོགས་སུ་སྐྱོད་བཞིན་པར། སྣེ་ལེན་པ་གཅིག་གི་ལག་ཏུ་ཞལ་ཟས་ཐོགས་པའི་ཚུལ་དུ་སྣང་བ་འདི་སྤུ་རྒྱལ་དུས་སྐབས་ཀྱི་བྲིས་ཆ་ལགས།”ཞེས་འབྲི་གུང་སྐྱབས་མགོན་ཆེ་ཚང་གི《བཙན་པོའི་རྒྱལ་རབས》ལས་པར་ཞིག་མཉམ་དུ་བཀོད་འདུག[22]འདི་ནས་རང་རེའི་འབྲོག་ཁུལ་དུ་རྒྱུན་འབྱམས་སུ་དར་བའི་སྦྲ་ནག་གྲུ་བཞི་ཁོ་ན་ལ་གོ་བ་མིན་པར། (གོང་གི་གོར་མོ་ཤ་ཐུལ་ཤང་གི་པུར་སྒམ་ཚོན་ཁྲ་མའི་པར་དེ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ་ལས[23]བཤུས)སོག་གུར་དང་ཆ་འདྲ་བའི་ཕྱིང་གུར་ཆེན་པོ་བོད་སྔ་རབས་སུ་དྲུ་གུ་དང་ཧོར་ལ་ཐག་ཉེ་བའི་བོད་ཀྱི་ས་ཆ་ལའང་ཁྱིམ་མཚེས་མི་རིགས་ཀྱི་ཤུགས་རྐྱེན་གང་རུང་གིས་ཕྱིང་གུར་ཆེན་པོ་སོག་གུར་དང་ཅུང་མི་འདྲ་བ་དར་ཡོད་པ་ཤེས་སོ།།
       ཀ༡ གོས་བུ་ཤིང་།ཞེས་པ་འོག་གི་ཤིང་ཁྲམ་དག་ལས་ཀྱང་འབྱུང་སྟེ། གོས་ནི་གོས་ཆེན་ལྔ་སོགས་དང་། བུ་ཤིང་ནི་《གནའ་བོའི་ཞང་བོད་ཚིག་མཛོད་》དུ། “མདོས་རྫས་ལ་མཁོ་བའི་བུ་ཤིང་དགུ་ནི་འོལ་བུ།སྟར་བུ།ཁམ་བུ།མཁན་བུ། སྐྱེར་བུ།སྐྱུར་བུ། མཚར་བུ།གྲམ་བུ། འདམ་བུ་བཅས་སོ།།”[24]དེའང་མདོས་ཟེར་བ་ནི་གནའ་བོའི་བོན་ལུགས་ཀྱི་ཆོ་ག་ཞིག་སྟེ། མདོས་བརྒྱབ་པ་ལྟ་བུ་ནི་དགྲ་བགེགས་ལ་གཏོར་རྫས་ཀྱི་གླུད་རྫོང་གཏོང་བ་ཞིག་ཡིན། དེ་བས་གོས་ནི་གྱོན་ཆས་སམ་སྲིན་བལ་གྱི་བཏགས་པའི་འཐག་དངོས་ལ་གོ་བས། གོས་བུ་ཤིང་ཟེར་བ་ཡང་སྐབས་དེའི་བོན་ལུགས་ཀྱི་མདོས་རྫས་སམ་དུར་རྫས་རྒྱུ་གོས་ལས་གྲུབ་པ་ཞིག་ཡིན་ནམ་དཔྱད་བྱར་ལྷག
       ཀ༡ འོག་ཅེས་པ་འདིར་གཤམ་གསལ་ལྟར་གོ
       ཀ༢ དར་ལྗང་ཀུ་ཞེས་པ་དར་ཁ་མདོག་ལྗང་ཁུ་ལ་གོ་དགོས་ཏེ། ཀུ་དང་ཁུ་གཉིས་ཏུན་ཧོང་ཡིག་རྙིང་གི་བརྡ་གསར་རྙིང་གི་འགྱུར་བའི་རང་བཞིན་ལྟར་རོ།།
       ཀ༢ དྔ་ཞེས་པ་ནི་དང་སྒྲ་སྟེ། ཤིང་ཁྲམ་སྟེང་ལ་དགོས་དབང་གིས་ཡི་གེ་ཁ་ཤས་སྐུང་ཡིག་ལྟར་བྲིས་པའང་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ཡི་གེའི་ཁྱད་ཆོས་དང་མཐུན་ལ། དཔེར་ན་《སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་བློ་གསར་སྟོང་གི་འཇུག་སྒོ་》ལས།[25]དྔ་སྒྲ་འདི་ལྟར་སྐུང་བ་ལ་གཞིགས་ན་རྡོ་རིང་དང་ཁྲམ་ཡིག་ལ་སྐུང་ཡིག་འདི་ལྟར་འབྲི་སྲོལ་ཡོད་པ་ཤེས།
      ཀ༢ སྦྱར་མ་ནི་《དུང་དཀར་ཚིག་མཛོད་》དུ“ཉེས་པར་སྤྱོད་པ་ཅན་ཞིག་སྟེ་སྨད་འཚོང་མ་དང་འདྲ་བའི་སྨད་ཚིག་ཅིག་” [26]ཅེས་པ་ནི་ནང་ཆོས་ཀྱི་བརྡ་དོན་ལྟར་འགྲེལ་བ་ཡིན་པས་འདིར་མི་གོ་བར་སྣང་། དེའང་《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ལས་“མང་པོ་ཁ་སྦྱར་ནས་བཟོས་པའི་དངོས་ཆས་ཏེ།གོས་སྦྱར་མ་ལྟ་བུ་”[27]ཞེས་བཀོད་པར་གཞིགས་ན་འདིར་ཤིང་ཁྲམ་ལ་བཀོད་པའི་སྦྱར་མ་ཟེར་བ་འདི་ཡང་དར་གོས་སྦྱར་མ་ལ་གོ་དགོས་པར་སྙམ་ལ། དུར་མཆོད་ཀྱི་སྐབས་སུ་འདས་པོ་གང་གི་ལྭ་བའམ་དར་གོས་བཟོས་མ་ལ་གོ
      ཀ༢ ཡས་ནི་སྤྱིར་བཏང་དུ་《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ལས།“བོན་པོའི་གླུད་རྫས་མདོས་གཏོར་སོགས།དམིགས་བསལ་དུ་ཡས་ཞེས་པ་མི་ཕྱུགས་སོགས་ཀྱི་གཟུགས་ཚབ་ཏུ་གཏོང་བའི་རྫས་རིགས་ཀྱི་དོན།” [28]གཞན་ཡང་་“ཡས་གཏོང་བ་ནི་མདོས་གླུད། ཆོས་ལུགས་ཀྱི་བྱེད་སྒོ་ལ་བརྟེན་ནས་གདོན་འདྲེའི་གནོད་པ་བཟློག་པའི་ཐབས་ཤིག་སྟེ།བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ།བཙན་པོ་པུ་དེ་གུང་རྒྱལ་གྱི་དུས་སུ་འབྲས་བུའི་བོན་རིགས་ལྔ་དང་རྒྱུའི་བོན་རིགས་བཞི་དར་བའི་ནང་ནས་འཕྲུལ་གཤེན་བལ་ཚོན་ཅན་གྱིས་མི་ཕྱུགས་ལ་གནོད་པ་གཏོང་བའི་གདོན་འདྲེར་མི་ཕྱུགས་ཀྱི་སྲོག་ཚབ་ཏུ་བལ་སྐུད་ཚོན་སྣ་ལྔ་ལས་བསླས་པའི་ཁང་བཟང་གི་ནང་དུ་བག་ཟན་ལས་བཟོས་པའི་གླུད་ལ་ཆས་གོས་གཡོགས་ཏེ་བཏང་བའི་བྱ་ཐབས་ཤིག་ཡོད་པ་རྗེས་སུ་སངས་རྒྱས་ཆོས་ལུགས་པས་ནང་དོན་བསྒྱུར་ནས་རྣམ་པ་རང་སོར་བཞག་ཏེ་རྒྱལ་མདོས།བཙན་མདོས།སྲིད་པའི་མདོས་ཆེན་སོགས་ཀྱི་གཞུང་མང་པོ་བརྩམས་ཡོད།” [29]ཅེས་དང་།གཞན་ཡང“ཡས་གུང་ཞེས་པ་སྟོད་གོས་སམ་སྟོད་ཐུང་ལ་གོ་བས་འདིར་ཡས་གི་ཟེར་བ་གཅིག་ནས་མི་ཕྱུགས་སོགས་ཀྱི་གཟུགས་ཚབ་ཏུ་གཏོང་བའི་གླུད་རྫས་ཤིག་ལ་གོ”བའམ་ཡང་ན་འདིར་སྟོད་གོས་ལ་གོ་ཡང་འཁྲུལ་བའི་ངེས་པ་མ་རྙེད་དོ།།
ཁ ༡སྟ་ནིག་ཞེས་པ་གཤམ་གྱི་ཤིང་ཁྲམ་M10:4-8ལས་ཀྱང་འབྱུང་སྟེ།ཟ་བོག་སྟ་ནིག་ཅན་ཞེས་བྱུང་བར་བརྟག་ན་ཟ་བོག་གི་རི་མོ་བཀོད་པའི་ས་གདན་ནམ་སྟན་གྱི་རིགས་ཤིག་ཡིན་ནམ་སྙམ།
      ཁ ༡ གྱི་ནི་སྤྱིར་བརྡ་རྙིང་ལས་གྲི་ལ་གོ་མོད། འདིར་འབྲེལ་སྒྲ་ལ་གོ་དགོས་པར་སྣང་།
      ཁ ༡ ཁྱུང་ཀོར་ཞེས་པ་སྐུ་ཞབས་བང་ཡའོ་ལགས་ཀྱི་ཁྱུད་ཀོར་དུ་ཕབ་ཅིང་། འདིར་མ་ཡིག་ལས་ཁྱུད་དམ་ཁྱུང་གང་ཡིན་ཁ་ཚོན་གཅོད་དཀའ་མོད། ཁྱུད་ནི་དགེ་བཤེས་བློ་གྲོས་རབ་གསལ་གྱི《གནའ་བོའི་ཞང་བོད་ཚིག་མཛོད་》ལས[30]ཁྱུང་དོར་ཀེ་རུ་ཞེས་པའི་རྨོག་གི་རིགས་ཤིག་ཡིན་ནམ་དཔྱད་གཞིར་ལྷག
      ཁ ༡ ཁྱུང་ཀོར་ཞེས་པ་ཁྱུང་དཀར་མཛོ་ཡི་མིང་ཡང་ཡིན་སྲིད་དེ་ཀོར་དང་དཀར་གཉིས་སྒྲ་མཚུངས་པ་དང་ཕྱི་ཚིག་སྦྱར་ན་ཤལ་དམར་ཁྲག་དང་ཅུང་འབྲེལ་ཆགས་ཏེ། ཁྱུང་དཀར་ཤད་དམར་ཁྲག་ཅེས་པའོ།།
      ཁ ༡ ཁྱུད་ཀོར་ཞེས་པ་《 བོད་ཡིག་ཚིག་གཏེར་རྒྱ་མཚོ། 》ལས་ཁྱུད་འཁོར་ཞེས་པ་ནི་ཧྲིལ་བོའམ་གང་བོ། ལོ་གཅིག་ཁྱུད་འཁོར་ལྟ་བུ། [31]ཁྱུད་ཞེས་པ་ཁོར་ཡུག་ཏུ་ཡོད་པའི་ར་བའམ་མཐའ་སྐྱོར་གྱི་མིང་ལ་ཡང་འཇུག་སྟེ། འཁོར་ལོའི་ཁྱུད་མོ་ལྟ་བུ།
      ཁ ༡ ཤལ་དམར་ཁྲག་་་ཞེས་པའི་ཤལ་ནི་ཤད་ལྟར་བྲིས་ན་ལོ་གསུམ་ལོན་པའི་འབྲི་གཡག་དང་བ་ལང་།མཛོ་མཛོ་མོ་ལ་གོ
      ཁ ༡དེ་བས་གོང་གི་ཚིག་འགྲེལ་ན། ས་གདན་ནམ་སྟན་སྟེང་ལ་མཛོ་མཛོ་མོ་ཤད་ཀྱི་ཆེ་ཆུང་དམར་པོ་ཁྲག་ལྟར་མཛེས་པའི་རི་མོ་ཡོད་པ་ཞིག་ཨེ་ཡིན་ནམ་་དཔྱད་གཞིར་ལྷག་གོ དེའང་གཏེར་ལམ་རྫོང་གི་དུར་རྫས་ཁྲོད་དར་གོས་མང་པོ་ཐོན་ལ། སྟེང་ན་རྟ་ནོར་ལུག་སོགས་ཁ་སྤྲོད་དུ་གཙག་པའི་རི་མོ་མངའ་བས་སོ།།
      ཁ ༢ དྔ:ཟློགས :སག: ཏི :ནག་པོའི: ཡུ་རིངས: དྔ :སུཾ:
      འདི་ནི་སྐུ་ཞབས་བང་ཡའོ་ལགས་ཀྱི་ཟློགས་སག་ཏི་ནག་པོའི་ཡུ་རིངས་དྔ་སུམ་ཞེས་ཕབ་བཤུས་ཡོད་མོད། ཁོ་བོས་དེ་ལ་ ཁ ༢ དྔ:རློགས :སག:ལྷཾནག་པོའི: ཡུ་རིངས: དྔ :སུཾ:ཞེས་ཟློགས་ཞེས་པ་རློགས་དང་ཏི་ཡིག་ལྷ་རྣམ་བཅད་ཅན་ལ་འགྲེལ་གྱིན་ཡོད་ལ།ཡི་གེའི་མ་ཡིག་ལ་བལྟས་ཀྱང་དེ་མིན་པའི་ངེས་པ་མ་མཆིས་ལ། དེ་ཡང་《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ལས་སག་ལྷམ་ནི་པགས་པ་སག་རིའི་ལྷམ་གོག་ལ་གོ[32]དེའང་སག་རི་ཞེས་པ་ཡང་དྲེལ་གྱི་དཔྱི་མགོའི་པགས་པ་མཉེས་ནས་རི་མོ་འབུར་དོད་ཡོད་པའི་ཀོ་བ་ཞིག དེ་བས་ཚིག་གོ་བདེར་བཀྲལ་ན་པགས་པ་སག་རིའི་ལྷམ་ནག་པོ་ཡུ་རིངས་ཤིག་གམ་ཡང་ན་རློགས་པ་དང་སག་ལྷམ་ནག་པོ་ཡུ་རིངས་ཤིག་ཅེས་བཀྲལ་ན་ཕྱི་ཚིག་སུཾ་ཞེས་དངོས་པོ་གསུམ་དམིགས་སུ་བཀར་ཡོད་ལ་འབྲེལ་མི་ཆགས་པས་སྔ་མ་ལྟར་འགྲེལ་བར་བྱ།

      ཁ༢ སུཾ:ཞེས་པས་དར་གོས་སོགས་ཅ་ལག་གསུམ་ཡོད་པ་བསྟན་ཡོད་ལ་དར་ལྗང་ཁུ་དང་གཅིག སྦྱར་མ་ཡས་གི་སྟན་ནིག་གྱི་ཁྱུང་ཀོར་ཤལ་དམར་ཁྲག་དང་གཉིས། རློགས་སག་པོ་ནག་པོའི་ཡུ་རིངས་དང་གསུམ་བཅས། དཔེར་ན་《སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་བློ་གསར་སྟོང་གི་འཇུག་སྒོ་》ལས། “བཅུ་གསུམ། སྤུ་རྒྱལ་བཙན་པོའི་བློན་པོ་རྩལ་ཅན་རིམ་བྱོན་ཅེས་པ་ལས། མགར་མང་ཞམ་སུམ་སྣང་རལ་གྱྀ་དང་། བརྡའ་པྲད་དེ་ཚོར་བ་སྐད་དུ་བགྱིས་ནས། བཟུང་སྟེ་བགྱོན་ཕབ་པ་ན་ཡང་། གཤེད་མ་མང་ཞམ་ སུཾ:”[33]ཞེས་འབྱུང་བར་གཞིགས་ན་གསུམ་འདི་ལྟར་འབྲི་བའང་སྐུང་ཡིག་གམ་གནའ་ཡིག་གི་རྒྱུན་སྲོལ་ཞིག་ཏུ་འཁུམས།

03.jpg

       ཀ ༡ གུ་རིབ་ཅཁུདགིས་ ཀྱིས:གསོལ་པ། ཁ ༢ གཙོསཟ་བོག་ཅན
      ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི8.7དང་ཞེང་ལ་ལི་སྨི 1.8འཐུག་ཚད་ལ་ལི་སྨི0.2-0.3-0.2། མདུན་དུ་ཡི་གེ་ཐིག་ཕྲེང་གཉིས་དང་རྒྱབ་ཏུ་ཐིག་ཕྲེང་གཅིག་ཡོད།
      གཡོན་འགྲམ་ན་ཨི་ཁུང་ཞིག་ཕུག་འདུག ཡིག་གཟུགས་སྔ་མ་དང་འདྲ་ལ། ཆུ་ངོས་སྙོམས་ཚད་དམའ། ཡིག་རྗེས་ཅུང་གསལ།
      ཀ ༡ གུ་རིབ་ཅེས་པའི་རིབ་ལ་ཞབས་ཞུ་བཞག་པ་ཡོད་དེ་《སྦ་བཞེད།》[34]དང་《བོད་ཡིག་ཚིག་གཏེར་རྒྱ་མཚོ་》ལས་“བརྡ་རྙིང་ནང་གི་གུ་རུའི་འབྲི་ཚུལ་ཞིག གུ་རུབ་ལ་ཞོན་ནས་འགྲོ་ལྟ་བུ། ཡང་གུ་རུ་ཞེས་པ་ནི་བོང་བུའི་མིང་གཞན་སྟེ། དབྱིབས་རྟ་དང་འདྲ་ལ་རྟ་ལས་གཟུགས་ཆུང་བ། རྣ་བ་ཆེ་བའི་སེམས་ཅན་ཞིག བོང་བུ་ཡང་ཟེར།” [35]ཡིན་ཡང་འདིར་གུ་རིབ་ཅེས་པ་རུས་མིང་ལ་གོ་དགོས་པར་སྣང་སྟེ། ཕྱི་མ་དགིས་ཞེས་པ་ནི་དག་གིས་ཞེས་པའི་སྐུང་ཡིག་སྟེ་མང་ཚིག་བསྟན་པ་དང་། གོང་གི་ཤིང་ཁྲམ་ལས་རྨ་གུར་པོ་ཆེ་དང་འདྲ་བར་མྱ་ངན་མཆོད་འབུལ་དུ་ཕེབས་མཁན་དག་ལ་གོ་དགོས་པར་སྣང་། དེའང་《སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ།》ཅེས་པ་ལས། ཀྭ་ཅུའི་ཡུ་ལིམ་གཙུག་ལག་ཁང་གི་རྩིས་ཐོ་ཞེས་པར། “1༇ ཀྭ:ཅུ་ལྷ་རྀས་ཀྱྀ་མངན་ཆེན་གུ་རིབ་ལེགས་བརྟན་དང་། ཤྀ་བཤེས་ཀྱྀ་ཡྀ་གེ་པ་འང་སྟག་ཚབ་དང་། ཡུ་ལིམ་གཙུག་” [36]ཞེས་གསལ་ལ། དེ་ལས་གུ་རིབ་ལེགས་བརྟན་གྱི་མིང་ལས་གུ་རིབ་ནི་རུས་མིང་ཡིན་པ་གསལ་ལོ།།
      དེ་བས་གུ་རིབ་ཅ་ཁུ་སོགས་བློན་པོ་དག་གིས་གསོལ་བའི་བསྔོ་རྟེན་ནམ་དུར་རྫས་ལ་གོ་དགོས་པར་སྣང་།
      ཁ ༢ གཙོས ཟ་བོག་ཅན
      གཙོས་ཞེས་པ་གཙོད་ལ་འགྲེལ་ཡང་བདེན་པར་མཐོང་སྟེ། གཙོས་ཟ་བོག་ཅན་ཞེས་པའི་མིང་བརྡ་འདི་ལི་ཡུལ་ནོབ་ཆུང་གི་ཁྲམ་ཡིག་ལས་ཀྱང་མཐོང་ལ། རི་དྭགས་ཀྱི་པགས་པ་དང་ཟ་བོག་གོས་ཀྱི་ཕྱི་མ་ཅན་ཞིག་ལ་གོ་བར་སྣང་། གཞན་ཡང་ཨ་མདོའི་ཁ་སྐད་ལྟར་ན་གཙོད་ལ་གཙོས་ཟེར་བ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་མིང་ལས་ཀྱང་ཤེས་སོ།།

04.jpg04.jpg

      ཀ ༇ཤེའུ:རགདུང་
       གཆིག
       ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི6.3དང་ཞེང་ལ་ལི་སྨི 2.2འཐུག་ཚད་ལ་ལི་སྨི0.3། གཡོན་ངོས་སུ་ཨི་ཁུང་ཆུང་ངུ་ཞིག་ཡོད་ལ། མདུན་དུ་ཡི་གེ་ཐིག་ཕྲེང་གཉིས་ཡོད་ལ། རྒྱབ་ཏུ་ཡི་གེ་མེད། གཡོན་ངོས་སུ་ཅུང་རུལ། ཡི་གེ་གཅིག་མི་གསལ།
       ཀ ཤེའུ་ཞེས་པ་ནི་མིང་གལ་ཆེན་ཞིག་ཡིན་ཏེ། གཅིག་ནས་ཙོང་ཁ་བདེ་བློན་ནམ་ཚ་འདམ་ཤེའུ་བང་སོ་ཞེས་པའི་མིང་ལ་སྦྱར་ཡོད་པ་དང་གཅིག གནས་དེར་བློན་ཤེའུ་ཁྲི་ཀ་ཞེས་པའི་རྡོ་རིང་བཞི་ཐོན་པ་དང་གཉིས། ཚ་འདམ་གཞོངས་ཤེའུ་རྩྭ་ཐང་ཞེས་པའི་མིང་དེང་སྐབས་མ་ཉམས་པར་གནས་པ་དང་གསུམ། ཤེའུ་ཞེས་པ་ཤྭ་བ་ཆུང་ཆུང་ལ་གོ་བ་ཡང་ཤེའུ་བང་སོ་ལ་འབྲེལ་ཆགས་ཏེ་གཏེར་ལམ་བང་སོའི་དུར་རྫས་ལས་ཤྭ་བ་ལངས་གཟུགས་དང་ཉལ་གཟུགས་གཉིས་ཐོན་པ་དང་བཞི། སྲིད་པ་ཆགས་པའི་ལྷ་དགུ་ལས་ཤེའུ་ཁ་རག་ཞེས་པའི་ཡུལ་ལྷ་དང་གཞན་ཡང་མདོ་སྨད་ཀླུ་ཆུ་ན་ཤེའུ་ཚང་ཟེར་བའི་ཚོ་སྡེ་ཡོད་པ་བཅས་ལྔ་ལ་ལོ་རྒྱུས་དང་གནའ་རྫས་ཀྱི་ཆ་ནས་འབྲེལ་བ་ཡོད་པར་རིགས།
སྤྱིར་ཤེའུ་ཞེས་པ་ཡང་རུས་མིང་ངམ་ཡུལ་མིང་། ཡང་ན་ཤྭ་བ་ཆུང་ཆུང་གི་དོན་གང་ཡིན་གསལ་བོར་རྟོགས་དཀའ་མོད། 《ཏུན་ཧོང་་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས།་》ལས། “ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་སྐྱི་རྗེའི་མང་པོ། བློན་པོ་ཤེའུ་དང་སྤུག་གཉིས།”[37]ཞེས་གསལ་ཏེ། སྔོན་གྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཡུལ་སྐྱི་རོའི་ལྗང་སྔོན་ཟེར་བར་བློན་པོ་ཤེའུ་དང་སུག་གཉིས་ཡོད་པར་བསྟན། གཞན་ཡང་《གློ་བ་རིངས་པའི་ནང་མི་ལ་འབྲུ་བགོ་རྒྱུའི་ཐོ་ཡིག》ལས། “ཤེའུ་ལྷ་སྦྱིན་ལ་སྩོགས་པ་མྱི་བཞི་ལ་ཁལ་རེ་རེ་སྟེ་ཁལ་བཞི་་་་་་” [38] ཞེས་བཙན་པོའི་རྒྱལ་རབས་སྐབས་སུ་ཡང་ཡང་རུས་ཤེའུ་ཅན་ཞིག་ཡོད་ལ། དུས་རབས་བཅུ་དྲུག་པར་《ལམ་འབྲས་གྲུབ་མཐའི་ལོ་རྒྱུས།》བརྩམས་པའི་ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས་ཞེས་པ་གཉིས་བྱོན་ཞེས་རྒན་ཙོང་ཁ་གཡུང་དྲུང [39] དང་ཆབ་འགག་རྟ་མགྲིན [40] སོགས་ཀྱི་དཔྱད་རྩོམ་དུ་གསལ་ཞིང་། བློན་པོ་ཤེའུ་ཞེས་པ་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དུས་ཀྱི་བློན་རྒྱུད་མ་ཉམས་པར་བརྒྱུད་ཅིང་བཙན་པོའི་རྒྱལ་རབས་ཀྱི་བློན་ཆེན་ཞིག་ཡིན་པ་མ་ཟད། ཕྱི་ཕྱོགས་སུ་མངའ་ཁོངས་རྒྱ་བསྐྱེད་པ་དང་ནང་དུ་དཔྱ་དང་ཁྲིམས་ལུགས་སོགས་ཀྱི་ལས་དོན་སྤེལ་བར་མཛད་རྗེས་ཧ་ཅང་ཆེ་བའམ་ཡང་ན་བཙན་པོ་ཡབ་སྲས་ལ་དུས་ཡུན་རིང་པོར་བློ་དཀར་ཞིང་སྐུ་སྲུང་ལ་མཁོ་ཆེ་བའི་ལས་དོན་མང་དུ་མཛད་པའི་བློན་ཆེན་པོ་ཞིག་རེད། དེའི་རྐྱེན་གྱིས་བཙན་པོ་སྲིད་གཞུང་གིས་ཁོང་གི་མཛད་རྗེས་དྲན་ཞིང་དེར་ལན་བླན་པའི་དོན་དུ་སྲོང་གི་བང་སོ་བརྩིགས་ཤིང་རྩིས་ཀྱི་རྡོ་རིང་བསླངས་པ་རེད། ཅེས་དང་། གཏེར་ལམ་རྫོང་ཆུ་དཀར་གཙང་བོའི་འབབ་རྒྱུད་ཀྱི་བང་སོ་ཨང་བཅུ་པ་ནས་ཐོན་པའི་ཤིང་ཁྲམ་ངོས་སུ་ཤེའུ་རག་དུང་གཅིག་ཀྱང་དུར་རྫས་སུ་བཅུག་པར་འཁོད་པ་ཡང་གཏེར་ལམ་རྫོང་ཆུ་དཀར་གཙང་པོའི་འབབ་རྒྱུད་ས་ཆ་ཡིན་པར་སྙམ། གལ་ཏེ་དེ་ལྟར་མིན་ཀྱང་ཤེའུ་ཞེས་པའི་རུས་མིང་ཡུལ་ལ་ཐོགས་པ་ཞིག་ཡིན་པ་ཐེ་མི་ཚོམ། ཞེས་དགོངས་ཚུལ་བཏོན་པ་ལྟར་ན། ཤེའུ་ནི་གཅིག་ནས་རུས་མིང་ལ་གོ་ཞིང་། གཉིས་ནས་ཡུལ་མིང་ལ་འགྱུར་བར་རིགས།
      འོ་ན་བློན་ཤེའུ་ཡི་མི་རྒྱུད་ཚོ་ཤོག་གི་བླ་ཟོག་ཤེའུ་ཡིན་ནམ་ཟེར་ན་ཡང་འཐད་དེ། དམུ་དགེ་བསམ་གཏན་ལགས་ཀྱི《ལོ་རྒྱུས་ཀུན་དགའི་མེ་ལོང》དུའང་བོད་ཀྱི་རུས་ཆེན་བཞི་ལས་རིགས་བཟང་ལྔ་བསལ་བ་ནས་བཟུང་རང་རང་གི་བླ་ཟོག་ཡོད་དོ། ལྡོང་གི་བླ་ཟོག་ཤྭ་བ། འབྲིའི་བླ་ཟོག་གཡག སྦྲའི་བླ་ཟོག་རྐྱང་། སྒའི་བླ་ཟོག་ལུག སྒོའི་བླ་ཟོག་ར་ཡིན་ཞེས་གསུངས་ལ། མདོ་སྨད་ཙོང་ཁ་ཆེ་ཆུང་རྣམས་རུས་ལྡོང་ལ་གཏོགས་པས། ལྡོང་རིགས་བཅོ་བརྒྱད་སོགས་མཆེད་པ་ལས་རུས་ཆུང་མང་པོ་ཡན་དུ་བཀར་བར་རིགས་ལ། བློན་ཤེའུ་བླ་ཟོག་ཡང་ཤྭ་བ་ཡིན་པའི་དབང་དུ་བཏང་ན་མི་རྒྱུད་ཤེའུ་ཞེས་པའི་རུས་མིང་ཡུལ་མིང་ལ་ཐོགས་པ་དང་། ཡུལ་དེའི་བླ་ཟོག་ཡང་ཤེའུ་ཡིན་པ།དུར་རྫས་སུ་རང་གི་བླ་ཟོག་དང་མཉམ་དུ་སྦ་བ་ལྟར་ངོ་འཕྲོད་པར་འགྱུར་བས་དཔྱད་བྱར་ལྷག་གོ
       ཀ རག་ནི་ཟངས་སེར་རིགས་ཀྱི་སྤྱི་མིང་སྟེ། ཟངས་སེར་གྱི་བཟོས་པའི་དུང་ལ་རག་དུང་དང་། ཟངས་སེར་གྱི་བཟོས་པའི་ཟངས་ང་ལ་རག་ཟངས་ལྟ་བུ། འདིར་རུས་མིང་ལྟར་ན་བློན་པོ་ཤེའུ་གདོང་་རྒྱུད་ཀྱི་བློན་པོ་ཞིག་གིས་རྒྱུ་རག་ལས་བཟོས་པའི་དུང་གཅིག་དུར་རྫས་སུ་ཕུལ་བར་གོ་དགོས་ལ། ཡུལ་མིང་ལྟར་ན་ཤེའུ་རང་ས་ནས་བཟོས་པའི་རག་དུང་སྟེ། དཔེར་ན་འདན་མའི་གྲི་ལྟར་ས་མིང་སྔོན་ལ་བཞག་ནས་ཡུལ་གྱི་ཁྱད་ནོར་ཐོན་རྫས་ལྟར་འགྲེལ་ལོ།།
      ཀ རག་དུང་ཞེས་པ་ལས་དུང་ནི་རང་རེའི་འཆར་སྒོར་ནང་བའི་ཆོས་དུང་ལ་གོ་ཐལ་ཆེ་ཡང་། སྐབས་འདིར་ཤེའུ་བང་སོའི་རྣམ་པ་ཁ་ཤས་གཡུང་དྲུང་སྒོ་བཞི་དང་བོན་གྱི་རིག་གནས་ལ་འབྲེལ་ཆེ་བས་བན་ལུགས་ཀྱི་མཆོད་རྫས་སྐབས་དེར་དར་ཡོད་མེད་བཤད་དཀའ་མོད། དུང་ནི《དག་གསར》ལས[41]དབུགས་ཀྱི་བུས་ནས་བརྡ་གཏོང་བྱེད་ཀྱི་ཡོ་བྱད་དམ་རོལ་མོའི་མིང་སྟེ། དམག་དུང་། ཟངས་དུང་ལྟ་བུ་འགྲེལ་བ་ལྟར་གོ་དགོས་པར་སྙམ།
       ཀ གཞན་ཡང་རི་དྭགས་ཤྭ་བ་ཆུང་ཆུང་གི་མིང་ཤེའུ་ཕྲུག་ལྟར་འགྲེལ་ན། གཅིག་ནས་དམག་བརྡ་གཏོང་མཁན་ནམ་བྱ་མ་རྟའི་ལག་ཏུ་ཐོགས་པའི་རག་དུང་སྟེང་ལ་ཤེའུ་རྟགས་བཀོད་པ་ཞིག་སྟེ། དེ་དང་ཆ་འདྲ་བའི་ཅ་ལག་རོལ་ཆས་ཀྱང་ཤེའུ་བང་སོ་ལས་ཐོན་ཡོད་པས་ཁ་ཚོན་གཅོད་དཀའ། གཉིས་ནས་གཏེར་ལམ་རྫོང་གི་བཙན་པོའི་བང་སོ་ལས་ཐོན་པའི་ཤེའུ་ལངས་གཟུགས་དང་ཤེའུ་ཉལ་གཟུགས་ཀྱི་རྣམ་པ་ཡང་ཞེའུ་ཞིན་ཀའོ་ཡི《ནུབ་ཕྱོགས་མཐའ་མཚམས་ཀྱི་ས་གནས》[42] ཞེས་པར་བཀོད་ཡོད་པས། བོན་གྱི་མདོས་གླུད་ལྟར་རི་དྭགས་ཀྱི་ཚབ་ཏུ་དངུལ་དང་རག་ལས་བཟོས་པའི་ཤེའུ་ཞིག་དུར་རྫས་སུ་བཅུག་པ་ལའང་ཆེས་ཆེར་འབྲེལ་ལོ།།

05.jpg

       ཀ ༡ ༇ ། ཐར་ཐར་ལེ:བ་་་་་
       ༢ དང་རས:ལྗང་ཀུ་:དྔ་ སྦྱ
       ༣ ར:མ:གཆིག
       ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི6.5དང་ཞེང་ལ་ལི་སྨི2.2འཐུག་ཚད་ལ་ལི་སྨི0.3།གཡོན་འགྲམ་ན་ཨི་ཁུང་ཆུང་ཆུང་ཞིག་ཡོད་ལ། མདུན་དུ་ཡིག་ཕྲེང་གསུམ་དང་། ཡིག་རྗེས་ཕྱེད་ཀ་གསལ། རྒྱབ་ཏུ་ཡི་གེ་མེད།

       ཀ ༡ ཐར་ཐར་ལེ་བ་་་་ཞེས་པའི་རྗེས་ཀྱི་ཚེག་ཡིག་ནི་དཔྱད་དཀའ་མོད། ཐར་ཐར་ལེ་བ་ཞེས་པ་ནི་《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ལས་ཐར་ཐར་ནི་སྒྲའི་ཁྱད་པར།སྤུས་ཀའམ་རྐང་ཞན་པ། སྣམ་བུ་འདི་ཐར་ཐར་ཞིག་ལས་མི་འདུག་ལྟ་བུ། [43] ཡིན་ཡང་《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》་ཞེས་པ་ལས། “དྲུག་ཏུ་བརྩྀའོ་། སྔ་མདའ་དབང་བ་ནྀ། ཐུར་ཐུར་གཡོན་ལོགསུ་མཐོ་གང་། ཡོན་པུར་བཅད་ཏེ། གཡས་ལོག” [44] ཞེས་གསལ་བ་ལས་ཐར་ཐར་རམ་ཐུར་ཐུར་ནི་ཁོག་སྨད་ལ་གོ་བ་འདྲ། དེ་ལྟར་ལགས་ན་ཁོག་སྨད་ལ་གྱོན་པའི་སྨད་གོས་ལ་གོ་ཡང་སྲིད།
       ཀ ༡ ལེ་བ་ནི་ལེ་བརྒན་གྱི་དོན་སྟེ། 《བོད་ཡིག་བརྡ་རྙིང་ཚིག་མཛོད་》[45] དང་《བོད་ཡིག་ཚིག་གཏེར་རྒྱ་མཚོ་》[46] ལས། དར་རམ་དར་དམར་པོ་ལ་གོ འདིར་སྤུས་ཀ་ཅུང་ཞན་པའི་ཐར་ཐར་གྱི་དར་དམར་པོ་ལ་གོ་དགོས་པར་སྙམ་སྟེ། འོག་གི་ཤིང་ཁྲམ་M10;4-6ལས། ཀ ༡ ༇ཐར་ཐར་དམར་པོའ
ཞེས་འབྱུང་བ་དང་ ཀ ༡༇ཐར་ཐར་ལེ་བ་་་་་གཉིས་དོན་གཅིག་ཏུ་མཐོང་།
       ཀ ༢ རས་ལྗང་ཀུ་ཞེས་པ་ནི་རས་ལྗང་ཁུ་སྟེ་ཀུ་དང་ཁུ་ཡང་ཏུན་ཧོང་ཡིག་རྙིང་ལྟར་ཁ་དང་ཀ་ཡིག་འགྱུར་བའི་རང་བཞིན་ལྟར་རོ།།འདི་ལས་སྐབས་དེར་བོད་ལ་དར་མ་ཡིན་པའི་རས་ཡང་དར་ཡོད་པར་རིགས།
      ཀ ༢ ཀ ༣ སྦྱར་མ་ནི་གོང་དུ་བསྟན་པ་ལྟར་རོ།།
       འདིར་ཐར་ཐར་ལེ་བ་དང་རས་ལྗང་ཁུ། གོས་སྦྱར་མ་གཅིག་བཅས་སྡོམ་པའི་དངོས་པོ་གསུམ་གསལ་འགྲེལ་བྱས་ན། སྤུས་ཀ་ཅུང་ཞན་པའི་ཐར་ཐར་གྱི་དར་དམར་པོའམ་ཡང་ན་སྨད་གོས་དམར་པོ་དང་། རས་ལྗང་ཁུ། གོས་སྦྱར་མ་གཅིག་བཅས་བསྟན་པའོ།།

06.jpg

      ཀ ༡༇ན:རོས:ཀྱྀ ་གདུབ་
      ༢ གཆིག
       ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི6.5དང་ཞེང་ལ་ལི་སྨི2.2འཐུག་ཚད་ལ་ལི་སྨི0.4-0.6-0.5། གཡོན་འགྲམ་ན་ཨི་ཁུང་ཆུང་ངུ་ཞིག མདུན་དུ་ཡིག་ཕྲེང་གཉིས། རྒྱབ་ཏུ་མེད། མདུན་གྱི་ཡི་གེ་གཅིག་མི་གསལ།

       ཀ༡ ན་རོས་ཞེས་པ་ཡང་ཡུལ་མིང་ངམ་རུས་མིང་ཞིག་ལ་གོ་སྟེ། ཤིང་ཁྲམ་M10;4-6ལའང་ན་རོས་ཀྱྀ་བྱར་བ་གཆིག་ཞེས་པའི་མིང་ཡང་བསྐྱར་བྱུང་བར་གཞིགས་ན་ཡུལ་མིང་ངམ་ཡུལ་དེ་ནས་བཟོས་པའི་ཅ་ལག་ལ་ཚོང་རྟགས་ལྟར་ན་རོས་སྔོན་དུ་སྦྱར་བར་རིགས་ལ། དཔེར་ན་ལྷ་སའི་ས་གདན་ལྟ་བུ་ཡུལ་ལྷ་ས་ནས་ཐོན་པའི་ས་གདན་གྱི་རིགས་ལ་གོ་བ་ལེན་དགོས་པས། འདིར་ཡུལ་ན་རོས་ནས་ཐོན་པའི་གདུབ་སྟེ། གདུབ་ཞེས་པ་ནི་གདུ་བུ་ཞེས་པའི་བསྡུས་མིང་། རྐང་བའམ་ལག་པར་རྒྱུ་བའི་རྒྱན་ཆ་སྒོར་སྒོར་ལག་གདུབ་དང་སོར་གདུབ་ལྟ་བུ་གོ་དགོས།
       ཀ ༡ ཀྱྀ་ཞེས་པའི་གུག་གུ་ཕྱིར་ལོག་ཅན་དེ་འབྲེལ་སྒྲ་གྱི་ཡི་འབྲི་སྟངས་ཤིག་ཡིན་པ་གནའ་ཡིག་དག་ལ་གསལ།
       ཀ ༢ གཆིག་ཞེས་པ་ནི་གྲངས་ཀ་གཅིག་གི་དོན་སྟེ། དེའང་ཆ་དང་ཅ་ཡིག་གི་མིང་གཞིའི་འགྱུར་བ་དག་ཏུན་ཧོང་ཡིག་རྙིང་ཁྲོད་མང་དུ་བྱུང་བས་དཔེ་མ་སྤྲོས་སོ།།
       གཞན་ཡང་《ཞང་བོད་ཚིག་མཛོད》ལས་ན་རོལ་ཞེས་པ་དཀར་པོ་དང་རྒྱ་སྐྱེགས་བསྲེས་པའི་ཚོན་མདངས [47] ལ་གོ
 

07.jpg

       ཀ ༇གདན:་་་་་ང་ང:ཅན་གཅིག
        ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི8དང་ཞེང་ལ་ལི་སྨི1.3འཐུག་ཚད་ལ་ལི་སྨི0.3། གཡོན་འགྲམ་ན་ཨི་ཁུང་ཞིག མདུན་དུ་ཡིག་ཕྲེང་གཅིག ཡིག་རྗེས་མི་གསལ། ཡི་གེའི་སྔ་རྗེས་མི་གསལ།

       ཀ འདིར་གདད་ལྟར་བྲིས་པར་སྣང་ཡང་དོན་དུ་གདན་ཡིན་པ་འདྲ་སྟེ། གདན་ནི་སྟན་ལ་གོ
        བར་དུ་ཡི་གེ་གཅིག་མི་གསལ་བས་སྐུ་ཞབས་བང་ཡའོ་ཡིས་འགྲེལ་བ་འདིར་འགྲིག་པར་སྣང་དེ། རིགས་པས་དཔགས་ན་རྗེས་འཇུག་ང་ཡི་སྔོན་དུ་པྱི་ཡིན་ནམ་སྙམ་སྟེ། དེ་ལྟར་ན་པྱིང་ང་ཅན་ཞེས་པའི་མིང་ལ་འབྲེལ་ཆགས་ཤིང་ཡིག་རྙིང་ལས་ཕ་དང་པ་ཡིག་འགྱུར་བ་ལའང་མཐུན། 《བོད་ཡིག་བརྡ་རྙིང་ཚིག་མཛོད་》དུའང་པྱིང་ཞེས་ཕྱིང་སྟེ།བལ་གྱི་ཕྱིང་བ་ལྟར་འགྲེལ་ཡོད་པས། [48] དེ་ལྟར་གདན་ཕྱིང་ང་ཅན་གཅིག་ལྟར་འགྲེལ་ལོ།།

08.jpg

      ཀ ༇ན:རོས་ཀྱི:བྱར་བ་:གཆིག
       ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི8.1དང་ཞེང་ལ་ལི་སྨི1.5འཐུག་ཚད་ལ་ལི་སྨི0.2། གཡོན་འགྲམ་ན་ཨི་ཁུང་ཞིག མདུན་དུ་ཡིག་ཕྲེང་གཅིག ཡིག་རྗེས་ཕྱེད་ཀ་གསལ། རྒྱབ་ཏུ་ཡི་གེ་མེད།
       ན་རོས་ནི་གོང་དུ་བྱུང་བ་ལྟར་ཡུལ་མིང་ངམ་ཚོང་རྟགས་ལ་འགྲེལ་དགོས་པར་སྣང་།
བྱར་བ་ནི་འདིར་ཕྱར་བ་སྟེ། བ་དང་ཕ་ཡིག་འགྱུར་བའི་ཡིག་རྙིང་གི་རང་བཞིན་སྟེ། ཡིག་རྙིང་གི་ཁྱད་ཆོས་ལྟར་འགྲེལ་ན་ན་རོས་ནས་འཐག་པའི་རེ་ལྡེ་ཕྱར་བའམ། ཡང་ན་《བོད་ཡིག་ཚིག་གཏེར་རྒྱ་མཚོ》ལས་ཕྱར་བ་ལ་སྤུ་རྩིད་ཀོ་རས་སོགས་ལས་བཟོས་ཤིང་ ། འབྲུ་འབྲས་སོགས་འགྲེམ་སྟན་དང་། ཁེབས་གཡོག་བྱེད་པའི་ཡོ་བྱད་ཅིག ཀོ་ཕྱར། རས་ཕྱར་ལྟ་བུ། [49] ཞེས་བཀོད།
       འདིར་ཡང་ན་རོས་ནས་བཟོས་པའི་དར་ཕྱར་རམ་ཁེབས་གཡོག་ལྟ་བུ་ཞིག་ལ་གོ་དགོས་པར་སྙམ། ཡིན་ཡང་འདིར་སྐུ་ཞབས་བང་ཡའོ་ཡིས་བྱར་བ་ཞེས་པ་རྡོ་བཟོས་ཕོར་བ་རྩ་ཆེན་ཞིག་ཏུ་བཞེད་ཀྱང་། རྒྱུ་མཚན་ཅི་ཡིན་ཆ་མི་འཚལ་ལོ།།

09.jpg

       ཀ ༡ ༇དར:རྨའི:གུ་་་་་
       ༢ ནོག:དར:ལྗང་གུ:དྔ:སྦྱར་
       ༣ མ:གོས:བུ:ཤིང་་་དཔྱང་
       ཁ ༡ལག : ཟ་འོག་:་སྟ་ནིག:ཅན
      ༢ གོས:བུ་འབྲིའ་རྨའོ:ཁང
       ༣ ཨོང་:ཅག:གཆིག
        ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི7.5དང་ཞེང་ལ་ལི་སྨི2.3འཐུག་ཚད་ལ་ལི་སྨི0.3། གཡོན་འགྲམ་ན་ཨི་ཁུང་ཞིག མདུན་རྒྱབ་གཉིས་སུ་ཡིག་ཕྲེང་གསུམ་རེ། གཡོན་ཟུར་ཅུང་རུལ། ཡི་གེ་ཆད། ཡི་གེ་ལྷག་མའི་ཡིག་རྗེས་གསལ། ་བོད་བཙན་པོའི་གནའ་ཡིག་གི་ཁྱད་ཆོས་ཅུང་ལྡན།
        ཀ ༡ ༇དར་རྨའི་གུ་་་་་་ཞེས་པའི་རྗེས་སུ་ཚེག་ཡིག་གིས་བསྐང་བ་རྣམས་འོལ་ཚོད་དུ་དཔག་དཀའ་མོད། འདིར་སྐུ་ཞབས་བང་ཡའོ་ལགས་ཀྱིས་ ཀ ༡ ༇དར་རྨའི་གུ་་་་་(ར་པོ་ཆེའི)ཞེས་ཚོད་དཔག་བྱས་ཏེ་བླ་ཐབས་སུ་བསྣན་པ་ལའང་རྒྱུ་མཚན་ཡོད་དེ། 
        ཀ ༡ ༇དར་རྨའི་གུ་་(ར་པོ་ཆེའི)བསྣན་ན་ཡིག་ཕྲེང་འོག་མའི་ནོག་ཅེས་པར་འགྲེལ་ཆགས་དང་གཅིག གོང་གི་རྨ་གུར་པོ་ཆེའི་གོས་བུ་ཤིང་འོག་ཅེས་པར་ཆ་འདྲ་བ་གཉིས་ཏེ། ནོག་དང་འོག་དོན་གཅིག་དགོས་པར་མཐོང་སྟེ། ན་དང་འ་ཡིག་གཉིས་སྒྲ་གདངས་ཞན་པའི་ཤིན་ཏུ་མོ་ཡིག་དང་མོ་ཡིག་གཉིས་ལ་ཁེལ་བས་གནའ་བོའི་ཡིག་ཚང་གི་ཁྱད་ཆོས་ལྟར་ཡི་གེའི་སྒྲ་གདངས་དང་མཚན་རྟགས་མཚུངས་པའི་ཕྱིར་ཕན་ཚུན་བརྗེ་རེས་བྱེད་པའང་ཡོད་པས་སོ།།
       ཀ ༡ དེའང་དར་རྨ་ཞེས་པ་དར་མ་ཞེས་པའི་དོན་ལ་འཇུག་པར་སེམས། དེ་འང༢ གོས་བུ་འབྲིའ་རྨའོ་ཁང ཞེས་པའི་འབྲི་མོ་ལ་འབྲི་རྨའོ་ལྟར་འབྲི་ཚུལ་ཡོད་པས། དར་མ་ལའང་དར་རྨ་ལྟར་འབྲི་ཚུལ་ཡོད་པར་འཐུས། དར་མ་ལྟར་ན་རུས་མིང་དང་ས་མིང་གཉིས་ཀར་འགྲེལ་ཆོག་ལ། དེའང་ས་མིང་ལྟར་ན་《གནའ་བོའི་ཞང་བོད་ཚིག་མཛོད།》ལས་དར་མ་ནི་ཞང་ཞུང་གི་ལྷོའམ་ལྷོ་ཡི་ས་ཆ་ལ་གོ[50]ཡང་རུས་མིང་ལྟར་ན་དར་མ་ཁྲི་ཙེ་དང་དར་མ་འུ་དུམ་བཙན་སོགས་ལོ་རྒྱུས་ལས་བྱུང་བ་ལྟར་རུས་མིང་ལ་གོ་ཡང་འཁྲུལ་བའི་ངེས་པ་མ་རྙེད་དོ།།
        དར་ལྗང་གུ་དྔ། སྦྱར་མ་གོས་བུ་ཤིང་། དཔྱང་ལག་ཟ་འོག་སྟ་ནིག་ཅན་རྣམས་གོང་མིང་འགྲེལ་ལྟར་རོ།།
       ཁ ༢ གོས་བུ་འབྲིའ་རྨའོ་ཁང
       ༣ ཨོང་ཅག་གཆིག ཅེས་པ་ནི་སྐུ་ཞབས་བང་ཡའོ་ཡིས་རིན་གོང་འབྲི་མོ་གཅིག་དང་འདྲ་བའི་གོས་བུ་ཞིག་ཏུ་འགྲེལ་བས་དེ་ལའང་རྒྱུ་མཚན་ཅུང་ལྡན་པར་རིགས་མོད།འབྲི་མོ་ཁང་ཨོང་ཅག་གཆིག་ཞེས་པའི་དོན་འགྲེལ་གསལ་བོ་ཞིག་ཕྲན་གྱིས་དཔྱད་པར་མ་ནུས་པས་རེ་ཞིག་དཔྱད་བྱར་བཞག་གོ

10.jpg

       ཀ ༡ ༇ས:གོ:དར:གྱི་་་་་་་་་
      ༢ མ་ཅན་དང་སྦྲེལརོ:
       ཁ ༡ ་་་་་་ཨའ:གོས:དང དྲེག
        ༢ ས་ཅན:པྲུགས:ཤིག །
       ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི8དང་ཞེང་ལ་ལི་སྨི1.8-1.5འཐུག་ཚད་ལ་ལི་སྨི0.4། མདུན་རྒྱབ་གཡས་འགྲམ་གྱི་ཡི་གེ་གསལ། གཡོན་འགྲམ་མི་གསལ། རྒྱབ་ངོས་ཀྱི་ཡིག་ཕྲེང་དང་པོ་མི་གསལ། ཡིག་ཕྲེང་གཉིས་པ་གསལ་ལ་འདོན་ཐུབ།

       ཀ ༡ ས་གོ་དར་གྱི་་་་་་་ཞེས་པའི་རྗེས་སུ་ཚེག་ཡིག་གིས་བསྐང་བ་རྣམས་ཚོད་དཔག་བྱེད་དཀའོ། ། ཡིན་ཡང་ས་གོ་དར་ཞེས་པ་གོང་དང་འདྲ་བར་ས་མིང་ངམ་རུས་མིང་ཞིག་ཏུ་འདོད་ལ་དཔྱད་བྱར་ལྷག
       ཀ ༢ མ་ཅན་དང་སྦྲེལརོ་ཞེས་པའི་མ་ནི་ཡིག་ཕྲེང་དང་པོའི་རྗེས་འཇུག་གམ་ཚིག་གྲོགས་ཞིག་ཡིན་ཚོད་འདུག་ལ།ཤིང་ཁྲམ་བཅུ་གཅིག་གི་ཁྱད་ཆོས་ལྟར་མིང་བརྡ་བསྐྱར་ཟློས་འབྱུང་བར་གཞིགས་ན། གོང་གི་ཡིག་ཕྲེང་དང་པོ་ ཀ ༡ ༇ས་གོ་དར་གྱི་་་་ཚེག་ཡིག་དེ་ནི་གོང་གི་ཤིང་ཁྲམ་དག་ལ་རིགས་བསྒྲེས་ནས་དཔྱད་ན་(ས་གོ་དར་གྱི་གུར་པོ་ཆེ་གོས་བུ་ཤིང་སྦྱར)མ་ཅན་དང་སྦྲེལརོ་དང་། ཅེས་པ་ཡིན་ནམ་སྙམ་ལ་དཔྱད་བྱར་ལྷག
       ཁ ༡ ཨའ་གོས་ཞེས་པ་གོས་ཀྱི་རིགས་ཤིག་ཨེ་ཡིན་སྙམ།
       ཁ ༡ ཁ ༢ དྲེགས་ཅན་པྲུགས་ཤིག་ཅེས་པ་ཡིག་ངོས་ལྟར་གོ་བ་ལེན་དཀའ་ཡང་ཁ་སྐད་ལ་སྦྱར་ན་གྲགས་ཅན་ཕྲུགས་ཤིག་ཅེས་པ་ཨེ་ཡིན་སྙམ། རྒྱུ་མཚན་དྲེགས་ཅན་དང་གྲགས་ཅན། པྲུགས་དང་ཕྲུག་གཉིས་སྒྲ་མཚུངས་ཡིན་ལ་ཕྲུག་སྟེ་སྣམ་བུ་རིགས་ཤིག་ཡིན་པ་འདྲ། དེ་མིན་སྒྲ་མཚུངས་པས་གནའ་ཡིག་ཁྱད་མེད་དུ་འཇུག་ཚུལ་དང་ལྷག་པར་དུ་པ་དང་ཕ་གཉིས་འགྱུར་བའི་རང་བཞིན་ཏུན་ཧོང་ཡིག་རྙིང་དུའང་གསལ་བས་འདིར་མ་སྤྲོས། 

11.jpg

       ཀ ༡ ༇ཐར:ཐར:དམར:པོའ:
       ༢ དཔྱང་ལག :ཏར་གོང་:
       ༣ མ : ཟ:བོག : སྟ་ནིག
      ཁ ༡ ཅན:། ལུ:གུ:སླག:ཏང་
       ༢ སྦྱར:མ:གཆིག
       ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི6.5དང་ཞེང་ལ་ལི་སྨི2.2-2འཐུག་ཚད་ལ་ལི་སྨི0.4-0.5།གཡོན་འགྲམ་ན་ཨི་ཁུང་ཞིག མདུན་ངོས་སུ་ཡིག་ཕྲེང་གསུམ། རྒྱབ་ངོས་སུ་ཡིག་ཕྲེང་གཉིས། ཡིག་རྗེས་མང་ཆེ་བ་གསལ།
       ཀ ༡《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》་ཞེས་པ་ལས། “དྲུག་ཏུ་བརྩྀའོ་། སྔ་མདའ་དབང་བ་ནྀ། ཐུར་ཐུར་གཡོན་ལོགསུ་མཐོ་གང་། ཡོན་པུར་བཅད་ཏེ། གཡས་ལོག” [51] ཞེས་གསལ་བ་ལས་ཐར་ཐར་རམ་ཐུར་ཐུར་ནི་ཁོག་སྨད་ལ་གོ་བ་འདྲ། ཡིན་ཡང་གོང་ནས་ཞུས་པ་བཞིན་ཤིང་ཁྲམ་M10;4-4ལས ཐར་ཐར་ལེ་བ་ཞེས་པ་ནི་《བོད་ཡིག་ཚིག་གཏེར་རྒྱ་མཚོ། 》ལས་ཐར་ཐར་ནི་སྒྲའི་ཁྱད་པར། སྤུས་ཀའམ་རྐང་ཞན་པ། སྣམ་བུ་འདི་ཐར་ཐར་ཞིག་ལས་མི་འདུག[52]ལྟ་བུར་འགྲེལ་བས། ཐར་ཐར་དམར་པོ་ཞེས་པ་དང་གོང་གི་ཐར་ཐར་ལེ་བ་གཉིས་དོན་གཅིག་པར་སྣང་།
      ཀ ༢ དཔྱང་ལག་ཞེས་པའི་དོན་མི་གོ་མོད། དགེ་བཤེས་བློ་གྲོས་རབ་གསལ་གྱི་《གནའ་བོའི་ཞང་བོད་ཚིག་མཛོད་》ལས། དཔྱང་བུ་ཞེས་པ་དར་དཔྱང་ངམ་སྲུབ་མེད་པའི་དར་ཡུག གཞན་ཡང་དཔྱང་རལ་ཞེས་པར་གཟན་དང་འདྲ་བའི་གོས་ཤིག[53] ཞེས་གསལ་བས། དེ་དང་ཆ་འདྲ་བའི་དར་གོས་ཀྱི་རིགས་ཤིག་ཡིན་ནམ་སྙམ། གཞན་ཡང་ལི་ཡུལ་ནས་ཐོན་པའི་ཁྲམ་ཡིགRMF92དུ།“དཔང་ལག་དུ་གཏད་ཅིང་མཆིས། ནོ་ཁྲིའི་་་་མཆིས། བདག་གི་ཞིང་རིན་་”[54] ཞེས་པའི་དཔང་ལག་ཅེས་པ་དཔྱང་ལག་ཏུ་ངེས་ན་དར་གོས་ལ་གོ་བ་མིན་ཡང་སྲིད་པས་དཔྱད་གཞིར་ལྷག 
       དེའང་དཔྱང་ལག་ཏར་གོང་མ་ལྟ་བུ་སྐུ་ཞབས་བང་ཡའོ་ཡིས་དཔྱང་ལག་ཏང་གོང་མ་ལྟར་ཕབ་ཡོད་ལ་ཏང་ངམ་ཏར་གང་ཡིན་ཁ་ཚོན་གཅོད་དཀའ་མོད། ཁོ་བོས་ཡིག་རྙིང་ལས་དར་གྱི་འབྲི་ཚུལ་ཏར་བཞིན་བྲིས་པར་འདོད། དར་གོང་མ་ཞེས་པ་ཡང་དར་གྱི་རིགས་ཤིག་ཏུ་འགྲེལ།
      ཀ ༢ ཀ ༣ ཟ་བོག་སྟན་ནིག་ཅན་ཞེས་པ་གོང་ལྟར་རོ།།
       ཁ ༡ ལུ་གུ་སླག་ཏང་སྦྱར་མ་གཆིག ཅེས་པ་ལུ་གུའི་པགས་ཚར་སྦྱར་མ་གཅིག་ཟེར་བ་འདྲ་སྟེ།དེའང་ནང་ཚ་རུ་དང་ཕྱི་གོས་ཚར་སྦྱར་མ་ལ་གོ་དགོས་པར་སྙམ། སླག་ཏང་ཟེར་བ་ཁ་སྐད་ལའང་ཅུང་ཙམ་གཞོལ། མདོ་སྨད་ས་ཆ་ཁ་ཤས་ཀྱི་ཡུལ་སྐད་དུ་ཚར་ཏང་གཅིག་ཅེས་པའི་བཤད་སྲོལ་ཡོད་ལ། དེ་ཡང་སླག་ཏང་གཅིག་ཅེས་པའི་དོན་ནོ།།

12.jpg

       ཀ ༡ ༇དར:ལྗང་་་་་་་་་་སེའུ་ཙེ ཁ ༡ ཅན་་་་་་་་་་་་་་ནག་པོ:དར་གྱི
       ༢ ཟ:བོག : ཀིམ:་གྱི་གླས:བའི ༢ པྲུགས་ཤིག
       ཤིང་ཁྲམ་འདིའི་སྲིད་ལ་ལི་སྨི7.5དང་ཞེང་ལ་ལི་སྨི2 འཐུག་ཚད་ལ་ལི་སྨི0.6-0.4། གཡོན་འགྲམ་ན་ཨི་ཁུང་ཞིགསྔ་རྒྱབ་གཉིས་སུ་ཡིག་ཕྲེང་གཉིས་རེ། མདུན་ངོས་ཀྱི་ཡིག་རྗེས་ཕྱེད་ཀ་ཙམ་གསལ། རྒྱབ་ངོས་ཀྱི་ཡི་གེ་ཅུང་མི་གསལ། ་
       ཀ ༡ དར་ལྗང་ཞེས་པ་དར་གོས་ལྗང་ཁུ་ལ་གོ 
       ཀ ༡ དར་ལྗང་་་་་སེའུ་ཙེ་བར་གྱི་ཚེག་ཡིག་ནི་ཚོད་དཔག་བྱེད་དཀའ་མོད། གོང་གི་ཤིང་ཁྲམ་དང་སྦྱར་ན།
       ཀ ༡ དར་ལྗང་(ཁུ་དྔ་སྦྱར་མ།)ཞེས་པ་འདྲ།
       ཀ ༡ སེའུ་ཙེ་ཟ་བོག་ཅེས་པའི་སེའུ་ཙེ་ནི་ས་མིང་ཞིག་ཡིན་པ་འདྲ། དེའང་རྒྱ་སོགས་མི་རིགས་གཞན་ནས་དར་བའི་ཟ་བོག་གི་རིགས་ཤིག་སྟོན་པ་འདྲ་ལ་དཔྱད་བྱར་ལྷག
        ཁ ༢ ཟ་བོག་ནི་གོང་ལྟར་རོ།།
       ཁ ༢ ཟ་བོག ཀིམ་གྱི་གླས་བའི་ཅན་་་་ཞེས་པའི་ཡིག་ཕྲེང་གཉིས་པའི་ཕྱི་མ་དང་ཡིག་ཕྲེང་གསུམ་པའི་སྔ་མ་ཅན་གཉིས་མཉམ་དུ་སྦྱོར་དགོས་པར་རིགས་མོད། ཀིམ་གྱི་གླས་བའི་ཅན་ཞེས་པ་ལས་ཀིམ་ཞེས་པ་ནི་ཀིམ་པ་ཀ་ཞེས་པའི་འབྲས་བུ་ལྟ་ན་སྡུག་ཅིང་རོ་མངར་ལ་ཟོས་ན་དུག་རིགས་ཀྱི་ཤིང་ཞིག་ཨེ་ཡིན་སྙམ་ལ། དེ་ཡིས་གླས་པའི་ཅན་ཞེས་པ་ནི་དེ་ཡི་བཟོས་པའི་ཅ་ཅེའམ་ཅ་ནེ་ཞེས་པའི་དོན་ཨེ་ཡིན་སྙམ་སྟེ། ཅ་ནེ་དང་ཤིང་ཕོར་སོགས་གཏེར་ལམ་དུར་རྫས་ལས་བྱུང་བ་སེ་ལྦེ་སི་ཡི་བོད་ཀྱི་གནའ་རྫས་ཞིབ་འཇུག་པ་ཨེ་མིས་ཧེ་ལིར་གྱིས་བྲིས་ཤིང་ཤ་བོ་མཁའ་བྱམས་ལགས་ཀྱིས་སྒྱུར་བའི་《བོད་ཀྱི་བང་སོ་ལས་བྱུང་བའི་པུར་སྒམ་ཚོན་ཁྲ་མའི་སྐོར་ལ་ཐོག་མར་དཔྱད་པ》ཅེས་པའི་དཔྱད་རྩོམ[55] དུ་གསལ།
       ཁ ༡ ཅན་་་་་་་་་་་་ནག་པོ་དར་གྱི་ཞེས་པའི་བར་གྱི་ཚེག་ཡིག་ཚོད་དཔག་བྱེད་དཀའ་བས་དཔྱད་བྱར་ལྷག
        ཁ ༡ ནག་པོ་དར་གྱི་པྲུགས་ཤིག་ཅེས་པ་གོང་ལྟར་ནག་པོ་དར་གྱི་ཕྲུག་གམ་སྣམ་བུ་ཞིག་ལ་གོ་དགོས་པར་སྣང་། གཉིས། དུར་རྫས་ལས་མིང་གི་རིགས་དབྱེ།

aaa.jpgbbb.jpg ccc.jpg

       གོང་གི་རེའུ་མིག་ལྟར་གནའ་བོའི་ཡི་གེའི་ཁྱད་ཆོས་རྣམས་ཅུང་ཟད་བཀྲལ་ན།ཐོག་མར་དབྱངས་ཡིག་འགྱུར་ཚུལ་དང་མིང་གཞིའི་འགྱུར་ཚུལ། བརྡ་གསར་རྙིང་གི་འགྱུར་ཚུལ། སྐད་ཆའི་འགྱུར་ཚུལ་སོགས་རྣམ་པ་གང་རུང་གི་སྒོ་ནས་དཔྱད་ཆོག་པར་སེམས།
       དེ་ཡང་འདིར་གུག་གུ་ལྡོག་པ་ཅན་མང་པོ་མེད་མོད་ཁ་ཤས་ཀྱང་ལྷག་སྟེ། ཨྀ་ཡིག་དང་གུག་གུ་ཨི་ཡིག་བར་འགྱུར་བའི་རང་བཞིན་དང་རེས་མོས་ཀྱིས་བེད་སྤྱོད་བྱེད་སྲོལ་ཡོད་དེ། དཔེར་ན་ན་རོས་ཀྱྀ་གདུབ་གཆིག་ལྟ་བུར། ན་རོས་སྔ་མར་ཀྱྀ་དང་ཕྱི་མར་ཀྱི་གང་རུང་དུ་བྲིས་འདུག ཡང་དར་ལྗང་ཀུ་དང་དར་ལྗང་གུ་གཉིས་ལས་ཀ་དང་ག་ཡིག་གི་མིང་གཞིའི་འགྱུར་ཚུལ་དང་། གཆིག་དང་གཅིག་ལས་མིང་གཞི་ཆ་དང་ཅ་ཡིག་གི་འགྱུར་ཚུལ། བྱར་བ་དང་ཕྱར་བ་ལས་མིང་གཞི་བ་དང་ཕ་ཡིག་འགྱུར་ཚུལ། ཟ་འོག་དང་ཟ་བོག་ལས་འ་དང་བ་རེས་མོས་སུ་འབྲི་ཚུལ། དེང་སྐབས་ཁ་ལ་འགྱུར་ཚུལ་སོགས་ལས་ང་ཚོས་ཤེས་པ་ཞིག་ལ། གནའ་ཡིག་ལས་མིང་གཞི་ཞེས་པ་ནི་གསལ་བྱེད་སུམ་ཅུ་མིང་གཞིར་གྱུར་བའི་མིང་གཞི་ཡིན་པ་ལས་མིང་རྐྱང་ཉི་ཤུ་ཁོ་ན་མིན། བོད་ཀྱི་གནའ་བོའི་ཡིག་ཚང་དུ་མིང་གཞི་མང་པོ་ཞིག་རེས་མོས་ཀྱིས་བེད་སྤྱོད་བྱེད་སྲོལ་ཡོད་པ་རྣམས་ཀྱང་ཡི་གེའི་སྐྱེ་གནས་ཀྱི་དོག་ཡངས་དང་། སྒྲ་གདངས་ཀྱི་དྲག་ཞན། ཕོ་མོ་མ་ནིང་གི་དབྱེ་བ་བཅས་ལ་འབྲེལ་ཞིང་། དཔེར་ན། ཀ་སྡེ་ལས་ཀ་ཁ་ག་གསུམ་གྱི་སྐྱེ་གནས་ནི་དོག་པའི་མགྲིན་པ་དང་ཡངས་པའི་ལྕེ་རྟིང་གཉིས་ཡིན་ལ། ཅ་སྡེ་ལས་ཅ་ཆ་ཇ་ཉ་བཞི་བོ་ཡང་སྐྱེ་གནས་ཡངས་པའི་རྐན་དང་ལྕེ་རྩེ་གཉིས་ཡིན་ལ། ཕན་ཚུན་བརྗེ་རེས་དང་བྱེད་ཆོག་པའི་རྒྱུ་མཚན་ཡང་ཡི་གེའི་སྐྱེ་གནས་དང་སྒྲ་མཚུངས། རྟགས་མཚུངས་གསུམ་གྱི་ཆ་ནས་དབྱངས་ཡིག་དང་མིང་གཞི་ལས་གཞན། སྔོན་རྗེས་ཡང་གསུམ་དང་། མགོ་འདོགས་བརྩེགས་ཡིག་སོགས་དེང་དུས་ཀྱི་སུམ་རྟགས་དགོངས་གཞི་དང་མི་འདྲ་ཞིང་བལྟས་མ་ཐག་ཡིག་ནོར་དུ་སོང་བའང་གང་མང་དུ་སྣང་ངོ་།།

གསུམ། གྱོན་གོས་ཆ་ལུགས་དང་དུར་སྲོལ།
༼༡༽གྱོན་གོས་ཆ་ལུགས།

       དེའང་དུས་རབས་བདུན་པ་ནས་བཟུང་བོད་ཀྱི་གྱོན་གོས་ཆ་ལུགས་ལའང་འགྱུར་ལྡོག་བླ་ལྷག་བྱུང་ཡོད་དེ།རྒྱ་ནག་ནས་དར་འབུ་གསོ་བའི་ལག་རྩལ་ནང་འདྲེན་བྱས་ཤིང་།སྟག་གཟིག་དང་དྲུ་གུའི་དར་གོས་སོགས་ཀྱང་ནང་འདྲེན་བྱས་ཡོད་པ་དུར་རྫས་དག་ལས་མཐོང་བ་ནང་བཞིན་རེད། གཞན་ཡང་ བཙན་པོ་དང་བཙན་མོ་ཡིས་སྟག་གཟིག་གི་བེར་གྱོན་ཞིང་ཕོ་བྲང་གི་ཕྱི་ནང་ལ་རིམ་གྱིས་དར་གོས་གྱོན་པའི་ཆ་ལུགས་རྒྱུན་འབྱམས་སུ་དར་བ་ངང་གིས་མཚོན།
      ཚ་འདམ་གཞོངས་ཀྱི་ས་ཁུལ་འདི་ཡང་སྐབས་དེའི་དར་གོས་ཚོང་ལམ་གལ་ཆེན་ཞིག་ཏུ་འཁེལ་བས་དེའང་གྱོན་གོས་ཆ་ལུགས་ཀྱི་ཐད་ནས་ཨེ་མེས་ཧེ་ལིར་ན་ཡིས་“ཁོ་བོས་བལྟས་ན་ལེབ་ཁོག་གི་བྲག་བརྐོས་ལ་མི་བྱེ་བྲག་པའི་མིང་བརྐོས་མེད་ལ། ཁོང་ཚོ་བོད་རིགས་ཡིན་པ་གཙོ་བོ་གྱོན་ཆས་གཞི་བྱས་པ་ཞིག་དང་། དབུ་ལ་ལ་ཐོད་དང་གྱོན་པ་ཙམ་གྱིས་མི་སྣ་བྱེ་བྲག་པ་སུ་ཡིན་ཤེས་དཀའ། གོར་མོ་ཤ་ཐུལ་ས་ཆའི་པུར་སྒམ་དང་ཚོན་སྒམ་གཞན་བར་གཞི་འདྲ་བའི་སྣང་བརྙན་མང་པོ་ཡོད་ཀྱང་གོ་རིམ་ཁྱོན་ནས་མི་འདྲ་བས་མི་བྱེ་བྲག་པ་ཞིག་གི་མཚོན་དོན་ཡིན་དཀའ། དེ་ལས་འཚོ་བའི་སྤྱི་རྣམ་ཙམ་དུ་གོ་ན་འགྲིག་པར་འདོད་ཅིང་། ཀྲུང་གོའི་གནའ་དཔྱད་པ་ལ་ལས་བོད་པར་མི་འདོད་མོད། ང་ཚོ་ཀུན་ལ་གསལ་ཆ་ཆེ་བ་ནི་འ་ཞ་དུས་རབས་བདུན་པའི་སྨད་ལ་བོད་ཀྱིས་བསྣུབས་ནས་བོད་ཀྱི་གོམས་སྲོལ་ལ་བསྟུན་ཡོད་པ་དང་། རྒྱའི་ཐང་ཡིག་ཏུ་བོད་པས་གདོང་ལ་མཚལ་བྱུགས་པའི་སྲོལ་འདི་རྒྱ་བཟའ་མ་དགའ་བར་བཀག་པར་གསུངས་ན། པུར་སྒམ་སྟེང་གི་མིའི་གདོང་ལ་ཚལ་བྱུགས་པ་རྒྱུ་མཚན་ཅི་ཡིན། མ་འོངས་པའི་ཞིབ་འཇུག་ཁྲོད་བོད་བཙན་པོའི་འོག་གི་མི་རིགས་མི་འདྲ་བའི་འཚོ་བ་མཚོན་པའི་གནས་ཚུལ་ལ་མཇུག་སྡོམ་ཡོང་ངེས་ཤིང་། པུར་སྒམ་གྱི་རི་མོ་འདིས་བོད་བཙན་པོའི་དུས་སུ་བོད་རིགས་ཀྱི་གནས་སྤོ་གཞི་ཆགས་དང་ཁྱིམ་མཚེས་བར་གྱི་འགྲོ་འོང་རིག་གནས་རྟོགས་ཐུབ་པར་མ་ཟད། པུར་སྒམ་སྟེང་གི་བུ་བུ་མོའི་མི་སྣའི་ཞིབ་འཇུག་གིས་ཁོང་ཚོའི་ལས་ཀ་དང་མཚོན་ཆ། བཟའ་ཆས། གོན་པ། རྒྱན་ཆ། ཞལ་རས་མཛེས་བཟོ། འཚོ་བའི་ཡོ་བྱད་བཅས་གནའ་བོའི་བོད་མིའི་ཉིན་རྒྱུན་འཚོ་བ་དང་དེང་གི་འབྲོག་པའི་ཡུལ་སྲོལ་དང་ཆོ་གའི་བར་གྱི་འབྲེལ་བ་སོགས་རྟོགས་ཐུབ་པར་ཕན་ལ། དེ་མིན་མུ་མཐུད་ནས་འདིའི་སྐོར་གྱི་གནའ་བོའི་བོད་དམ་བོན་པོའི་འདས་མཆོད་ཀྱི་ཡིག་ཚང་རྙིང་བ་ཡོད་མེད་དང་གནའ་དཔྱད་རིག་པས་བདེན་དཔང་བྱེད་ཐུབ་མིན་སོགས་ལ་མཉམ་འཇོག་བྱེད་དགོས་སོ།།”[56]ཞེས་པའི་དགོངས་ཚུལ་བཏོན་པ་འདི་ལས་གོང་གི་ཤིང་ཁྲམ་དག་ལས་བྱུང་བའི་དར་གོས་ཀྱི་རིགས་དང་གུར་པོ་ཆེ་སོགས་བོད་སྤྱི་ལ་དར་སྲོལ་ཡོད་མེད་མི་ཤེས་མོད། བོད་བཙན་པོའི་སྐབས་ལ་དུས་རབས་གཉིས་ཙམ་ལ་དབང་སྒྱུར་མྱོང་བའི་དྲུ་གུ་དང་འ་ཞའི་ཡུལ་དུ་བལྟས་བཅས་ཀྱི་སྒོ་ནས་ཡུལ་སྲོལ་ཆ་ལུགས་དང་དར་གོས་གོན་པ་སོགས་ཀྱང་ས་གནས་དེ་ག་དང་མཉམ་གནས་སུ་བྱུང་བ་དང་། གཞན་ཡང་དར་གོས་ཚོང་ལམ་ཡིན་པས་ཆ་ནས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ནས་དར་བའི་དར་གོས་ཀྱི་རིགས་ཀྱང་བྱུང་ཡོད་པར་རིགས། ཡིན་ཡང་དར་གོས་ཚང་མ་མི་རིགས་གཞན་ནས་ནང་འདྲེན་བྱས་ཟེར་ནའང་སྔར་བྱུང་མ་མྱོང་བའི་བོད་ཡིག་གི་གོས་ཡིག་བྱུང་ཡོད་པས། བོད་རང་ལའང་དར་འབུ་གསོ་བའམ་དར་གོས་ཐོན་སྐྱེད་བྱེད་པའི་ལག་རྩལ་བྱུང་མྱོང་བ་ར་སྤྲོད་བྱུང་། གཞན་ཡང་ཁོང་གིས་“མཚོ་སྔོན་པོའི་ནུབ་བྱང་རྒྱུད་དང་ཡུ་གུར་ས་ཆའི་རྒྱུད་ལ་བོད་ཀྱིས་ཏུན་ཧོང་དང་ཉེ་འགྲམ་དར་གོས་ཚོང་ལམ་བཟུང་ནས་དབང་སྒྱུར་གནང་ཡོད་པར་མ་ཟད། མཚོ་སྔོན་པོའི་བྱང་ཤར་ཐག་རིང་པོའི་བརྒྱུད་དམ་རྨ་ཆུའི་སྟོད་བརྒྱུད་ནས་ཨི་ཨར་ཏོ་སི་རི་རྒྱུད་བར་དུས་རབས་བརྒྱད་པ་ནས་བཅུ་པའི་བར་བོད་པའི་གནས་གཞི་བཅས་ཡོད། དེས་ན་མེ་བྲོ་ཕོ་ལི་ཐན་སྒྱུ་རྩལ་བཤམས་མཛོད་ཁང་དུ་ཉར་ཅིང་པར་རིས་སྟེང་ཡ་གླིང་དཀྱིལ་མ་དང་ཙི་ནའི་དར་གོས་སྟེང་རྒྱུགས་ཆེ་བའི་སྒོར་དབྱིབས་དང་ཤིང་རིས་རི་མོ་གཙོ་བྱས་ལ། སྲོག་ཆགས་སྟེང་ཙི་ནའི་ལུགས་སྙེགས་མེད་པའི་པུར་སྒམ་འདིས་བོད་བཙན་པོའི་དུས་ཀྱི་མདོ་སྨད་དང་རྨ་ཆུའི་སྟོད་རྒྱུད། ཧོ་ཞི་དོག་ལམ་ས་ཆའི་རིག་གནས་ཀྱི་འབྲེལ་བ་མཚོན”[57]ཞེས་པའི་དགོངས་ཚུལ་འདི་ནི་བོད་ཀྱི་ལོ་རྒྱུས་ལ་གཞི་བཅོལ་ཞིང་ཚྭ་འདམ་གཞོངས་དང་དར་གོས་ཚོང་ལམ་བར་གྱི་འབྲེལ་བ། པུར་སྒམ་སྟེང་གི་མིའི་ཆ་ལུགས་གོན་པ་སོགས་ཀྱང་སྐབས་དེའི་ལོ་རྒྱུས་དངོས་དང་མཐུན་པ་ར་སྤྲོད་བྱས་འདུག་སྙམ།
       གཞན་ཡང་མཁས་དབང་དགེ་ཆོས་ཀྱིས་“བོད་ཀྱི་རྗེ་བློན་རྣམས་ཀྱང་ཏ་ཟིག་པའི་སྲོལ་ལུགས་གནང་བ་ཡིན་ནམ་སྙམ་སྟེ། སྲོང་བཙན་གྱིས་དར་དམར་པོའི་ཐོད་བཞེས་པ་སོགས་ཀྱང་བཤད་ལ། ཟ་འོག་གི་བེར་དང་། ཕྱགས་ལྷག་སྣེ་འཁྱིལ་གྱོན་པ་སོགས་ཀྱང་ཏ་ཟིག་གི་སྲོལ་དང་འདྲ། ལར་ཟ་འོག་ནི་སྔོན་དུས་སུ་རྒྱ་གར་གཉིས་ཀར་ཡང་གྱོན་སྲོལ་མེད་པར་འདུག རྗེས་སུ་དཔོག་པའི་ཐབས་གཞན་ཞིག་ནི་འདི་ལྟར། རྒྱལ་ཁམས་སོ་སོའི་ཡུལ་ལྷ་རྣམས་ནི་ཡུལ་དེ་དང་དེའི་སྔོན་གྱི་མི་གཙོ་བོ་དག་གི་ཆ་ལུགས་སུ་ཡོད་པ་ཡིན་ལ། དེས་ན་རང་རེ་རྣམས་ཀྱིས་ཀྱང་བཙན་དང་རྒྱལ་པོ་ཞང་བློན་སོགས་སུ་འབོད་པའི་ཡུལ་ལྷ་འདི་དག་ལ་བལྟས་ནས། སྔོན་གྱི་བཙན་པོ་དང་རྒྱལ་པོ་རྣམས་དྲག་པོ་གཡུལ་གྱི་ཆ་ལུགས་ཇི་ལྟར་མཛད་པའི་རྣམ་པ་རགས་ཙམ་ཞིག་དཔྱད་ན་མི་འཚམ་ན་ཆེར་མེད་པར་སེམས།” [58] གསུངས་པ་ལས་ཀྱང་གནའ་བོའི་བོད་མིའི་ཆ་ལུགས་ཅུང་ཟད་ཤེས་ལ། དེའང་ཤེའུ་བང་སོ་ལས་ཐོན་པའི་པུར་སྒམ་སྟེང་གི་མིའི་ཆ་ལུགས་དང་ཆེས་ཆེར་འདྲ་ཞིང་དར་དམར་པོའི་ལ་ཐོད་བཅིངས་པ་སོགས་ཞིབ་ཕྲའི་པར་རིས་དག་《བོད་ཀྱི་བང་སོ་ལས་བྱུང་བའི་པུར་སྒམ་ཚོན་ཁྲ་མའི་སྐོར་ལ་ཐོག་མར་དཔྱད་པ》ཞེས་པ་ལ་གཟིགས་ན་ཤེས་སོ།།

༼ ༢ ༽དུར་སྲོལ།

       བང་སོའི་ནང་དུ་སྦས་ནས་དུར་འཇུག་བྱེད་སྟངས་འདི། བོན་གྱི་ལུགས་སྲོལ་ཞིག་ཡིན་ཚུལ་དང་། དེ་ཡང་པུ་དེ་གུང་རྒྱལ་གྱི་ཡབ་གྲི་གུམ་བཙན་པོའི་སྤུར་ཟངས་ཆེན་ཁ་སྦྱོར་གྱི་ནང་དུ་བཅུག་སྟེ་གཙང་ཆུའི་གཞུང་ལ་བསྐྱུར་བ་ཀོང་པོར་ཐོན་པ་དེ།བླུས་ནས་འཕྱང་བ་དར་ཐང་དུ་དུར་བཏབ་པ་འདི།བོད་ཀྱི་ཡིག་ཚང་རྣམས་སུ་བང་སོའི་ཐོག་མ་ཡིན་པར་བཤད། གཞན་ཡང་། རྒྱལ་བློན་བར་དུ་བྲོ་བོར་བའི་རྡོ་དཀར་བོ་ཞིག་བཟུང་ནས།སུ་སྔོན་དུ་གྲོངས་ན་མནའ་བཅད་དེས་གོར་མ་དཀར་བོ་དེ།བང་སོའི་རྨང་དུ་བཞག་ནས་ཕྱག་བསྟར་ནས་བརྩིགས་སྲོལ་ཡོད་དེ།གནམ་རི་སྲོང་བཙན་དང་དབྱི་ཚབ་ཟུང་གིས་མནའ་རྡོ་དེ།ཕྱིས་དབྱི་ཚབ་ཀྱི་མཆད་པའི་རྨང་རྡོ་བྱས་ཚུལ་དང་།བྲོ་བོར་ཚེ་གོར་མ་ལག་ཏུ་ལེན་སྲོལ་དེ་ཉེ་ཆར་ཁམས་དང་འབྲས་ལྗོངས་ན་ཡོད་ཚུལ《དེབ་དཀར》ལས་གསུངས་སོ།། ཡང《དེབ་དཀར》ལས“གྲོངས་པའི་ཚེ་ཤ་རུས་རྣམས་གསེར་ཕྱེ་དང་མཉམ་དུ་བསྲེས་ནས།ལྕགས་སྣོད་དུ་བཅུག་སྟེ་ས་ལ་སྦ། སོགས་སྣང་། རྦ་བཞེད་དུ་ཡང་།གསལ་སྣང་གི་བུ་མོ་ཤི་བའི་རོ་རྫའི་ནང་དུ་བཅུག་ནས། མའི་མལ་འོག་ཏུ་སྦས་ཚུལ་སོགས་ཀྱི་སྒྲོས་བྱུང་བས། དེ་འདྲའི་སྲོལ་ཞིག་ཀྱང་ཡོད་པར་མངོན།”[59] ཞེས་གསུངས་པ་ལྟར་ཤེའུ་བང་སོའི་དུར་སྲོལ་ལས་ཀྱང་རྫ་བུམ་སོགས་ཐོན་པས་དཔྱད་གཞི་ལྷག་གོ
      གཞན་ཡང་《དེབ་དཀར》ལས།“སྐབས་འགར་རྒྱལ་པོ་དང་མི་ཆེན་རྣམས། མཉམ་འཆི་མཉམ་གསོན་བྱེད་པའི་མནའ་འདོར། དེ་འདྲ་བ་རྣམས་རྒྱལ་པོ་གྲོངས་ཚེ་རང་ཉིད་ཀྱང་ལྕེབས་ཤིང་། དུར་ཁུང་གཅིག་ཏུ་སྦ་བ་ཡིན། བཙན་པོའི་རྟ་དང་། གོ་ཁྲབ་གཅེས་ནོར་རྣམས་ཀྱང་དུར་དུ་འཇུག དུར་སྟེང་དུ་རི་དེའུ་འདྲ་བ་ཞིག་བརྩིགས། དེར་ཤིང་སྡོང་འཛུགས་ཤིང་། ལོ་རེ་བཞིན་དུ་མཆོད་པ་ཡིན་ནོ།།”ཞེས་གསུངས་པ་ལས་ཀྱང་ཤེའུ་བང་སོ་དག་ལས་ཐོན་པའི་དུར་སྲོལ་དང་ཆེས་ཆེར་འདྲ་ལ་དུར་རྫས་དང་དུར་མཆོད་སྐབས་ཀྱི་ཤིང་ཁྲམ། དར་གོས་གྱོན་ཆས། ཟོག་ལུག་མདོས་རྫས་སོགས་ལོ་རྒྱུས་མང་པོ་དང་ཞལ་མཐུན་ཞིང་ཉི་ཤར་སྤར་མོས་མི་ཁེབས་པར་གདའ་བས། གནའ་དུས་སུ་གསོན་མཆད་འདེབས་པའི་སྲོལ་ཡོད་པར་མ་ཟད།གཤིན་པོའི་ཉེ་འབྲེལ་རྣམས་དུར་སར་འཛོམས་ནས་དྲན་གསོའི་མཆོད་པ་འབུད་སྲོལ་ཡང་བོད་ཀྱི་ལུགས་ལ་ཡོད་དེ། གཞན་ཡང་ལོ་རྒྱུས་ཡིག་རྙིང་འགར་“སང་གི་ཉི་མར་སྲོང་གི་བང་སོར་མཆོད།གཤིན་པོ་ཐམས་ཅད་བྱེས་ཀྱི་ལུང་བང་སོང་།དེ་སྐད་སྨྲས་ནས་མཆོད་པ་རྒྱས་པར་བྱེད།ཕུད་དང་ནོར་དང་གོས་ལ་སོགས་པ་དང་།རྟ་ཕྱུགས་རྐང་འགྲོས་མཆོད་པའི་རྫས་རྣམས་ཀྱིས།མཆོད་པ་ཚར་ནས་ལྷག་མ་ཤུལ་དུ་སྤུངས།གཤིན་པོ་ཤོག་ལ་དེ་ལས་ཟོ་ཞིག་བསྔོ།ཕྱི་མིག་མི་ལྟ་རང་གི་གནས་སུ་བྱོན།” ཞེས་འབྱུང་ལ། གཞན་ཡང་《ཡིག་ཚང་མ་ཧྭ་རུས་སྦལ》དུའང་“ཐུ་བྷོད་ཀྱིས་མི་ཤི་ཚེ་དུར་གྲོགས་སུ་རྟ་ནོར་གསོད། བང་སོ་ནི་འབུར་མར་བརྩིགས། རྟ་དང་གནག་གི་མགོ་བོ་བཅད་ནས་མཐའ་ལ་སྤོངས། བང་སོ་ནི་གྲུ་བཞི་བྱེད་ཅིང་རྡོ་མང་པོ་བསགས་ནས་བརྩིགས་པ་དང་། དབྱིབས་ལ་ནི་ཁང་ཀླད་ལེབ་མོ་དང་མཚུངས།”[60] ཞེས་པ་འདི་དག་ལས་གནའ་བོའི་བོད་ཀྱི་དུར་སྲོལ་དང་སྒོས་སུ་ཤེའུ་བང་སོའི་ཚོགས་ལ་འབྲེལ་བ་ངེས་ཅན་དུ་སྣང་བ་ཤེས་མོད་འདིར་སྐབས་སུ་ཤིང་ཁྲམ་ལས་ཆེས་ཆེར་མ་འཕྲོས་སོ།།
       མདོར་ན། ཚྭ་འདམ་ཤེའུ་བང་སོ་མང་པོ་ལས་སྒོས་སུ་གླེང་བྱའི་བང་སོ་ཨང་བཅུ་བའི་ཤིང་ཁྲམ་བཅུ་གཅིག་ལ་འདིར་བརྡ་རྙིང་ཙམ་ལས་ཆེས་ཆེར་འགྲེལ་མེད་མོད། གཞན་ཡང་གནའ་བོའི་བོད་མིའི་གྱོན་གོས་ཆ་ལུགས་དང་། ཟ་འོག་དར་གོས་ཀྱི་རི་མོ་སྣ་ཚོགས། དར་ཡིག་ཁྲམ་ཡིག ཕྱི་འབྲེལ་དང་དར་གོས་ཚོང་ལམ། དུར་སྲོལ་དང་དུར་རྒྱགས་ལྟོར་ཟས། ཕོ་བྲང་ངམ་གུར་པོ་ཆེ། ས་མིང་རུས་མིང་། ལྕགས་རིགས་བཙོ་སྦྱང་ལག་རྩལ། སྐད་དང་ཡི་གེའི་བརྡ་རྙིང་སོགས་ཕྱོགས་སོ་སོ་ན་འཚོལ་སྔོག་བྱ་རྒྱུའི་དཔྱད་གཞི་རིན་ཐང་བྲལ་བ་མཐོང་བས་རང་ཅག་གི་གནའ་བོའི་སྲིད་དོན་དང་འཚོ་ཚིས་ལ་དཔྱད་བྱའི་མེ་ལོང་ཞིག་ཏུ་སྣང་ལ། དེ་མིན་དྲུ་གུ་དང་ལི་ཡུལ། སྟག་གཟིག་སོགས་མི་རིགས་གཞན་གྱི་ལོ་རྒྱུས་ཀྱང་ངང་གིས་མཚོན་པས། འདི་ནི་ལོ་རྒྱུས་ཞིབ་འཇུག་པ་དང་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་མཁས་མང་གི་ཞལ་མཐུན་ལྟར་གསུངས་པའི་ཤར་ཕྱོགས་ཀྱི་གཏོར་གཟུགས་མཆོད་རྟེན(东方金字塔)དུ་བསྔགས་པ་དེའང་དོན་དུ་སྨིན་ནོ།།

      དཔྱད་གཞིའི་རྒྱུ་ཆ།

[1] དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱི《མཚོ་སྔོན་ཐུ་བྷོད་ཁྲམ་ཡིག་གསལ་འགྲེལ》[G]1991ལོའི《བོད་ལྗོངས་ཞིབ་འཇུག》དེབ་༣པ།
[2] པ་ཚབ་པ་སངས་དབང་འདུས་ཀྱིས་བརྩམས་པའི《སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ》[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011.12
[3] [9] [22] འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་སྒྲིག་རྩོམ་བྱས་པའི《བོད་བཙན་པོའི་རྒྱལ་རབས》སྟོད་ཆ།[G]དབྱིན་ཇི་དང་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་རྙིང་ཡིག་གི་མ་ཡིག P42 P332 P9
[4] བློ་བཟང་སྨོན་ལམ་དང་ཐུབ་བསྟན་ཉི་མ་གཉིས་ཀྱིས་གཙོ་སྒྲིག་བྱས་པའི་སྨོན་ལམ་གློག་རྡུལ་ཚིག་མཛོད།
[5] ནམ་མཁའ་ནོར་བུའི་《ཞང་བོད་ལོ་རྒྱུས་ཏི་སེའི་འོད》[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009.6 P160
[6] 许新国、格桑本《东嘎洛桑赤列先生与都兰血渭6号墓出土的木牍》《青海藏族》2011年第2期 P51
[7] ཏུན་ཧོང་ཡིག་རྙིངPT1089ཡིག་ཕྲེང43པ།
[8] འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་སྒྲིག་རྩོམ་བྱས་པའི《བོད་བཙན་པོའི་རྒྱལ་རབས》[G]སྨད་ཆP༣༣༤།འདུས་སྲོང་མང་རྗེའི་དོན་ཆེན་ལོ་ཚིགས་མ་ཡིག་ངོ་འདྲ་ལས། s0750,0060 འབྲུགྀ་ལོ་༦༩༢ལ་བབ་སྟེ།བཙན་པོ་ཉེན་ཀར་ན་བཞུགས་ཤྀང་།དབྱར་འདུན་ཤོང་སྣར་འདུསྟེ།མངན་ཆེན་པོ་s0750,0061 དྲུག་དུ་བསྐོས། དགུན་འདུན་སྐྱྀ་གླིང་རིངས་ཙལ་དུ་འདུསྟེ། ཁྲམ་དམར་པོ་བཏབ། མདོ་སྨད་གྱྀ་དགུན་འདུན་s0750,0062 རྒྱམ་ཤྀ་གར་དུ་འདུསྟེ། སུམ་པའི་ཤོ་ཚིགས་བཟུང་བར་ལོ་གཆིག
[10] དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱི《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》[G]མི་རིགས་དཔེ་སྐྲུན་ཁང་། 2006P56
[11]F.M.Thonms,op.Git.partll ,P23
[12] རྨེ་རུ་ཡུལ་ལྷ་ཐར་གྱི《བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག》[M]མི་རིགས་དཔེ་སྐྲུན་ཁང་། 2010
[13]托玛斯《敦煌西域古藏文社会历史文献》[M]刘忠、杨铭译,民族出版社,2003
[14]ཨ་ལྡོང་དཔལ་རྡོ་ཐར།《 ཚྭ་འདམ་བོད་མིའི་བྱུང་འཕེལ་སྐོར་རོབ་ཙམ་གླེང་བ》[J]《མཚོ་སྔོན་བོད་རིགས།》 2012.1
[15]དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན།》[M]མི་རིགས་དཔེ་སྐྲུན་ཁང་། 2006
[16] སྤ་བསྟན་རྒྱལ་བཟང་བོའི《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》[M]ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། 1991
[17] ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས།《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།》[M]མི་རིགས་དཔེ་སྐྲུན་ཁང་།1985
[18] བློ་གྲོས་རྒྱ་མཚོས་མཛད་པའི《གཏམ་སེང་ཆེན་ཉི་མ་འདྲེན་པའི་སྐྱ་རེངས》[M] བོད་ལྗོངས་་མི་དམངས་དཔེ་སྐྲུན་ཁང་། 1994
[19] [24] བློ་གྲོས་རབ་གསལ་གྱི《གནའ་བོའི་ཞང་བོད་ཚིག་མཛོད》[G]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།P328 P269
[20] [21] དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་དེབ་ཐེར་སེང་གེའི་ང་རོ》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P5-6
[23]《བོད་ཀྱི་བང་སོ་ལས་བྱུང་བའི་པུར་སྒམ་ཚོན་ཁྲ་མའི་སྐོར་ལ་ཐོག་མར་དཔྱད་པ།》[J]ཨེ་མེས་ཧེ་ལིར་ནས་བརྩམས། ཤ་བོ་མཁའ་བྱམས་ཀྱིས་སྒྱུར།《མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།》༢༠༡༢ལོའི་དེབ༣པ།P34
[25] [33] [36]གོང་བ་ཀླུ་འབུམ་རྒྱལ་གྱིས་བརྩམས། 《སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་བློ་གསར་སྟོང་གི་འཇུག་སྒོ》[M]མི་རིགས་དཔེ་སྐྲུན་ཁང་། 2006 P251 P221 P320
[26] དུང་དཀར་བློ་བཟང་འཕྲིན་ལས་ཀྱི《དུང་དཀར་ཚིག་མཛོད་ཆེན་མོ།》[G]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2002 P1580
[27] [28] [29] [30] [31] [32] [35] [43] [46] [49] [51] ཐུབ་བསྟན་ཕུན་ཚོགས་ཀྱི་གཙོ་སྒྲིག་བྱས་པའི་《བོད་ཡིག་ཚིག་གཏེར་རྒྱ་མཚོ།》[G]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P2326 P3045 P3049 P38 P337 P3465 P458 P1390 P3331 P2056 P1390
[34]སྦ་གསལ་སྣང་། 《སྦ་བཞེད།》[M]མི་རིགས་དཔེ་སྐྲུན་ཁང་།
[37] [38]དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བརྩམས་པའི་《ཏུན་ཧོང་་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས།་》[G]《རྒྱལ་ཕྲན་དང་རྒྱལ་རབས་རིམ་བྱུང་གི་མིང་།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P60 PT.2204C
[39]ཙོང་ཁ་གཡུང་དྲུང་མགོན་པོ་དང་ཡུམ་སྐྱབས། ལོའུ་ཐེ་ཁྲིན། <<བློན་ཁྲི་ཤེའུ་ཀ>>ཞེས་པ་[J]<<མཚོ་སྔོན་བོད་རིགས།>> 2012.1
[40]ཆབ་འགག་རྟ་མགྲིན་<<མཚོ་སྔོན་གཏེར་ལམ་རྫོང་གི་བོད་བཙན་པོའི་དུས་ཀྱི་བང་སོ་ཨང་གསུམ་པའི་རྡོ་རིང་ཡི་གེ་ལས་འཕྲོས་པའི་གཏམ།>>ཞེས་པ་[J]<<ཀྲུང་གོའི་བོད་རིག་པ>>2012.4
[41]ཨ་ཀྱྰ་བློ་བཟང་ཐུབ་བསྟན་དང་མགོན་པོ་བཀྲ་ཤིས་སོགས་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ནས་པར་སྐྲུན་བྱས་པའི《དག་གསར། 》[G]ཐའེ་ལྦན་ནང་བའི་བདེ་རྩ་ལྷན་ཚོགས། 2003.9P290
[42]许新国《西陲之地与东西方文明》[M]北京燕山出版社2006-01
[44] [52]བསོད་ནམས་སྐྱིད་དང་དབང་རྒྱལ་་གཉིས་ཀྱིས་སྒྲིག་པའི《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》[G]མི་རིགས་དཔེ་སྐྲུན་ཁང་། 1983P49-ཨང437
[45] [48]རྣམ་རྒྱལ་ཚེ་རིང་གིས་བསྒྲིགས་པའི《བོད་ཡིག་བརྡ་རྙིང་ཚིག་མཛོད་》[G]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2001 P548 P305
[47] [50] [53]བློ་གྲོས་རབ་གསལ་གྱི《གནའ་བོའི་ཞང་བོད་ཚིག་མཛོད》[G]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P216 P188 P244
[54]ལྷ་མོ་སྐྱབས་ཀྱིས་《ལི་ཡུལ་ནས་ཐོན་པའི་བོད་ཀྱི་ཁྲམ་བྱང་གི་ནང་དོན་དང་དེའི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་དཔྱད་པ།》2010ལོའི་རམ་འབྱམས་མཐར་ཕྱིན་དཔྱད་རྩོམ། [D]ནུབ་བྱང་མི་རིགས་སློབ་ཆེན། P25
[55] [56] [57](སེ་ལྦེ་སི)ཨེ་མིས་ཧེ་ལིར་གྱིས་བརྩམས་ཤིང་ཤ་བོ་མཁའ་བྱམས་ཀྱིས་སྒྱུར་བའི《བོད་ཀྱི་བང་སོ་ལས་བྱུང་བའི་པུར་སྒམ་ཚོན་ཁྲ་མའི་སྐོར་ལ་ཐོག་མར་དཔྱད་པ》[J]ཞེས་པ《མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།》2012.3 P29-39P29-39P29-39
[58] [59]དགེ་འདུན་ཆོས་འཕེལ་ལགས་ཀྱིས་བརྩམས་པའི་《དེབ་ཐེར་དཀར་པོ།》[M]མི་རིགས་དཔེ་སྐྲུན་ཁང་། 2002.7 P15-16 P48
[60] ཆ་རིས་སྐལ་བཟང་ཐོགས་མེད། 《བོད་བཙན་པོའི་ལོ་རྒྱུས་དང་འབྲེལ་བའི་མཐའ་དཔྱོད་གཅེས་བསྡུས》[M]མི་རིགས་དཔེ་སྐྲུན་ཁང་། 2010.p252
[61] ཚེ་དབང་གིས་བརྩམས།《སྤུ་རྒྱལ་དུས་ཀྱི་བང་སོའི་ཞིབ་འཇུག་ལས་འཕྲོས་པའི་གཏམ།》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2011
[62]གོ་ཤུལ་གྲགས་པ་འབྱུང་གནས།《 བོད་ཀྱི་གནའ་བོའི་ཡི་གེ་ལ་དཔྱད་པ། 》[C]《ཀྲུང་གོའི་བོད་རིག་པ། 》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
[63]སྐྱོགས་སྟོན་ལོ་ཙྰ་བ་རིན་ཆེན་བཀྲ་ཤིས།《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་》
[64]བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་རྩོམ་སྒྲིག་བྱས་པའི་《བརྡ་དཀྲོལ་གསེར་གྱི་མེ་ལོང་།》[G]མི་རིགས་དཔེ་སྐྲུན་ཁང་། 1997
[65]《 མཚོ་སྔོན་བོད་རིགས།》[J] 2011.2
[66]《མཚོ་སྔོན་བོད་རིགས།》[J]2012.1
[67]《ཀྲུང་གོའི་བོད་རིག་པ། 》[J]2012.1
[68]北京大学考古文博学院与青海省文物考古研究所编著《都兰吐蕃墓》[G]科学出版社2005
[69]托玛斯《敦煌西域古藏文社会历史文献》刘忠、杨铭译,[G]民族出版社,2003
[70]许新国、格桑本《东嘎洛桑赤列先生与都兰血渭6号墓出土的木牍》 [J]《青海藏族》2011年第2期 P51
[71]许新国《西陲之地与东西方文明》[M]北京燕山出版社 2006-01

   (བཀྲ་ཤིས་སྐྱབས། མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་རྩོམ་སྒྲིག་ཁང་དུ་ལས་ཀ་གཉེར་བཞིན་ཡོད། )

2013ལོའི་«ཀྲུང་གོའི་བོད་རིག་པ»དེབ་གྲངས་གསུམ་པ་ལས་བཤུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།