ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་ཐད་བསྟན་དོན།

[ཟླ་ཚེས། 2025-09-30 11:37:17][རྩོམ་པ་པོ། ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།][རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།][ཀློག་གྲངས། ]

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་9ཚེས་29ཉིན་གྱི་ཕྱི་དྲོ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཐོག རང་རྒྱལ་གྱི་ཆོས་ལུགས་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་ནས། མ་ལག་གི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་ཚད་ལྡན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
   ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཆོས་ལུགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བློ་མཐུན་ཀྲང་ཞུན་མོའུ་ཡིས་གནད་དོན་དེར་གསལ་འགྲེལ་གནང་བ་དང་། ལས་ཀའི་གྲོས་འགོ་བཏོན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གསལ་འགྲེལ་ནན་ཏན་ངང་གསན་པ་མ་ཟད་གྲོས་བསྡུར་གནང་ཡོད།
   ཞི་ཅིན་ཕིང་གིས་གསལ་འགྲེལ་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཆོས་ལུགས་ལས་དོན་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་གལ་ཆེན་ཐོག་བཞག་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་སོགས་ཀྱི་འདུ་ཤེས་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་གསལ་པོར་འདོན་པ་དང་། ཆོས་ལུགས་ལས་དོན་གྱི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་ཐུབ་པར། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ན། ད་གཟོད་ཆོས་ལུགས་ཞི་མཐུན་དང་། མི་རིགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ལ་སྐུལ་འདེད་གཏོང་ཐུབ་ཅེས་བསྟན་གནང་ཡོད།
   ཞི་ཅིན་ཕིང་གིས། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་ནི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་པ་དང་། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། རང་རྟོགས་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཞུགས་དགོས་ཞེས་ནན་སྟོན་གནང་ཡོད།
   ཞི་ཅིན་ཕིང་གིས། རང་རྒྱལ་གྱི་ཆོས་ལུགས་ཁག་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་ཀྲུང་ཧྭའི་རིག་གནས་ཁྲོད་སིམ་པར་བྱས་ན། གཞི་ནས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་ཐུབ། ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་གྱི་རྩ་བ་བརྟན་པོ་བཙུགས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་གནང་ཡོད།
   ཞི་ཅིན་ཕིང་གིས། ཆོས་ལུགས་ལས་རིགས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་རང་ངོས་འཕོ་འགྱུར་གཏོང་བར་སྐུལ་སློང་བྱ་རྒྱུ་དེས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཆེན་པོ་ལྡན་ཡོད། ཆོས་ལུགས་ལས་རིགས་ཀྱིས་བསྟན་དོན་འདུལ་ཁྲིམས་དང་། དོ་དམ་ལམ་ལུགས། གུས་ལུགས་གོམས་སྲོལ། བྱ་སྤྱོད་ཚད་ལྡན་སོགས་ཀྱི་ཐད་ཀྲུང་གོའི་ཁྱད་ཆོས་མངོན་པ་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པ་བྱ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། རང་ངོས་སློབ་གསོ་དང་རང་ངོས་དོ་དམ། རང་ངོས་གཅུན་སྡོམ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
   ཞི་ཅིན་ཕིང་གིས། ཆོས་ལུགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་ནི་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་ཡང་དག་བྱེད་པའི་རྩ་བའི་ཐབས་ལམ་ཞིག་ཡིན། འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། ཁྲིམས་འཛིན་ནན་པོ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་ཏན་ཏིག་ངང་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
   ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན། དངོས་ཡོད་རང་བཞིན་བཅས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ། ཆོས་ལུགས་ལས་དོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་མཉམ་སྡེབ་སྟོབས་ཤུགས་སྔར་བས་ཆགས་པར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
 
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།