སྨོན་རྒྱལ་བླ་བྲང་གི་སྐབས་གཉིས་པའི་རིག་འཛིན་གསང་སྒྲུབ་ཀྱི་སྨན་སྒྲུབ་ཆེན་མོའི་མཛད་སྒོའི་གནས་བསྡུས།
[ཟླ་ཚེས། 2025-09-26 09:09:54][རྩོམ་པ་པོ། སྒྲུབ་ཆེན་གོ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་སྐབས་གཉིས་པའི་རིག་འཛིན་གསང་སྒྲུབ་ཀྱི་སྨན་སྒྲུབ་ཆེན་མོའི་མཛད་སྒོའི་གནས་བསྡུས།

བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་གི་མངའ་ཁོངས་སུ་གནས་པའི་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྡེ་ཚན། མདོ་ཁམས་རྔུལ་རྫ་ཟལ་མོའི་སྒང་བརྒྱུད་ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་དུ་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འཛིན་ཆེན་མོ་སྟོན་པ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐུ་མངོན་པར་བལྟམས་ནས་མི་ལོ་༡༨༠༤༢སྟེ། གཤེན་གྱི་འབྱུང་ལྡན་༣༠༡ཉག་མ་༤༢བོད་ཤིང་སྦྲུལ་ལོའི་བོད་ཟླ་༦ཚེས་༡༠ཉིན་ནས་བཟུང་བཟའ་སྐར་འཕྲོད་སྦྱོར་བཟང་བའི་དུས་དང་བསྟུན་ཏེ་ལོ་བཅུ་གཉིས་མཚམས་སུ་ཐེངས་རེ་འཚོགས་སྲོལ་ཡོད་པའི་དཔལ་ལྡན་སྨོན་རྒྱལ་གདན་ས་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་སྐབས་གཉིས་པའི་རིག་འཛིན་གསང་སྒྲུབ་ཀྱི་སྨན་སྒྲུབ་ཆེན་མོ་དངོས་སུ་འཚོགས་ཡོད་པ་དང་ཉིན་གྲངས་བཅུ་དགུའི་རིང་མདོ་སྟོད་སྨད་བར་གསུམ་ནས་བླ་སྤྲུལ་སྐྱེས་ཆེན་འདུས་གྲྭ་སུམ་བརྒྱ་ལྷག་གི་དགྱེས་འཛོམས་གནང་ནས་སྒྲུབ་པ་ཆེན་མོ་རྒྱས་འཚོགས་གནང་ཡོད། ༼རིག་འཛིན་གསང་སྒྲུབ་༽ནི་རིག་འཛིན་བོན་སྐོར་གྱི་ཁོངས་སུ་བཏོགས་པ་སྟེ། རྩ་རྒྱུད་དྲི་མེད་གཡའ་བྲལ་ཤེལ་དཀར་ཕྲེང་བ་ལས། གཡུང་དྲུང་ལྷ་ཡི་སྐད་དུ་ནཿ དྲན་པ་མུ་ལ་གུ་རུ་པད་མ་ཏྲམཿ དེ་རུ་པུ་ཏ་ཨྲད་དེ་པ་ཏནྟྲ་སྨྲརཿ གང་ཟག་མི་ཡི་སྐད་དུ་ནཿ ཁྱབ་བདལ་རིགས་བདག་བདེ་ཆེན་བོན་གྱི་སྐུཿ སྒྱུ་འཕྲུལ་རྒྱན་ཤར་ལྔ་ལྡན་ལོངས་སྤྱོད་རྫོགསཿ གང་འདུལ་དེར་སྟོན་སྐུ་གསུམ་རིག་པ་འཛིནཿ དགོངས་འདུས་རྩ་བའི་ལྷ་ལ་ཕྱག་འཚལ་ལོཿ དེ་ཡང་རིག་འཛིན་གསང་བ་རྒྱ་མཚོའི་ཚོགསཿ ཀུན་ནས་གང་བའི་མཁའ་ལ་སྐར་མ་ལྟརཿ མངོན་བཀྲའི་དབུས་སུ་མི་ཕམ་གཏེར་འཆང་བའིཿ འཆི་མེད་སྒྲུབ་པ་བདེར་གཤེགས་སྟོང་གི་བཅུདཿ རིག་འཛིན་བརྒྱད་ཅུ་མཁའ་འགྲོ་ཀུན་གྱི་ལུང་ཿ དགོངས་བརྒྱུད་བྱིན་རླབས་རྨད་བྱུང་བཀའ་ཡི་སྲོལཿ ལོ་པཎ་སྒྲ་བསྒྱུར་ཡོངས་ཀྱི་ཞེ་ཕུག་གཅིགཿ གཡུང་དྲུང་བོན་བསྟན་ཕྱོགས་བཅུར་རྒྱས་པའི་ཆེདཿ མ་འོངས་གདུལ་དཀའ་འདུལ་བའི་གྱེར་སྤུངས་ཆེཿ སྐུ་གསུམ་དགོངས་པ་འདུས་པའི་སྙིང་ཁུ་འདིཿ འཆི་མེད་རིག་འཛིན་ཡབ་ཡུམ་བཀའ་ལུང་བཞིནཿ བདག་འདྲ་བྰེེ་རོས་ཟབ་མོའི་བརྡ་རིས་བྲིསཿ མ་འོངས་སྐལ་ལྡན་ཚེ་དབང་མཚན་ལ་སྤྲོདཿ འདི་ཉིད་བོན་འདི་རྒྱལ་བསྟན་དར་བའི་ཆེདཿ བོད་ཡུལ་གནས་ཆེན་ཡོངས་ཀྱི་རྗེ་བོ་སྟེཿ རོང་བཞིའི་ནང་ཚན་ནུབ་རོང་དགའ་བའི་ཚལཿ རྒྱལ་བའི་ཐུགས་སྤྲུལ་བོན་རི་ཆེན་པོ་ཡིཿ དབུས་ཕྱོགས་གསང་བ་ཡོངས་རྫོངས་དཔལ་གྱི་ཕུགཿ རིམ་གསུམ་རྒྱ་ཡིས་གདབ་ནས་གཏེར་དུ་སྦསཿ ཞེས་གསུང་པ་བཞིན།


ཐོག་མར་བདེར་གཤེགས་དགོངས་བརྒྱུད། སེམས་དཔའ་ཏིང་འཛིན་གྱི་བརྒྱུད་པ། གྲུབ་ཐོབ་སྙན་ཁུངས་ཀྱི་བརྒྱུད་པ་ལས། གཤེན་རབ་ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ། འགྲོ་མགོན་ཚེ་དབང་རིག་འཛིན། སྤྲུལ་སྐུ་པདྨ་མཐོང་གྲོལ་བཅས་ཡབ་སྲས་གསུམ་གྱི་ཐུགས་ཏིག་ཟབ་མོའི་བོན་བདེར་གཤེགས་དགོངས་བརྒྱུད་རྒྱུད་སྡེ་བཞི་ལས་རིག་འཛིན་བོན་སྐོར་ཏེ་ཡེ་གཤེན་ཆེན་པོའི་རྒྱུད། ཕ་རྒྱུད། མ་རྒྱུད། སྲས་བརྒྱུད་དམ་དབྱེར་མེད་ཀྱི་རྒྱུད། ཐབས་ཆེ་བ་ཕ་རྒྱུད་ཡོངས་སུ་གྲགས་པ་བདེར་གཤེགས་རྩ་གསུམ་དགོངས་འདུས་ཆུ་བརྒྱ་གཅིག་འདུས་ཀྱི་སྙིང་པོ་ལས་བླ་མེད་ཀྱི་རྒྱུད་སྙིགས་དུས་ཚེ་ཐུང་གཅིག་ལ་རིག་འཛིན་གྱི་གོ་འཕང་སྟེར་བའི་གཞུང་ཁྱད་པར་ཅན། ཁྲིད་ཀྱི་རིམ་པ། དབང་དང་། མན་ངག ལས་མཐའ་ཆ་ཚང་བ་བཅས་དགོངས་པ་ནས་དགོངས་དུ་བརྒྱུད་ཏེ་ལོ་ཆེན་བྰེ་རོ་ཙ་ནའི་མཛད་ནས་གཏེར་ལ་གཟིམས། ཕྱིས་སུ་དུས་རབས་བཅུ་དགུ་པའི་ནང་། གཤེན་ནམ་མཁའ་སྣང་བ་འདོག་ཅན་གྱི་སྤྲུལ་པ། རིག་འཛིན་བློ་ལྡན་སྙིང་པོའི་ཡེ་ཤེས་ཀྱི་རྗེས་སུ་བཟུང་བ། སྲིད་པ་ཐ་མའི་བྱང་སེམས། རིག་འཛིན་ཀུན་གྲོལ་གསང་བ་རྩལ་ལམ་གཏེར་སྟོན་ཨོ་རྒྱན་བདེ་ཆེན་གླིང་པའི་ས་ཕོ་རྟ་ལོ་ལ་གཏེར་ཞལ་ཕྱེས་ནས་བོན་སྡེ་འདི་ཉིད་ཀྱི་ཕྱག་ལེན་ཁུངས་ལྡན་སྐལ་ལྡན་སྒྲུབ་གཤེན་རྣལ་འབྱོར་དུ་མའི་ཉམས་བཞེས་མཛད་པ་དང་བསྟན་པ་ཕྱི་དར་གྱི་རྗེས་འཛིན་ཆེན་མོ་རྒྱལ་སྲས་སྤྲུལ་སྐུ་རྣམ་བཞིའི་གདན་ས་ཁག་ཏུ་བསྟན་དང་འགྲོ་བའི་དཔལ་དུ་ཉམས་སུ་བཞེས་ནས་སྒྲུབ་པའི་སྡེ་རྒྱུན་མ་ཆད་པ་ད་བར་གནས་ཡོད།


ལྕགས་ཁྱི་ལོ་སྤྱི་ལོ་༡༩༡༠ལོར་ཡབ་སྨོན་རྒྱལ་ནམ་མཁའ་བསྟན་འཛིན་དང་ཡུམ་ཤེལ་བཟའ་གཡུང་དྲུང་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་དམུ་རྒྱལ་གཤེན་གྱི་བསྟན་པའི་རྒྱུད་འཛིན་ལྔ་སྙིགས་འདུལ་བའི་སྤྱི་རྗེ། སྨོན་རྒྱལ་སེམས་དཔའ་ནམ་མཁའ་གྲགས་པ་རིན་པོ་ཆེས། རྒྱལ་བསྟན་སྤྱི་དང་ཡང་ཆེད་སྤྲུལ་སྐུ་རྣམ་བཞིའི་བསྟན་པའི་ལས་དོན་གཉེར་བའི་ཞོར་དུ། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་དོན་ཡང་སྒོས་དད་དམ་འབྲེལ་བ་ཟབ་པའི་ལྷ་སྡེ་ཁྱུང་པོ་དཀར་ནག་སེར་གསུམ་གྱི་འགྲོ་ཕན་ལ་དགོངས་ཏེ། དཔལ་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་དུ་ཐེངས་དང་པོ་རིག་འཛིན་གསང་སྒྲུབ་ཆེན་མོ་འཚོགས་པའི་ལོ་རྒྱུས་ཡོད་ལ་སྐབས་དེ་དུས། སྟག་ཞིག་སེང་གེ་ཉི་མ་རིན་པོ་ཆེ་དང་། མེ་སྟོན་ཁྲི་འཛིན་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེ། ཞང་པོ་ཀ་ལེགས་མཆོག་སྤྲུལ་ཉི་མ་བསྟན་རྒྱལ་རིན་པོ་ཆེ་དང་། སྟེང་དགོན་ཟང་མཁན་བླ་མ་རིན་པོ་ཆེ་དབུས་པའི་ངེས་པ་དོན་གྱི་བསྟན་འཛིན་སྐྱེས་ཆེན་རྣམས་དང་། ཁྱུང་ཡུལ་སྟོད་སྨད་དགོན་སྡེའི་གྲྭ་ཚང་ལྷན་རྒྱས་འདུས་འཛོམས་ཐོག་རིག་འཛིན་གསང་སྒྲུབ་སྨན་གྱི་སྒྲུབ་པ་ཆེན་མོ་རྒྱས་འཚོགས་གནང་ཞིང་། མཇུག་ཏུ་གར་འཆམ་དབང་ཆེན་བྱང་ཆེན་བཅས་ཤི་གསོན་འགྲོ་བ་ཡོངས་ལ་སྨན་པའི་བྱིན་རླབས་དངོས་གྲུབ་ཆར་ལྟར་བསྙིལ་བའི་མཛད་བཟང་འཕྲིན་ལས་བསྐྱངས་པའི་རྣམ་ཐར་ཡོད་པའོ། །དེ་རྗེས་སྤྱི་ལོ་༢༠༡༠ལོར་སྨོན་རྒྱལ་སེམས་དཔའ་ནམ་མཁའ་གྲགས་པ་སྐུ་འཁྲུངས་ནས་མི་ལོ་༡༠༠འཁོར་བའི་དུས་དང་བསྟུན་སྨོན་རྒྱལ་ཀུན་གྲོལ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་དབུ་འཛིན་འོག་རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་རྒྱས་འཚོགས་གནང་ནས་བསྟན་དང་འགྲོ་བའི་དོན་ལེགས་པར་གྲུབ་པའོ། །



འདི་ལོ་ནི་གཙོ་བོར་རླབས་ཆེན་ཏང་ཀྲུང་དབྱངས་ཀྱི་ཆོས་དད་རང་མོས་ཀྱི་སྲིད་བཟང་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ནང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུས་གྲུབ་ཀྱི་ལྟ་བ་འཛུགས་སྐྱོང་དང་དར་སྤེལ་གཏོང་བའི་གལ་ཆེའི་དགོངས་པ་གཞིར་བཟུང་རིམ་པ་གོང་མའི་ཆོག་མཆན་འོག་ལྷག་པར་སྟེང་ཆེན་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག་༧ད་ལན་ཁྱུང་པོ་རབ་འབྱམས་པ་སྨོན་རྒྱལ་སེམས་དཔའ་ནམ་མཁའ་གྲགས་པ་དང་ཡུམ་ཧུྃཿཆེན་འགྲོ་འདུལ་གླིང་པའི་སྲས་མོ་མཁའ་འགྲོ་ཚེ་དབང་དཔལ་མོ་གཉིས་ཀྱི་སྲས་པོ་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་བསྟན་པའི་བདག་ཉིད་༧སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་དང་སྨོན་རྒྱལ་དཔྱད་བུ་སྨན་སྦྱོར་ཁང་ཆགས་འདེབས་པ་པོ་དང་ཡོན་ཀྲང་། དེ་སྔོན་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་སྲིད་གྲོས་ཨུ་ཡོན། ཆབ་མདོ་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀུན་གྲོལ་སྐྱེ་ཕྲེང་བདུན་པ་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་བཀའ་དགོངས་གཞི་བཟུང་ནས། རྒྱལ་ཡོངས་ཕུལ་བྱུང་དགེ་རྒན། བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་སྨོན་རྒྱལ་གདུང་སྲས་མཁྱེན་རབ་ནམ་མཁའ་རིན་པོ་ཆེ་ཡབ་སྲས་རྣམ་གཉིས་ཀྱི་དབུ་ཁྲིད་ནས་རྗེ་བཙུན་སྨོན་རྒྱལ་དམ་པ་རང་གྲོལ་སྐུ་འཁྲུངས་ནས་མི་ལོ་༨༧༦དང་རྒྱལ་སྲས་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ་སྨོན་རྒྱལ་རིག་འཛིན་ཀུན་གྲོལ་གྲགས་པ་སྐུ་འཁྲུངས་ནས་མི་ལོ་༣༢༥དང་སྨོན་རྒྱལ་སེམས་དཔའ་ནམ་མཁའ་གྲགས་པ་སྐུ་འཁྲུངས་ནས་བགྲང་བྱ་༡༡༥འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་དུས་ཆེན་ཁྱད་པར་ཅན་སྨན་སྒྲུབ་ཆེན་མོ་དེ་ཉིད་ཐོག་མཐའ་བར་གསུམ་དུ་རྟགས་རྟེན་འབྲེལ་འཛོམས་ཤིང་ལེགས་བྱས་རྣམ་དཀར་གྱི་ངང་ནས་མཛད་རིམ་ཁག་ལེགས་པར་གྲུབ་ཡོད་པའོ། །


སྤྱིར་ཏང་དང་སྲིད་གཞུང་གི་ཡང་དག་པའི་དབུ་ཁྲིད་འོག་རིས་སུ་མ་ཆད་པ་ནང་པའི་བརྒྱུད་འཛིན་ཚང་མའི་ལུང་རྟོགས་ཀྱི་བསྟན་པ་བསྙེལ་བ་མེད་པ་སྒྲེང་བའི་དུས་དང་བསྟུན། གོང་འོག་བར་གསུམ་དང་ལྷག་པར་དད་ལྡན་ལྷ་སྡེ་རྣམས་ཀྱི་ཐུགས་ཁུར་ཟབ་མོ་ལ་བརྟེན་ནས་ད་ལན་གྱི་སྨན་སྒྲུབ་ཆེན་མོ་ལེགས་པར་གྲུབ་ཡོད་པ་དང་། དེ་དང་ཆབས་གཅིག་གསང་སྔགས་ནང་རྒྱུད་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་སྒྲུབ་པ་དང་ཕྱི་རྒྱུད་ཆོ་ག་བཅུ་གཉིས་དང་རབ་གནས་སྐོར་གསུམ་བཅས་རྒྱས་འཚོགས་གནང་། སྨོན་རྒྱལ་བླ་རབས་གོང་མ་རྣམས་ཀྱི་ཆིག་བརྒྱུད་ཟབ་མོ་གསང་སྔགས་བཀའ་དྲུག་གི་ཁོངས་སུ་བཏོགས་པ་ཡི་དམ་མ་མོ་རྦོད་གཏོང་སྣང་སྲིད་ཟིལ་གནོན་གྱི་སྒྲུབ་པ་དང་རྦོད་གཏོང་གི་མདོས་བཞི་རྒྱས་འབུལ་དང་ཞི་ཁྲོ་དགོངས་འདུས་སམ་དམ་པ་རིགས་བརྒྱ་བཅས་བསྙེན་པའི་གཞི་མ་སྒོ་དགུའི་ཁོག་དབུབ། སྒྲུབ་པའི་ཡན་ལགས་བཅོ་བརྒྱད་ཀྱི་གཞུང་སྲོང་། ལས་ཀྱི་མཆོང་ཆེན་སྡེ་དགུའི་མཐར་ཕྱུང་བའི་རྣམ་དཀར་དགེ་བའི་མཛད་པ་འདི་ཉིད། ཞང་ཞུང་སྒོ་པའི་ལྟེ་གནས་ཁྱུང་པོ་༧རྩེ་དྲུག་དགོན་སུམ་པ་གླང་གི་གྱིམ་ཤོད་ཤེལ་ལེ་རྒྱ་གར་གླིང་ངམ་དཔལ་རྩེ་དྲུག་ཤེལ་བྲལ་དྲི་མེད་གླིང་གི་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་འོག་དང་ཁྱུང་ཡུལ་གྱི་དགོན་སྡེ་དག་གི་རྒྱབ་བསྐྱོར་དང་དད་དམ་ཟབ་པའི་ལྷ་སྡེ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་གོར་མ་ཆགས། ཚོགས་ཁང་ཁག་གསུམ་དུ་དབྱེ་ཡོད་པ་སྟེ། གནའ་བོའི་ཚོགས་ཁང་རྙིང་པ་གསེར་གདུང་སྣང་སྲིད་དཔལ་འབར་ཁང་དུ་རིག་འཛིན་གསང་སྒྲུབ་ཆེན་མོ་འཚོགས་མཛད།



འཚོགས་མགོན་དབུ་བཞུགས་སུ་༧རྩེ་དྲུག་མཆོག་སྤྲུལ་ཐེག་མཆོག་འོད་ཟེར་རྒྱལ་མཚན་རིན་པོ་ཆེ། ཀུན་གྲོལ་བདུན་པ་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེ། སྨོན་རྒྱལ་གདུང་སྲས་མཁྱེན་རབ་ནམ་མཁའ་རིན་པོ་ཆེ། རྫ་སྨོན་རྒྱལ་དགོན་གྱི་རྒྱལ་སྲས་སྤྲུལ་སྐུ་རིན་པོ་ཆེ། ཀ་ལེགས་དགོན་གྱི་བླ་མ་མེ་སྟོན་འཆི་མེད་རྒྱལ་མཚན་རིན་པོ་ཆེ། རྩེ་དྲུག་གྲྭ་ཚང་མཁན་པོ་སྐལ་བཟང་ཉི་མ་རིན་པོ་ཆེ། ཁྱུང་སྤྲུལ་དགེ་བཤེས་གར་དབང་ནམ་མཁའ་གཡུང་དྲུང་རིན་པོ་ཆེ། གཡུང་དྲུང་དཔལ་རི་དགོན་པའི་སྤྲུལ་སྐུ་གངས་རྒྱལ་རིན་པོ་ཆེ། སྨོན་རྒྱལ་གདུང་སྲས་ཨོ་རྒྱན་ནམ་མཁའ། སྒྲུབ་པའི་དབུ་མཛད་ཆེན་མོ་དགེ་བཤེས་ལུང་རྟོགས་རྒྱལ་མཚན། དགེ་བསྐོས་ཆེན་མོ་དགེ་བཤེས་ཚུལ་ཁྲིམས་རྣམ་དགདགེ་བཤེས་བསྟན་འཛིན་དགེ་ལེགས། དགེ་བཤེས་གཡུང་དྲུང་འཕྲིན་ལས། དགེ་བཤེས་བོན་ཉིད་རྣམ་དག དགེ་བཤེས་སྐལ་མ་དབང་འདུས། དགེ་བཤེས་ཚེ་དབང་འགྱུར་མེད། དགེ་བཤེས་ནམ་མཁའ་བསྟན་འཛིན། དགེ་བཤེས་འཆི་མེད་བསྟན་འཛིན། དགེ་བཤེས་བསྟན་པ་འབྲུག་གྲགས། དགེ་བཤེས་སྐལ་བཟང་ཚེ་རྒྱལ། དགེ་བཤེས་ཚུལ་ཁྲིམས་དཔལ་ལྡན། དགེ་བཤེས་རིན་ཆེན་རྣམ་རྒྱལ། དགེ་བཤེས་བསམ་གཏན་གཡུང་དྲུང་། དགེ་བཤེས་འགྱུར་མེད་ཚེ་དབང་། དགེ་བཤེས་བཏང་སྙོམས་འོད་ཟེར། དགེ་བཤེས་ཉི་མ་བསྟན་འཛིན། དགེ་བཤེས་ཚུལ་ཁྲིམས་མཆོག་ལྡན། དགེ་བཤེས་ཡེ་ཤེས་ཚུལ་ཁྲིམས། དགེ་བཤེས་ཤེས་རབ་གཡུང་དྲུང་། དགེ་བཤེས་མན་ངག་ཚུལ་ཁྲིམས། དགེ་བཤེས་སེང་ཆེན་བློ་བཟང་དཔལ་ལྡན། དགེ་བཤེས་ཚུལ་ཁྲིམས་གཡུང་དྲུང་། དགེ་བཤེས་བདུད་འཇོམས་སྨོན་ལམ། དགེ་བཤེས་མན་ངག་ཚུལ་ཁྲིམས་བཅས་འདུས་གྲྭ་ལྷན་རྒྱས་རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་ཚོགས་ཞུགས་རྣམས་དང་། མཇུག་ཏུ་བོད་ཟླ་༦ཚེས་༢༣ཉིན་རྩེ་དྲུག་མཆོག་སྤྲུལ་ཐེག་མཆོག་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་དང་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་རྣམ་པ་གཉིས་ནས་རིག་འཛིན་གསང་སྒྲུབ་ཀྱི་གསོན་གཤིན་བྱང་ཆེན་བཞུས་མཛད་ནས་དམ་པ་གསུམ་གྱིས་ཟིན་པའི་བསྔོ་སྨོན་རྒྱ་ཆེར་གནང་བ་དང་། སྒྲུབ་པའི་ཚོགས་ཁང་གཉིས་པའི་ནང་ཞི་ཁྲོ་དམ་པ་རིགས་བརྒྱ་དང་མ་མོ་རྦོད་གཏོང་ཚོགས་ཁང་ནང་དུ་དབུ་བཞུགས་སྨོན་རྒྱལ་བཀའ་རམས་པ་ནམ་མཁའ་མཐོང་གྲོལ་རིན་པོ་ཆེ། ཁྱུང་སེར་དབྲ་ཁྱུང་གཡུང་དྲུང་མགོན་པོ་རིན་པོ་ཆེ། ཀུན་གྲོལ་རིག་འཛིན་དབང་མོ། མང་སྤྲུལ་བསྟན་པའི་ཉི་མ་རིན་པོ་ཆེ། སྨོན་རྒྱལ་གདུང་སྲས་ཚེ་དབང་ནམ་མཁའ། ཨ་ཁོད་ཚེ་དབང་དངོས་གྲུབ། རྫ་སྨོན་རྒྱལ་དགོན་གྱི་མཁན་པོ་དགེ་བཤེས་པདྨ་ཚེ་དབང་། དབུ་མཛད་ཆེན་མོ་སྨོན་རྒྱལ་བླ་བྲང་གི་སྒྲུབ་གྲྭའི་མཁན་པོ་དྲང་སྲོང་རྒྱལ་མཚན། དགེ་བསྐོས་ཆེན་མོ་སྨོན་ཚ་སྐལ་བཟང་ཚུལ་ཁྲིམས་གཙོས་བླ་གྲྭ་འདུས་པ་རྒྱ་མཚོའི་རྒྱས་འཚོགས་གནང་བ་དང་། མཇུག་ཏུ་བོད་ཟླ་༦ཚེས་༢༣ཉིན་སྨོན་རྒྱལ་ནམ་མཁའ་མཐོང་གྲོལ་རིན་པོ་ཆེ་དང་དབྲ་ཁྱུང་གཡུང་དྲུང་མགོན་པོ་རྣམ་པ་གཉིས་ནས་ཞི་ཁྲོ་དགོངས་འདུས་ཀྱི་གསོན་གཤིན་བྱང་ཆེན་བཞུས་མཛད་པ་དང་།

སྒྲུབ་པའི་ཚོགས་ཁང་གསུམ་པའི་ནང་སྤྱི་སྤུངས་ཁྲོ་བོ་དབང་ཆེན་སྒྲུབ་པ་དང་ཆོ་ག་བཅུ་གཉིས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཚོགས་མགོན་དབུ་བཞུགས་ཏུ་དེ་སྔོན་སྨོན་རྒྱལ་བླ་བྲང་གི་སྒྲུབ་གྲྭའི་མཁན་པོ་མཁར་སྤ་གཡུང་དྲུང་རྒྱལ་མཚན། སྨོན་རྒྱལ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་གི་ལས་ཐོག་དཔེ་ཁྲིད་སློབ་དཔོན་དགེ་བཤེས་བརྩོན་འགྲུས་མཐར་ཕྱིན། དགེ་བསྐོས་ཆེན་མོ་སྒྲུབ་ཐོན་པ་མཁྱེན་བརྩེ་དབང་ཕྱུག །དགེ་བཤེས་ཁྲི་གཙུག་དོན་ལྡན། དགེ་བཤེས་ཚུལ་ཁྲིམས་མཆོག་ལྡན། དགེ་བཤེས་ཚུལ་ཁྲིམས་གཡུང་དྲུང་། དགེ་བཤེས་ཚངས་སྲས་བློ་གྲོས། དགེ་བཤེས་ཚུལ་ཁྲིམས་ཤུལ་ལྡན། དགེ་བཤེས་ཤེས་རབ་རྣམ་དག དགེ་བཤེས་བསླབ་པ་དོན་ལྡན། དགེ་བཤེས་བློ་གྲོས་རྒྱ་མཚོ། དགེ་བཤེས་ཡེ་ཤེས་གཡུང་དྲུང་སོགས་འདུས་གྲྭ་རྣམས་ཀྱི་རྒྱས་འཚོགས་གནང་ནས་མཇུག་ཏུ་བོད་ཟླ་༦ཚེས་༢༣ཉིན་སྨོན་རྒྱལ་གདུང་སྲས་མཁྱེན་རབ་ནམ་མཁའ་རིན་པོ་ཆེའི་གསོན་གཤིན་བྱང་བུ་བཞུས་ནས་བསྔོ་བ་སྨོན་ལམ་གྱི་རྒྱ་ཆེར་གནང་ཡོད་པ་དང་། ཚོགས་ཁང་གསུམ་དུ་དབྱེ་ནས་མདོ་དབུས་སྟོད་སྨད་བར་གསུམ་ནས་སྨོན་རྒྱལ་བྲང་གི་གདན་ཞུས་བཞིན། རྩེ་དྲུག་དགོན། སྟེང་ཆེན་དགོན། ཀོ་བོ་དགོན། རི་ཁྲོད་དགོན། ཀ་ལེགས་དགོན། གཡུང་དྲུང་དཔལ་རི་དགོན། བྱ་ཟེ་ཡང་རྫོང་དགོན། སྒར་ཁང་དགོན། མཁར་སྤུངས་དགོན། ཞུ་ཚང་དགོན། བེ་སྒོ་དགོན། ནག་རི་བསམ་གཏན་གླིང་དགོན། ཁྲ་རྒན་དགོན། མང་རི་དགོན། ཤོག་རྔུ་ལམ་ལྷ་དགོན། སྟག་ཞིག་དགོན། རྫ་སྨོན་རྒྱལ་དགོན། ལྕང་ལུང་དགོན། སུ་ལ་བླ་བྲང་། དབལ་ཁྱུང་དགོན། རིན་སྤུངས་དགོན། གོ་ལམ་གཡུང་དྲུང་གླིང་སོགས་དགྱེས་སྤྲོའི་ངང་ཕེབས་པའི་འདུས་གྲྭ་སུམ་བརྒྱ་ལྷག་ཙམ་བཅས་ཀྱིས་ཉིན་གྲངས་བཅོ་ལྔའི་རིང་། ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་འདིར་དགྱེས་འཛོམས་ངང་། སངས་རྒྱས་གཡུང་དྲུང་བསྟན་པའི་རྒྱན་དང་མོས་ལྡན་འགྲོ་བ་ཡོངས་ཀྱི་མགོན་དུ། རིག་འཛིན་གསང་བའི་སྒྲུབ་གཞུང་དང་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་སྒྲུབ་པ་དང་། མ་མོ་རྦོད་གཏོང་སྣང་སྲིད་ཟིལ་གནོན་གྱི་སྒྲུབ་པ་དང་། ཞི་ཁྲོ་དམ་པ་རིགས་བརྒྱ། ཆོ་ག་བཅུ་གཉིས་བཅས་བདེ་སྟོང་ཡེ་ཤེས་ཆེན་པོའི་དགོངས་ཉམས་ལས་མ་གཡོས་པར། སྣང་ཁམས་རབ་འབྱམས་ལྷ་ཡི་གཞལ་ཡས་སུ་གསལ་གདབ་སྟེ། བྱིན་རླབས་རོལ་རྩལ་ཟད་མེད་དུ་སྤེལ་ཏེ་བསྒྲུབ་པ་གོ་རིམ་ལྡན་པའི་སྲོལ་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས། སྐལ་ལྡན་དྭངས་བ་འདྲེན་པའི་མིག་རྒྱན་དུ་གྱུར་ཡོད་པའོ། རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཕྱེ་མ་ཕབ་གཏའ་རྟེན་རྫས་སྒྲུབ་རྟེན་སྨན་རྫས་གསོག་ཚུལ་རྒྱུད་གཞུང་བཞིན་བྱས་པའི་ཐོག་བཟང་བཟའ་རིང་བཙུན་གྱི་ཟབ་མོའི་དམ་རྫས། དྲན་པ་ནམ་མཁའི་ན་བཟའ། ཡབ་སྲས་གསུམ་གྱི་ཐུགས་དམ་དམ་རྫས། མཁས་པ་མི་བཞིའི་སྨན་འཕུར་ཕྱེ་མ། བོན་རི་དབུས་ཕུག་ནས་སྤྱན་དྲངས་པའི་ཡེ་ཤེས་སྙིང་པོའི་དངོས་གྲུབ་གཏེར་གྱི་དམ་རྫས། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་གསང་མཆོག་ཐུགས་ཀྱི་དམ་རྫས། རྒྱལ་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དབུ་ལྗོན། ཀུན་མཁྱེན་ཤར་རྫའི་ཕྱག་སེན་དབུ་སྐྲ། སྤ་ཚང་གཡུང་དྲུང་གླིང་གི་རིག་འཛིན་གསང་སྒྲུབ་ཀྱི་ཕབ་གཏའ་དམ་རྫས། ཀུན་གྲོལ་འཇའ་ཚོན་སྙིང་པོའི་གཏེར་བྱོན་སི་དྷུ་ར། ཧཱུྃ༔ཆེན་འབར་བའི་རྒྱལ་འགོང་འདུལ་བའི་དམ་རྫས། མི་ལོ་སུམ་སྟོང་ལྷག་འཕོ་བ་གྲོང་འཇུག་གི་ཉམས་ལེན་ངང་བཞུགས་པར་གྲགས་པའི་བསྟན་པ་བློ་གྲོས་ཀྱི་འཕོ་རྫས་དམ་རྫས། མཁའ་སྤྱོད་དབང་མོའི་གཏེར་རྫས་བྲུྃ་བརྒྱ་མ། བོན་རི་གསང་བ་ཡངས་རྫོང་ནས་སྤྱན་དྲངས་པའི་འཆི་མེད་རྣམ་གསུམ་ནས་རིམ་པར་བརྒྱུད་པའི་དམ་རྫས་སྡེ་ལྔ། འཆི་མེད་དཀར་མོ་ཚེ་འཛིན་གྱི་དམ་རྫས་བདུད་རྩི་ཕབ་རྟ། རྩ་བའི་དམ་རྫས་སྡེ་ལྔ། རྒྱལ་བ་རིག་ལྔའི་ཐུགས་ཀྱི་དམ་རྫས། ཟ་རང་མེ་འབར་གྱི་ན་བཟའ། ལི་ཤུའི་ཚེ་རྫས། བློ་ལྡན་སྙིང་པོའི་གདུང་རུས། སངས་རྒྱས་གླིང་པའི་ན་ཟ། ཚེ་སྒྲུབ་གཡུང་དྲུང་རྫོང་ཆེན་གྱི་རྫས། སྡོང་སྒོམ་བསྟན་པ་ལྷུན་གྲུབ་ཀྱི་པད་ལྷམ། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱི་དབུ་ལྗོན། ཁྲོ་ཚང་འབྲུག་ལྷའི་གཏེར་རྫས། དབལ་འབར་སྟག་སླགས་ཅན་གྱི་སྔགས་རྫས། མགར་སྟོན་ཁྲོ་རྒྱལ་གྱི་གཏེར་རྫས། འགྲོ་མགོན་བློ་གྲོས་ཀྱི་དབུ་སྐྲ། རིག་འཛིན་རྒོད་ལྡེམ་གྱི་གཏེར་ཤོག སྨོན་རྒྱལ་དམ་པ་རང་གྲོལ་གྱི་དབུ་སྐྲ། གྲུབ་ཆེན་སྨོན་ལམ་རྒྱལ་མཚན་གྱི་གདུང་རུས། བཟོད་པ་རྒྱལ་མཚན་གྱི་གདུང་རུས། མེ་སྟོན་ཉི་མ་རྒྱལ་མཚན་གྱི་གདུང་ཐལ། རྟ་ཤོད་བུ་མོ་པད་མ་མཚོའི་གཏེར་རྫས། སྨོན་རྒྱལ་ནམ་མཁའ་གྲགས་པའི་དབུ་ལྗོན། རྟོགས་ལྡན་རི་པ་འབྲུག་སྲས་ཀྱི་དབུ་ལྗོན། སྨན་རིའི་མཁན་རབས་སུམ་བཅུ་སོ་གསུམ་པའི་ན་བཟའ་དབུ་སྐྲ་བཅས་རྩལ་ཆེའི་བྱིན་རླབས་ཇི་སྙེད་ཀྱིས་ཕབ་གཏའ་བྱས་པ་ལགས་སོ། བདུད་རྩི་ར་ས་ཡ་ན་རིག་འཛིན་གསང་སྒྲུབ་ཀྱི་མྱོང་གྲོལ་བདུད་རྩི་སྨན་སྒྲུབ་འདི་ཉིད་ཀྱི་ཕན་ནུས་ནི། རིག་འཛིན་གསང་བའི་རྒྱུད་བདུད་རྩི་སྨན་གྱི་སྒྲུབ་ཐབས་ལས། གང་ཞིག་བདུད་རྩི་སྨན་སྒྲུབ་ཟབ་མོ་འདི། ཁ་རུ་སོང་ན་ཚེ་རབས་སྒྲིབ་དག་ནས། ཁ་ཟས་དུག་སྦྱོར་གདོན་ཆེན་ཉེར་ལྔ་ཞི། དུས་མིན་འཆི་བ་ལས་ཐར་ཚེ་རིང་ཞིང་། ལུས་ཀྱི་སྒྲིབ་སྤང་དག་པའི་སློབ་གྲལ་སྐྱེ། བྱ་ཅན་རི་གཡུང་ཆུ་གནས་ཁར་སོང་ན། ལུས་ངན་གཏན་སྤངས་བདེ་བ་ལྡན་པར་འགྱུར། སྦྱིན་པ་པོ་དེ་དེ་བཞིན་འབྲས་བུ་ཐོབ། འུབ་ཆོབ་སྦྱར་ནས་གནད་པར་གསོལ་བ་ནི། ལྷ་སྲིན་སྡེ་བརྒྱད་མགུ་ཞིང་ཞི་བདེ་བསྐྱེད། ལྗོངས་འདིར་རྩྭ་འབྲུ་ཆར་འབེབས་ནད་མུག་འཁྲུག་རྩོད་ཞི། མེ་རུ་བསྲེགས་ན་དུད་པ་གར་སོང་དེར། གདོན་གྲིབ་ཞི་ཞིང་སུས་ཚོར་བདེ་འགྲོ་ཐོབ། དེ་བཞིན་ཡོན་ཏན་བསམ་བརྗོད་བྲལ་བ་འཐོབ། ཅེས་གསུངས་པའི་རྒྱུད་ཚིག་གསེར་གཙོའི་ཞུན་མ་ལས་གསལ་བ་ལྟར། མ་རིག་ཕྱོགས་འཛིན་ལིང་གི་ཡོལ་བ་དབྲལ་ཏེ། དད་མོས་འདུན་པས་སྤྱི་བོར་བླངས་ཏེ། མགུལ་དུ་འདོགས་པ་དང་། ཁོག་ཏུ་རོལ་བ་དང་། རྟེན་གསུམ་གྱི་དབུས་སུ་གཞུགས་པ་སོགས་བྱས་ན། དེ་བཞིན་ཡོན་ཏན་གྱི་ཚོགས་བསམ་གྱིས་ཁྱབ་པར་འབྱུང་ངེས་ཏེ། རྒྱུད་ལས། དེ་བཞིན་ཡོན་ཏན་བསམ་བརྗོད་བྲལ་བ་ཐོབ། ཅེས་གསུངས་པའི་ཕྱིར་རོ། རིག་འཛིན་གསང་སྒྲུབ་ཀྱི་གཞུང་ལས། ཁྱད་པར་འཕགས་པའི་མ་བསྒོམས་ནའང་། སངས་རྒྱས་བྱེད་པའི་མྱོང་གྲོལ་འདི། དམ་རྫས་བརྒྱ་རྩ་གཏེར་ལ་དྲངས། ས་ཕོ་རྟ་ཡི་ལོ་ལ་གཏེར་དུ་གདན་དྲང་། ཞེས་གསུང་པ་སོགས་ཕན་ཡོན་བསམ་གྱི་མི་ཁྱབ་པ་ལྡན་པའོ། །


བོད་ཟླ་༦ཚེས་༡༩ཉིན། ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་མགོན་པོ་གང་ཉིད་མཚན་བརྗོད་པར་དཀའ་བ་༧སྨོན་རྒྱལ་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་ནམ་མཁའ་དབང་ལྡན་རིན་པོ་ཆེ་ལ་བརྟན་བཞུགས་མཎྡལ་རྒྱས་འབུལ་ཞུ་བའི་མཛད་སྒོ་ཟབ་རྒྱས་ཞུས་པ་དང་སྨོན་སྲས་མཁྱེན་རབ་ནམ་མཁའི་བརྟན་བཞུགས་མཎྡལ་རྒྱས་བཤད་དང་འཚོགས་ཞུགས་ཁྲི་འཛིན་བསྟན་བདག་བླ་མ་དང་རྣམས་དགེ་བཤེས་འདུས་གྲྭ་རྣམས་དང་འབྲེལ་ཡོད་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་དང་དགོན་སྡེ་ཁག་གི་བླ་སྤྲུལ་སྐྱེས་ཆེན་དང་འཐུས་ཚབ་དེ་བཞིན་དད་ལྡན་མང་ཚོགས་སོགས་སྟོང་ལ་ཉེ་བའི་རིན་པོ་ཆེ་གང་ཉིད་མཛད་པ་འཕྲིན་ལས་མཐའ་ཡས་པ་དང་ཕྱོགས་གང་སར་ཁྱབ་པ་དང་སྙིགས་དུས་གདུལ་བྱའི་མགོན་པོར་བསམ་བཞིན་དུ་ཕེབས་པའི་སྨོན་རྒྱལ་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་མཛད་པ་མཐའ་རུ་ཕྱིན་ཞིང་བསྟན་འགྲོའི་དོན་དུ་བསྐལ་པ་བརྒྱ་རུ་བཞུགས་པའི་སྨོན་ཚིགས་དང་མནྡལ་སྐུ་གསུང་ཐུགས་རྟེན་ཕུལ་ནས་མཛད་སྒོ་མཇུག་གྲུབ་པའོ། །

བོད་ཟླ་༦ཚེས་༢༠ཉིན། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོད་གསུམ་ལ་གཞན་གཞན་འདྲིང་མི་འཇོག་པའི་སྐྱེས་བུ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཕེབས་བསུ་ཞུས་ཏེ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན་པའི་དཔེ་ཚོགས། བོད་ཀྱི་གདུང་རབས་དཔེ་དཀོན་ཕྱོགས་བསྒྲིགས། དེབ་གསུམ་པ་དེ་ཉིད། ཀྲུང་གོ་ནང་བསྟན་འཐུས་ཚོགས་ཀྱིས་རྒྱལ་ཡོངས་ནང་བསྟན་ཕུལ་བྱུང་དགེ་རྒན་རིམ་པའི་མཚན་གནས་ཐོབ་པ་སྨོན་རྒྱལ་གདུང་སྲས་རང་གྲོལ་ཉི་མ་རྒྱལ་མཚན་ནམ་མཁྱེན་རབ་ནམ་མཁའ་རིན་པོ་ཆེའི་གཙོ་སྒྲིག་གནང་བའི་༼བོན་གྱི་གདུང་རབས་དཔེ་རྙིང་ཕྱོགས་སྒྲིག༽ ཁྱབ་སྤེལ་མཛད་སྒོ་ཟབ་རྒྱས་སྤེལ་གནང་ཡོད་པ་དང་། འཚོགས་ཞུགས་སུ་རྩེ་དྲུག་མཆོག་སྤྲུལ་ཐེག་མཆོག་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་དང་། སྨོན་རྒྱལ་ཀུན་གྲོལ་བདུན་པ་ནམ་མཁའ་དབང་ལྡན་རིན་པོ་ཆེ། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། སྨོན་རྒྱལ་གདུང་སྲས་མཁྱེན་རབ་ནམ་མཁའ། དགེ་བཤེས་བསྟན་འཛིན་སྐལ་བཟང། དགེ་བཤེས་བཟོད་པ་འགྱུར་མེད། དགེ་བཤེས་ཡོན་ཏན་ཕུན་ཚོགས། དགེ་བཤེས་འཕགས་མཆོག་སེམས་དཔའ། ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན། ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན། དགེ་བཤེས་བསྟན་འཛིན་ཡེ་ཤེས། དགེ་བཤེས་ཚུལ་ཁྲིམས་བློ་གྲོས། དགེ་བཤེས་བློ་གྲོས་རབ་རྒྱས། དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན། གཙོ་ཚང་དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས། དགེ་བཤེས་བསོད་ནམས་བློ་གྲོས། དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། དགེ་བཤེས་ཤེས་རབ། དགེ་བཤེས་ཁྲི་གཙུག་རྒྱལ་པོ། དགེ་བཤེས་ཁྲི་ལྡེ་རྣམ་རྒྱལ་དབུས་པའི་བླ་སྤྲུལ་རྣམས་དང་གདན་ཞུས་དགེ་བའི་བཤེས་གཉེན་འདུས་གྲྭ་དགྱེས་འཛོམས་གནང་ཤིང་བསྟན་བདག་བླ་མ་རྣམ་གཉིས་ནས་དཔེ་དེབ་ཞལ་ཕྱེས་ནས་སྣང་གསལ་མར་མེ་སྒྲོན་པ་དང་། ཁྱུང་སྤྲུལ་དགེ་བཤེས་གར་དབང་ནམ་མཁའ་གཡུང་དྲུང་གི་གཙོ་སྐྱོང་གནང་ཤིང་གཙོ་སྒྲིག་པ་སྨོན་སྲས་མཁྱེན་རབ་ནམ་མཁའི་དཔེ་ཆ་དེ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་སྐྲུན་གནང་ཚུལ་དང་ངོ་སྤྲད་མཛད་པ་དང་། དབྲ་ཁྱུང་སྐལ་བཟང་ནོར་བུ། དགེ་བཤེས་བཟོད་པ་འགྱུར་མེད། དགེ་བཤེས་ཡོན་ཏན་ཕུན་ཚོགས། དགེ་བཤེས་འཕགས་མཆོག་སེམས་དཔའ། ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན། དགེ་བཤེས་བསྟན་འཛིན་རྣམ་རྒྱལ། ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན། དགེ་བཤེས་སྐལ་བཟང་ཉི་མ་བཅས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱི་དཔེ་རྙིང་དེབ་དེ་དང་འབྲེལ་བའི་བཀའ་སློབ་གནད་སྨིན་ཟབ་རྒྱས་གནང་བ་དང་མཇུག་ཏུ་འཆད་རའི་དབུས་སུ་རྩོད་པ་བོན་གྱི་འཁོར་ལོ་བསྐོར་མཛད་ནས་བོན་གྱི་བསྟན་པ་དར་ཞིང་རྒྱས་པའི་བསྟན་རྒྱས་སྨོན་ལམ་གསུང་ནས་མཇུག་གྲུབ་པའོ། བོད་ཟླ་༦ཚེས་༢༤ཉིན་དཔལ་གཤེན་བསྟན་བེ་དགོན་རབ་བརྟན་གཡུང་དྲུང་གླིང་གི་སེར་ཁྱིམ་པ་རྣམས་ནས་གཤེན་གྱི་གར་འཆམས་ཆེན་མོ་གཟིགས་འབུལ་ཞུས་པ་དང་། བོད་ཟླ་༦ཚེས་༡༨ཉིན། རིག་འཛིན་གསང་སྒྲུབ་ཀྱི་དབང་ཆེན་གནང་མཛད་པ་དང་། དབུ་བཞུགས་སུ། བོན་གྱི་གྲྭ་ས་འོག་མ་རུ་ལགས་གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་། རྩེ་དྲུག་མཆོག་སྤྲུལ་ཐེག་མཆོག་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་དང་། སྨོན་རྒྱལ་ཀུན་གྲོལ་བདུན་པ་ནམ་མཁའ་དབང་ལྡན་རིན་པོ་ཆེ། ཀོ་དགོན་བདེ་ཆེན་ཀུན་གྲགས་གླིང་གི་དབུ་འཛིན་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ། མཁར་སྤུངས་དགོན་གྱི་དབུ་འཛིན་སྨོན་སྲས་མཁྱེན་རབ་ནམ་མཁའ་རིན་པོ་ཆེ། རྫ་སྨོན་རྒྱལ་དགོན་གྱི་རྒྱལ་སྲས་སྤྲུལ་སྐུ་རིན་པོ་ཆེ། ཀ་ལེགས་དགོན་གྱི་བླ་མ་འཆི་མེད་རྒྱལ་མཚན་རིན་པོ་ཆེ། སྒར་ཁང་ཕུག་ལེབ་དགོན་གྱི་དབུ་འཛིན་དབྲ་ཁྱུང་གཡུང་དྲུང་མགོན་པོ་རིན་པོ་ཆེ། ཀུན་གྲོལ་རིག་འཛིན་དབང་མོ། སུ་ལ་བླ་བྲང་གི་གདུང་སྲས་མཁའ་ཁྱབ་རང་གྲོལ་རིན་པོ་ཆེ། ཀོ་དགོན་མཁན་པོ་དགེ་ལེགས་ཚུལ་ཁྲིམས་རིན་པོ་ཆེ། བེ་དགོན་རབ་བརྟན་གཡུང་དྲུང་གླིང་གི་བླ་མ་སྨོན་རྒྱལ་ནམ་མཁའ་མཐོང་གྲོལ་རིན་པོ་ཆེ། ཁྱུང་སྤྲུལ་དགེ་བཤེས་གར་དབང་ནམ་མཁའ་གཡུང་དྲུང་རིན་པོ་ཆེ། གཡུང་དྲུང་དཔལ་རིའི་ཁྱུང་པོ་སྤྲུལ་སྐུ་རིན་པོ་ཆེ། མང་རི་སྤྲུལ་སྐུ་བསྟན་པའི་ཉི་མ་རིན་པོ་ཆེ། གཟི་གནམ་སྟེང་དགོན་གྱི་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ། གོ་ལམ་གཡུང་དྲུང་གླིང་གི་བླ་མ་ཨ་ཁོད་ཚེ་དབང་དངོས་གྲུབ་སོགས་བླ་མ་རྣམས་ཀྱི་སྨིན་གྲོལ་དབང་ཆེན་བཀུར་གནང་མཛད་པ་དང་སྨོན་སྲས་མཁྱེན་རབ་ནམ་མཁའ་རིན་པོ་ཆེ་དང་ཀོ་དགོན་མཁན་པོ་དགེ་ལེགས་ཚུལ་ཁྲིམས་རྣམ་གཉིས་ནས་སྤྱིར་བཀའ་དབང་ཟབ་མོར་འཇུག་པའི་ཁྲིད་དང་ལྷག་པར་དུ་རིག་འཛིན་གསང་སྒྲུབ་ཀྱི་དབང་གི་ངོ་སྤྲོད་དང་ཕན་ཡོན་དམ་ཚིགས་སོགས་འགྲོ་བ་ལ་ཕན་པའི་བཀའ་སློབ་ཞལ་ཏ་ཟབ་ཞིང་རྒྱ་ཆེར་གནང་ནས་སྨིན་གྲོལ་དབང་གི་མཛད་སྒོ་ལེགས་པར་གྲུབ་གནང་བའོ། །


བོད་ཟླ་༦ཚེས་༡༩ཉིན་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱི་རྟེན་འབྲེལ་གྱི་དོད་དུ་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་ཁག་ནས་རྩོད་པ་བོན་གྱི་འཁོར་ལོ་བསྐོར་གནང་བ་དང་མཛད་སྒོའི་གོ་རིམ་ཐམས་ཅད་ལེགས་པར་གྲུབ་རྗེས་བཀྲིས་གསོལ་བ་དང་། མཚན་ཉིད་བཀྲ་ཤིས་ཚིག་བཀྲ་དང་སྒྲུབ་པ་ཆེན་མོར་དབུ་བཞུགས་ཁྲི་འཛིན་བླ་མ་དང་སྤྲུལ་སྐུ་དགེ་བའི་བཤེས་གཉེན་འདུས་གྲྭ་ཡོངས་དང་ལས་ཀྱི་སྣེ་མོ་བཏོགས་པ་དང་དད་ལྡན་སྦྱིན་བདག་སོགས་ཡོངས་ལ་སྨོན་རྒྱལ་བླ་བྲང་གི་ཚན་པ་དགུ་ཚན་དང་ལྔ་ཚན་གསུམ་ཚན་བཅས་འབུལ་ཚན་ཁག་ཕུལ་ནས་མཐར་སྨོན་སྲས་མཁྱེན་རབ་ནམ་མཁའ་རིན་པོ་ཆེའི་སྒྲུབ་པ་ཆེན་མོ་དེའི་ཐོག་མཐའ་བར་གསུམ་ལ་བཀའ་དྲིན་ཆེ་བའི་གོང་འོག་བར་གསུམ་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་བཀྲ་ཤིས་མཇུག་གཏམ་གྱི་གསུང་བཤད་ཟབ་རྒྱས་གནང་ནས་བཀྲ་ཤིས་རྟེན་འབྲེལ་ངང་མཛད་སྒོ་ཡོངས་སུ་གྲུབ་པའོ། །



སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །
མདོ་རྒྱུན་མན་ངག་སྙིང་པོ་ལུང་རྟོགས་བོན། །
བསྟན་འཛིན་སྐྱེས་བུ་ཞབས་པད་བརྟན་པ་དང་། །
སྨིན་གྲོལ་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག།
མདོ་རྒྱུན་མན་ངག་སྙིང་པོ་ལུང་རྟོགས་བོན། །
བསྟན་འཛིན་སྐྱེས་བུ་ཞབས་པད་བརྟན་པ་དང་། །
སྨིན་གྲོལ་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག།
སྨོན་རྒྱལ་སྒྲུབ་ཆེན་གོ་སྒྲིག་ཁང་ནས། སྤྱི་ལོ་༢༠༢༥། ༩། ༢༣ཉིན།
