༄༅། །མདའ་རྒྱང་རྩེ་རྫོང་རི་ཁྲོད༧དཔལ་གཤེན་བསྟན་བྲུ་ཡི་གདན་ས་བཤད་སྒྲུབ་སྨིན་གྲོལ་གླིང་སྐབས་གཉིསཔའི་དགེ་བཤེས་མཛད་སྒོ་སྤེལ་བའི་གནད་བསྡུས།


༧དཔལ་གཤེན་བསྟན་བྲུ་ཡི་གདན་ས་བཤད་སྒྲུབ་སྨིན་གྲོལ་སློབ་གླིང་དུ། བགྲང་བྱ་ཧྲིལ་པོ་བཅུ་གཉིས་རིང་ལ་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་བརྒྱད་དང་། ཐུན་མོང་བཅུ་ཕྲག་རིག་པའི་གནས་བཅས་ལ་བརྡར་ཤ་ལེགས་པར་བཅད་ནས། འཆད་རྩོད་རྩོམ་གསུམ་གྱི་ལག་རྗེས་དོན་ལ་སྨིན་པ་བཀའ་རམས་པ་ལྔ་ལ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་གྱི་ཅོད་པན་བསྩལ་བའི་སྐལ་བཟང་མཛད་སྒོའི་གོ་རིམ་གཤམ་གསལ།


བདག་ཅག་གི་སྟོན་པ་བདེ་བར་གཤེགས་པ་འཛམ་བུ་གླིང་དུ་སྐུ་མངོན་པར་བལྟམས་ནས་བགྲང་བྱ་༡༨༠༤༢། གཤེན་གྱི་འབྱུང་ལྡན་༣༠༡སྒྲ་འཛིན་ཞེས་པ་འབྱུང་བ་སུམ་ལྡན་ཤིང་མོ་སྦྲུལ་ལོའི་བོད་ཟླ་༧པའི་ཚེས་༡༦སྟེ། སྤྱི་ལོ་༢༠༢༥ལོའི་ཟླ་༩ཚེས་༣ཉིན་ནས་༧བར་ཞོགས་པ་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུའི་ཐོག་བཤད་སྒྲུབ་འདུ་ཁང་ཆེ་མོའི་སྟེང་ནས་ཐོག་རོལ་དང་། འདུ་ཁང་གི་གཡས་ཕྱོགས་ནས་དགོན་གྱི་ཁྲི་འཛིན་སྐྱབས་རྗེ་མཁན་ཆེན་རྒྱལ་བ་སྨན་རིའི་དགེ་བཤེས་ཆེན་མོ་༧བྲུ་གཡུང་དྲུང་ཡི་ཤེས་གཡོན་ངོས་ནས་བཤད་སྒྲུབ་མཁན་མོ་མདའ་རྒྱང་རྩེ་རྫོང་རི་ཁྲོད་ཀྱི་དགེ་བཤེས་༧གཡུང་དྲུང་ལུང་རིག་དབང་མོ་རྣམ་གཉིས་སེར་ཕྲེང་གིས་ཕེབས་བསུ་དང་། མདུན་ངོས་ནས་དགེ་རྒན་ཆེན་མོ་ཚུལ་ཁྲིམས་ལྷ་མོ་དང་བསམ་གཏན་མཚོ་མོ་རྣམ་དག་བཟང་མོ་བཀའ་རམས་པ་རྣམ་པ་ལྔ་བཅས་ཉིན་རིམ་ལྟར་སྤོས་འདྲེན་དང་ལྗགས་གླིང་གིས་སྣ་དྲངས་ནས། བཤད་སྒྲུབ་འདུ་ཁང་ཆེན་མོའི་ནང་དུ་གདན་འདྲེན་ཞུས་ཏེ་འདུས་པ་རྒྱ་མཚོའི་ཚོགས་དང་དད་འདུན་སེར་སྐྱ་ལྷན་འཛོམས་ཐོག། བཀའ་རམས་པ་རྣམ་པའི་དད་སྦྱིན་ཁག་ནས་འདུས་པ་རྒྱ་མཚོར་ཟབ་ཇ། འབྲས་སིལ། སྐུ་འགྱེད་རྒྱས་འབུལ་དང་འབྲེལ། སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་བཤད་པའི་གཞུང་སྒྱུར་གོང་མ་གསུངས་ཤིང་བཤད་སྒྲུབ་གྱི་མཁན་མོ་མཆོག་ནས་བཤད་པའི་གཞུང་སྒྱུར་འོག་མ་ཉིན་རིམ་ལྟར་གསུངས་རྗེས་བཀའ་རམས་པ་རྣམས་ཀྱིས་རིམ་པར་བཤད་པ་ཕུལ། ཕྱི་དྲོ་ཆུ་ཚོད་གསུམ་དང་སྐར་མ་སུམ་ཅུའི་སྟེང་ཐོག་རོལ་སོགས་གོང་ལྟར་བྱས་ལ་བཀའ་རམས་པ་རྣམས་ཉིན་རིམ་ལྟར་སྤོས་དུད་ལྗགས་གླིང་གིས་བསུས་ནས་གསས་ཁང་ནང་དུ་གདན་དྲངས་ཏེ་འདུས་མང་ལ་བཀྲ་ཇ་དང་འོ་ཞོ་ཕུལ་རྟིང་། བཀའ་རམས་པ་རྣམ་པས་རིམ་པར་བཀྲ་ཤིས་གསོལ་བ་དང་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པ་སོགས་ཉིན་རིམ་ལྟར་བཀའ་རམས་པ་རྣམས་ཀྱི་སྔོན་འགྲོའི་མཛད་སྒོ་མཇུག་ལེགས་པར་གྲུབ།

ཉིན་དང་པོའི་བཤད་པ་གྱེར་མཁན།
ག་ཤེལ་དྲང་སྲོང་བསོད་ནམས་ཡེ་ཤེས་དབང་མོ་ཨ་རུ་དྲང་སྲོང་ཀུན་གསལ་རིག་འཛིན་བྱམས་མ་ནང་ཆེ་དྲང་སྲོང་ཀུན་སྙོམས་བདེ་ཆེན་མཚོ་མོ།

ཉིན་གཉིས་པའི་བཤད་པ་གྱེར་མཁན།
བབ་གཟི་དྲང་སྲོང་མཐའ་བྲལ་ནམ་མཁའ་བཟང་མོ་དབྲ་ཚ་དྲང་སྲོང་མཐའ་གྲོལ་ཡེ་ཤེས་བཟང་མོ།
དངོས་གཞིའི་མཛད་སྒོ་ཉིན་གསུམ་པ་ལྔ་པ་བཅས་ལ་བཀའ་རམས་པ་རྣམས་ནས་ཉིན་ལྟར་སྔ་དྲོ་དམ་བཅའི་ཚིག་བཤད་ངག་རྒྱུག་ཕུལ་བ་དང་།ཕྱི་དྲོ་ཆུ་ཚོད་གཉིས་དང་སྐར་སུམ་ཅུ་ནས་ཆུ་ཚོད་དྲུག་པའི་བར་དུས་ཚོད་གསུམ་ལྷག་རིང་དགེ་བཤེས་རྣམ་པ་གཙོས་པའི་སྔགས་རྫོགས་འཛིན་གྲྭ་ནས་བཟུང་གཞུང་ཆེན་ཁག་གི་འཛིན་གྲྭ་སོགས་མཁས་མང་འདུས་སྡེའི་དབུས་སུ་དམ་འཇོག་རྩོད་རྒྱུགས་གནང་།
ཉིན་ལྔ་པར་བཀྲ་ཤིས་དམ་བཅའ་དང་མཆོད་ཚིག་ཕུལ། བཤད་སྒྲུབ་མཁན་མོ་མདའ་རྒྱང་རྩེ་རྫོང་རི་ཁྲོད་ཀྱི་དགེ་བཤེས་༧གཡུང་དྲུང་ལུང་རིག་དབང་མོ་མཆོག་ནས་མཚན་རྟགས་གསུང་ཞིང་། དགོན་གྱི་ཁྲི་འཛིན་སྐྱབས་རྗེ་མཁན་ཆེན་རྒྱལ་བ་སྨན་རིའི་དགེ་བཤེས་ཆེན་མོ་༧བྲུ་གཡུང་དྲུང་ཡི་ཤེས་མཆོག་ནས་བསྔོ་སྨོན་གྱིས་རྒྱས་གདབ་སྟེ་བཀའ་རམས་པ་ལྔ་ལ་མགུར་དར་དང་ཕྱག་མདུད། ཕྱག་ཁྱེར་བཅས་བསྩལ་གནང་མཛད། དེ་ནས་བཀའ་རམས་པ་རྣམས་ཀྱིས་ཚིག་བཀྲ་གསུངས་ཤིང་འདུ་ཁང་སྐོར་བ་ཕེབས་པ་དང་ཁྲུས་གསོལ་གྲུབ་རྟིང་། སྐྱབས་རྗེ་མཁན་ཆེན་མཆོག་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་ཞེས་སྐལ་བཟང་གི་ཤིས་ཚིག་གསུང་པ་དང་འབྲེལ། འདུས་པ་རྒྱ་མཚོ་དང་དད་འདུན་སེར་སྐྱ་ཡོངས་ཀྱིས་སྐལ་བཟང་གི་འབོད་སྒྲ་འུར་དིར་དིར་དུ་ངང་། དགེ་བཤེས་རྣམ་པ་ལྔ་ཁྲི་གསོལ་ཁང་དུ་ལྗགས་གླིང་དང་སྤོས་དུད་ཀྱིས་སྣ་དྲངས་ཏེ་གདན་འདྲེན་ཞུས་ནས། འདུས་མང་དད་འདུན་ཡོངས་ནས་མཛད་འཕྲིན་བསྟན་འགྲོར་སྨན་པའི་ཤིས་སྨོན་སྐལ་བཟང་བརྗོད་བཞིན་ཁྲི་གསོལ་བཀྲ་ཤིས་ཁ་བཏགས་གུས་འབུལ་བྱེད་ཀྱིན་དགེ་བཤེས་ཁྲི་གསོལ་མཛད་སྒོའི་མཇུག་ཡོངས་སུ་གྲུབ་བོ། །