
སྤྱི་ལོ་2010ལོར་དབུ་བརྙེས་པའི་སྤུ་རྒྱལ་སྤྱི་རིམ་སྨན་སྒྲུབ་ཆེན་མོའི་ཁོངས་གཏོགས་ཀྱི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་ནི་ཐུན་མོང་གི་ཤེས་རིག་གླེང་སྟེགས་ཤིག་ཡིན་པ་དང་སྤྱི་ལོ་2017ལོར་བགྲོ་གླེང་དབུ་ཚུགས་ཤིང་། ད་བར་དུ་སྐབས་བརྗེ་ཐེངས་གསུམ་བྱས་པ་དང་། ད་ལྟ་ནི་སྤྱིའི་འཚོགས་ཐེངས་དགུ་པ་དང། སྐབས་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཡིན། དེ་ཡང་སྤྱི་ལོ2025ལོའི་ཟླ་བ་8པའི་ཚེས་20ཉིན་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་ཁག་གི་དབུ་བླ་དང་འཐུས་ཚབ་མི་སྣ། ཚོགས་ཞུགས་བགྲོ་གླེང་མི་སྣ་རྣམས་ཁྱུང་ཡུལ་དཔལ་གཤེན་རི་དམར་སྐལ་བཟང་གླིང་དུ་འབྱོར་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་བགྲོ་གླེང་གི་གོ་རིམ་རྒྱན་ཤོག་འཐེན་པ་འབྱོར་ཐོ་བཀོད་པ་སོགས་སྟ་གོན་གྱི་བྱ་བ་ཚགས་སུ་ཚུད་པར་བྱས། སྤྱི་ཚེས21དང་22བཅས་ཉིན་གཉིས་ཀྱི་རིང་ལ་དངོས་གཞི་བགྲོ་གླེང་རྒྱས་འཚོགས་བྱས། ད་རེས་བགྲོ་གླེང་ཐོག་ཏུ་དགོན་སྡེ་དང་སྤྱི་ཚོགས་ཁག་ནས་ཕེབས་པའི་བགྲོ་གླེང་གནང་མཁན་ལ་གྲུབ་མཐའ་རིས་མེད་དང་། ཕོ་མོ་ཁྱད་མེད། སྐྱ་སེར་དབྱེར་མེད་ཀྱི་སྡེ་ཁག་ཚང་མ་ཡོད་པ་དང་། དཔྱད་རྩོམ་གྱི་ནང་དོན། རྒྱལ་རབས་ལོ་རྒྱུས། གཞུང་ལུགས། གནམ་རིག་སྐར་རྩིས། སྐད་བརྡ་ཡིག་ཚང་། སློབ་གསོ། རི་ཆུ་རིག་གནས། མི་སྣ་ཞིབ་འཇུག ཞིང་འབྲོག་ལས་རིགས། ཁོར་ཡུག་སྲུང་སྐྱོབས། གཙང་སྦྲ་འཕྲོད་བསྟེན་སོགས་དཔྱད་རྩོམ་ནང་དོན་ཕུན་སུམ་ཚོགས་ལ་རིག་ཚན་སྣ་མང་བ་བཅས་ཀྱིས་ཁྱད་ཆོས་ལྡན་འདུག བགྲོ་གླེང་སྐབས་སུ་དྲི་བ་དྲིས་ལན་དང་དཔྱད་འཇོག་བརྒལ་བརྟགས་སོགས་འཁྲུག་ཆ་དོད་ལ་གསོན་ཉམས་ལྡན་པ་བྱུང་སོང་། ཟུར་ཉན་བྱེད་མཁན་ལའང་སྐྱ་སེར་བརྒྱ་ཕྲག་གཉིས་ལྷག་ཙམ་མཉམ་ཞུགས་བྱས་ཡོད།

སྤྱི་ཚེས་20ཉིན་གྱི་ཕྱི་དྲོར་དགོན་སྡེ་རི་ཁྲོད་ཁག་གི་དབུ་བླ་འཐུས་ཚབ་རྣམས་དང་། བགྲོ་གླེང་མཁན་རྣམས་ཀྱིས་ཁྱུང་ཡུལ་རི་དམར་དགོན་དུ་འབྱོར་ཐོ་བཀོད་པ་དང་བགྲོ་གླེང་བ་རྣམས་ཀྱིས་བགྲོ་གླེང་གི་གོ་རིམ་རྒྱན་ཤོག་འཐེན་ནས་བགྲོ་གླེང་གི་ཉིན་དང་པོའི་མཛད་རིམ་གྲུབ།
སྤྱི་ཚེས་21ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པའི་ཐོག་ཏུ་རི་དམར་དགོན་གྱི་འདུ་ཁང་ནང་དུ་རྒྱས་འཛོམས་མཛད་ནས་ཐོག་མར་སྐབས་གསུམ་པའི་ཚོགས་གཙོ་ལྷ་ལྡོང་དགེ་བཤེས་ཚུལ་ཁྲིམས་གཡུང་དྲུང་མཆོག་གིས་བགྲོ་གླེང་གི་དབུ་འཛུགས་གཏམ་བཤད་རྒྱས་པར་སྤེལ། དེ་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་སྤྱི་ཁྱབ་དབུ་འཛིན་དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་འདས་མ་ད་གསུམ་དང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་དགོས་པ་རྒྱུ་མཚན་སོགས་ཀྱི་སྐོར་ནས་གསུང་བཤད་ཟབ་ཅིང་རྒྱས་པར་གནང་། དེ་ནས་ཚོགས་གཙོ་ལྷ་ལྡོང་དགེ་བཤེས་ཚུལ་ཁྲིམས་གཡུང་དྲུང་མཆོག་གིས་གཙོ་སྐྱོང་བྱས་པ་དང་། བགྲོ་གླེང་གི་རྒྱན་ཤོག་ཨང་རིམ་དང་པོ་བ། རི་དམར་གཤེན་བསྟན་གླིང་གི་བླ་མ་ཤེལ་ཞིག་ཚོགས་ལམ་བཟང་པོ་མཆོག་གིས་དགོན་འདིའི་ནང་རྟེན་མདོ་དྲི་མེད་གཟི་བརྗིད་དཀར་ཆག་སྐོར་ནས་བགྲོ་གླེང་གནང་གྲུབ་རྗེས་དེ་འབྲེལ་གྱི་དྲི་བ་དྲིས་ལན་གནང་བ་དང་། མུ་མཐུད་ནས་རྒྱན་ཤོག་གི་གོ་རིམ་ལྟར། དགེ་བཤེས་ཚུལ་ཁྲིམས་འབྱུང་གནས། སྐྱ་རེངས་རྒྱལ་རུ་བཅས་ཀྱིས་བགྲོ་གླེང་གནང་ནས་དེ་འབྲེལ་གྱི་དྲི་བ་དྲིས་ལན་གནང་། དེ་ནས་རི་དམར་དགོན་གྱི་ཚོགས་ཁང་མདུན་དུ་ལྷན་རྒྱས་མཉམ་པར་བསྒྲོན།

མུ་མཐུད་ནས་ཚོགས་གཞོན་ཚངས་སྲས་འཇིགས་མེད་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། དགེ་བཤེས་བདེ་ཆེན་རིག་གྲོལ། དགེ་བཤེས་བསྟན་འཛིན་དགེ་ལེགས། དགེ་བཤེས་ཁྱུང་པོ་ཐེག་མཆོག། ཚུལ་ཁྲིམས་དར་རྒྱས་བཅས་ཀྱིས་བགྲོ་གླེང་གནང་བ་དང་དེ་འབྲེལ་གྱི་དྲི་བ་དྲིས་ལན་བྱས།
རྒྱུན་ལས་དགེ་བཤེས་ཡོན་ཏན་སྨན་མཚོ་ལགས་ཀྱིས་གཙོ་སྐྱོང་བྱས་པ་དང་། ལུང་རྟོགས་ཉི་མ། དགེ་བཤེས་བརྩོན་འགྲུས་རྒྱལ་མཚན། ག་གཟི་མཆོག་རྒྱལ། བསྟན་འཛིན་ལྷ་མཚོ། དགེ་བཤེས་གཞན་ཕན་ཡོན་ཏན། དགེ་བཤེས་བསྟན་འཛིན་རྣམ་རྒྱལ། ཉི་མ་གྲགས་པ་བཅས་ཀྱིས་བགྲོ་གླེང་གནང་བ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་བྱས།
དེ་ནས་དྲུང་ཆེ་ལྡོང་སྐལ་བཟང་ལགས་ཀྱིས་གཙོ་སྐྱོང་བྱས་པ་དང་། དགེ་བཤེས་གཡུང་དྲུང་ཕྲིན་ལས། གཟི་ནག བསམ་གཏན་ཚེ་མཚོ། དགེ་བཤེས་དྲང་སྲོང་རྒྱལ་མཚན། ཅང་སྒྲོན་མེ་བཅས་ཀྱིས་བགྲོ་གླེང་གནང་བ་དང་དེ་འབྲེལ་གྱི་དྲི་བ་དྲིས་ལན་གནང་ཞིང་ཉིན་གཉིས་པའི་མཛད་རིམ་ཡོངས་སུ་གྲུབ།
སྤྱི་ཚེས་22ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་སླར་ཡང་རྒྱས་འཚོགས་བྱས་ཏེ། དྲུང་གཞོན་དགེ་བཤེས་ཚུལ་ཁྲིམས་འབྱུང་གནས་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། སྒང་སར་ཚེ་རིང་དབང་ཕྱུག དཀོན་མཆོག་བསྟན་འཛིན། དགེ་བཤེས་རྣམ་དག་འདུལ་འཛིན། ཤེལ་ཞིག་ཤེས་རབ་སྐལ་བཟང་། རླབས་འཕྲེང་བཅས་ཀྱིས་གོ་རིམ་བཞིན་བགྲོ་གླེང་གནང་བ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་བྱས།
དེ་ནས་དགེ་བཤེས་བརྩོན་འགྲུས་རྒྱལ་མཚན་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། གངས་འོད། དབྲ་ཁྱུང་གཡུང་དྲུང་གཙུག་ཕུད་བཅས་ཀྱིས་བགྲོ་གླེང་གནང་བ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་བྱས་ནས་བགྲོ་གླེང་གི་མཇུག་ཡོངས་སུ་གྲུབ། དེ་ནས་ཤེལ་བླ་ཚོགས་ལམ་བཟང་པོ་མཆོག་གིས་རི་དམར་དགོན་གྱི་འཐུས་ཚབ་ཀྱི་གསུང་བཤད་གནང་། དེ་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་དྲུང་ཆེ་ལྡོང་སྐལ་བཟང་གིས་མཇུག་བསྡུས་གཏམ་བཤད་ལེགས་པར་སྤེལ།

དེ་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བརྗེ་དང་ལས་དོན་ལེགས་གྲུབ་ཀྱི་གཟེངས་བུམ་གཟི་བརྗིད་དཔང་ཡིག་འབུལ་བའི་མཛད་རིམ་སྤེལ་ཏེ། ཐོག་མར་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་རིང་གི་འཚོགས་གནས་དགོན་སྡེ་གསུམ་པོ་སྟེ། བྷོ་དར་ལྡེབ་དགོན་གཡུང་དྲུང་མཐའ་བརྟན་གླིང་དང་། ཕུག་དམར་དགོན་གཤེན་བསྟན་རིན་ཆེན་ནོར་བུའི་གླིང་། དཔལ་གཤེན་བསྟན་རི་དམར་སྐལ་བཟང་གླིང་བཅས་དགོན་སྡེ་གསུམ་དང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་སྤྱི་ཁྱབ་དབུ་འཛིན་དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་བཅས་ལ་གཟེངས་བུམ་དང་གཟི་བརྗིད་མཚན་སྙན་དཔང་ཡིག་བཅས་ཕུལ་བ་དང་། འབུལ་མཁན་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་ཚོགས་གཙོ་ལྷ་ལྡོང་དགེ་བཤེས་ཚུལ་ཁྲིམས་གཡུང་དྲུང་དང་ཚོགས་གཞོན་ཚངས་སྲས་འཇིགས་མེད་གཉིས་ཀྱིས་མཛད། དེ་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་གཟེངས་བུམ་དང་གཟི་བརྗིད་མཛན་སྙན་དཔང་ཡིག་ཕུལ་ཏེ། དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་དང་། མཁན་པོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། ཤེལ་བླ་ཚོགས་ལམ་བཟང་པོ་གསུམ་གྱིས་གཟི་བརྗིད་མཚན་སྙན་དཔང་ཡིག་དང་གཟེངས་བུམ་དར་དཀར་བཅས་རིམ་བཞིན་གནང་། དེ་ནས་སྤུ་རྒྱལ་ཤེས་དཔྱད་གླེང་གི་སྐབས་གསུམ་པའི་རྩོམ་སྒྲིག་ཚོ་ཆུང་ལ་གཟེངས་བུམ་དང་གཟི་བརྗིད་མཚན་སྙན་དཔང་ཡིག་ཕུལ་ཏེ། དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་དང་། མཁན་པོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། ཤེལ་བླ་ཚོགས་ལམ་བཟང་པོ་གསུམ་གྱིས་གཟི་བརྗིད་མཚན་སྙན་དཔང་ཡིག་དང་གཟེངས་བུམ་དར་དཀར་བཅས་རིམ་བཞིན་གནང་།
དེ་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་ལྷན་ཚོགས་ཀྱིས་ཐག་གཅོད་ལྟར་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བཞི་པའི་ལས་འཛིན་ཚན་ཆུང་བསྐོ་བཞགས་མཛད་དེ་དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་དྲི་མེད་ཀྱི་ལྷ་དར་དཀར་པོ་གནང་བ་དང་། ཞིག་སྲས་གཡུང་དྲུང་འབྲུག་གྲགས་མཆོག་ནས་རེ་རེ་བཞིན་མིང་འདོན་གནང་། སྐབས་བཞི་པའི་ཚོགས་གཙོ། དགེ་བཤེས་དྲང་སྲོང་རྒྱལ་མཚན། ཚོགས་གཞོན། དངོས་གྲུབ། དྲུང་ཆེ། དགེ་བཤེས་ཁྲོམ་ཟླ་ཟེར། དྲུང་གཞོན། སྒང་སྲས་དམུ་རྒྱལ་ཉི་མ། རྒྱུན་ལས་ཚོགས་མི། ཉི་རི་དྲུང་མུ། བོན་གཤེན་ཚེ་བརྟན། མགར་ཆེན་ནོར་ལྷ། ཚེ་ཐར་དབང་འདུས། དཔོན་ཚང་རྣམ་དཔྱོད། ཚེ་རིང་གྲགས་པ། གཡང་གྲུབ་བཅས་བསྐོ་བཞག་མཛད།
དེ་བཞིན་དུ་སྤུ་རྒྱལ་ཤེས་རིག་དཔྱད་གླེང་ལྷན་ཚོགས་ཀྱིས་ཐག་གཅོད་ལྟར་དུ་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བཞི་པའི་རྩོམ་སྒྲིག་ཚན་ཆུང་བསྐོ་བཞག་མཛད་དེ་དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་དྲི་མེད་ཀྱི་ལྷ་དར་དཀར་པོ་གནང་བ་དང་། ཞིག་སྲས་གཡུང་དྲུང་འབྲུག་གྲགས་མཆོག་ནས་རེ་རེ་བཞིན་མིང་འདོན་གནང་། སྐབས་བཞི་པའི་གཙོ་སྒྲིག་པ། ལྡོང་སྐལ་བཟང་། གཙོ་སྒྲིག་གཞོན་པ། དགེ་བཤེས་བསྟན་འཛིན་དགེ་ལེགས། རྩོམ་སྒྲིག་ཚོགས་མི། ག་གཟི་མཆོག་རྒྱལ། གཟི་ནག། དགེ་བཤེས་བརྩོན་འགྲུས་རྒྱལ་མཚན་བཅས་བསྐོ་བཞག་མཛད་དེ་ལས་རིམ་གྱི་མཇུག་ཡོངས་སུ་གྲུབ་པའི་གནས་བསྡུས་འདི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱིས་སྤེལ།