ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་སྐབས་གཉིས་པའི་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་པ།

[ཟླ་ཚེས། 2025-07-10 09:59:54][རྩོམ་པ་པོ། སྐབས་གཉིས་པའི་ལས་འཛིན་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་སྐབས་གཉིས་པའི་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་པ།

  དེ་ཡང་སྲིད་པ་གངས་རྒན་གྱི་མ་ཡུམ་ཆེན་པོ་གཡུང་དྲུང་བོན་གྱི་བསྟན་པའི་གཞུང་དོན་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ཚུལ་བཞིན་གནང་བའི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་མི་ཚེ་དཔེ་ཆ་དང་ཁ་མ་བྲལ་ཞིང་དུས་ཚོད་སློབ་གཉེར་ལ་གཏོང་བཞིན་པ་དག་ལ་ཆེད་དམིགས་ཀྱིས་རིས་མེད་ཀྱི་མགྲིན་སྟེགས་ཆེན་པོ་ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་ཞེས་པ་ཞིག་གསར་འཛུགས་གནང་ནས་མི་ལོ་གསུམ་བཞུད་ཤུལ་གྱི་དེ་རིང་སྟེ། སྤྱི་ལོ2025ལོའི་ཧོར་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་ལོ་སྔོན་མའི་འཆར་ཅན་ལྟར་ཁྱུང་ཡུལ་ལྡོང་རྫོང་གཤེན་བཙུན་སྨིན་གླིང་ནས་འཚོགས་འགོ་བརྩམས་ཏེ་ཕྱོགས་སོ་སོའི་བགྲོ་གླེང་བ་རྣམས་ཀྱིས་འབྱོར་ཐོ་བཀོད་ཅིང་སྔ་གཞུག་གི་ཨང་རིམ་རྒྱན་འཕེན་གནངས།



  ཕྱི་ཉིན་ཚེས༡༣ཉིན་ཚོགས་བཞུགས་བླ་སྤྲུལ་མཁན་གསུམ་དང་དགེ་བཤེས་གྲྭ་བཙུན་སོགས་བརྒྱ་ཕྲག་གཉིས་ལ་ཉེ་བ་གདན་འཛོམས་ཐོག་ཚོགས་གཙོ་དགེ་བཤེས་བོན་དབྱིངས་རྒྱལ་མཚན་མཆོག་ནས་བགྲོ་གླེང་དབུ་འཛུག་གི་གསུང་བཤད་གནང་ཞིང་བགྲོ་གླེང་འགོ་མཇུག་བར་གསུམ་གྱི་སྒྲིག་ལམ་དང་དཔྱད་གླེང་འདིའི་དགེ་མཚན་ཐད་ནས་གསུང་བཤད་གནང་རྗེས་རིམ་པ་བཞིན་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་བརྗོད་བྱའི་ནང་དོན་ཟབ་ལ་རྗོད་བྱེད་སྨྲ་དག་གསལ་གསུམ་དང་ལྡན་པའི་སྒོ་ནས་བགྲོ་གླེང་མཛད།

  ཉིན་གུང་ལ་དམིགས་བསལ་གྱིས་ཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ཤིང་ལོ་སྔོན་མའི་འགན་འཛིན་རྣམས་ཀྱིས«ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ»ཞེས་པའི་དཔེ་དེབ་འདོན་ཐེངས་གསུམ་པ་འགྲེམ་སྤེལ་དང་དཔེ་འགྱེད་གནང་། བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོའི་མ་འོངས་ཁ་ཕྱོགས་དང་མཐུན་ལམ་གཅིག་བརྒྱུད། བགྲོ་གླེང་སྤུས་དག རིས་མེད་མཐུན་འཛུགས་སོགས་ནང་དོན་གཙོ་བོ་བྱས་ནས་བཀའ་མོལ་མི་དམན་པ་གནངས།

  ཕྱི་དྲོ་ཕྱག་ཚོད་གཉིས་དང་ཕྱེད་ཀའི་སྟེང་མུ་མཐུད་ནས་བགྲོ་གླེང་གཟབ་རྒྱས་གནང་བ་མ་ཟད་དྲི་བ་དྲིས་ལན་ཡང་ལྷུག་པོར་མཛད། ཕོ་མོ་རིས་མེད་དང་གྲུབ་མཐའ་ཁྱད་མེད་ཀྱི་གླེང་སྟེགས་འདིར་དངོས་བཞུགས་བགྲོ་གླེང་བ་ཉེར་གཅིག་དང་འདི་ཉིན་དགེ་བཤེས་བཅུ་གསུམ་གྱིས་དཔྱད་གླེང་སྒྲོག་སྦྱོང་གནང་གྲུབ་རྗེས་རྩོད་གྲྭར་ཞུགས་ནས་དགག་བཞག་རྩོད་སྤོང་གི་རིག་ལམ་བསྐྱངས་ནས་ཉིན་འདིའི་རིམ་པ་མཇུག་གྲུབ།

  ཚེས༡༤ཉིན་གྱི་ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་རེབ་འདིའི་ཚོགས་གཞོན་དགེ་བཤེས་གཡུང་དྲུང་མགོན་པོ་མཆོག་གིས་གཙོ་སྐྱོང་མཛད་དེ་དངོས་གཞིའི་བགྲོ་གླེང་ཉིན་གཉིས་པ་དབུ་འཛུགས་གནང་། དགེ་བའི་བཤེས་གཉེན་རྣམས་ཀྱིས་རིམ་པ་བཞིན་སོ་སོའི་དཔྱད་དོན་དག་སྙན་སྒྲོན་ཞུས་ཞིང་ཚོགས་ཞུགས་རྣམ་པས་ཀྱང་དྲི་བ་དྲིས་ལན་གནད་ལ་ཁེལ་བ་མཛད། ཕྱི་དྲོའི་རིམ་པ་ལའང་གོང་བཞིན་ཚོགས་གཙོ་བོན་དབྱིངས་རྒྱལ་མཚན་མཆོག་གིས་གཙོ་སྐྱོང་གནང་ཐོག་དགེ་བའི་བཤེས་གཉེན་རྣམས་ནས་དཔྱད་གླེང་འབྲས་དོན་ཡོངས་སུ་ཕུལ་བ་གནང་། ད་ལན་གྱི་དཔྱད་གླེང་གྲོས་ཚོགས་འདི་ནི་ལོ་རྒྱུས་དང་རིག་གནས། རྣམ་ཐར། གཞུང་ལུགས་སོགས་སྣ་མང་ཀུན་འདུས་ཀྱི་ར་བ་ཞིག་ཏུ་གྲུབ་པར་བགྱིས་ཏེ་དཔྱད་འབྲས་ཀྱང་མི་དམན་པ་བླངས་ཡོད། མཐར་དྲུང་ཡིག་པ་སྟོང་སྲས་ལྷ་བུས་གྲོས་ཚོགས་འདི་ཀུན་ལ་ཕན་པ་ཆེ་ཚུལ་གྱི་སྒོ་ནས་མཇུག་བསྡོམས་བྱས་ཏེ་འདུས་ཚོགས་ཀུན་ཀས་གཡུང་དྲུང་བསྟན་པ་རྒྱས་པའི་ཐུགས་སྨོན་རྒྱ་ཆེན་མཛད་དེ་ད་རེས་དཔྱད་གླེང་ཡོངས་སུ་མཇུག་རྫོགས།

ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་གཉིས་པའི་ལས་འཛིན་ཐུན་མོང་གིས་ཕུལ།

སྤྱི་ལོ2025ལོའི་ཧོར་ཟླ5ཚེས15ཉིན།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།