དབང་ལྡན་ཞུ་ཚང་གི་གསུང་འབུམ་དང་ཞང་ཞུང་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཁྲིན་ཏུའུ་རུ་བསྡུས།

[ཟླ་ཚེས། 2024-01-28 17:51:10][རྩོམ་པ་པོ། ཁྲི་བསོད་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


དབང་ལྡན་ཞུ་ཚང་གི་གསུང་འབུམ་དང་ཞང་ཞུང་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཁྲིན་ཏུའུ་རུ་བསྡུས།

  དེ་རིང་སྟེ་སྤྱི་ལོ2024ལོའི་སྤྱི་ཟླ1པོའི་ཚེས28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གཙིགས་སུ་བཟུང་སྟེ་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་མངོན་མིན་རིག་གནས་ཤུལ་བཞག་དར་སྤེལ་གཏོང་བར་སྐུལ་འདེད། རིག་གནས་བསམ་བློ་སྲུང་སྐྱོབ་གནང་དགོས་ཀྱི་ལག་ལེན་བཞིན། བོན་གྱི་གདུང་རབས་ཆེན་མོ་དྲུག་ལས་དབང་ལྡན་ཞུ་ཚང་གི་གསུང་འབུམ་དང་ཞང་ཞུང་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ངང་ཁྲིན་ཏུའུ་རུ་འཚོགས། རིག་གཞུང་བགྲོ་གླེང་ཚོགས་འདུ་འདི་བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་ནས་གཙོ་གཉེར་བྱས་ཤིང་། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་ནག་ཆུ་གྲོང་ཁྱེར་ཞང་ཞུང་རིག་གནས་ཞིབ་འཇུག་ཚོགས་པས་རོགས་སྒྲུབ་དང་། དབང་ལྡན་ཞུ་ཚང་གི་ཞུ་གཡས་རིག་གཞུང་དར་སྤེལ་རྐང་འཛིན་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱས་པ་ཞིག་རེད།

  ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ནག་ཆུ་གྲོང་ཁྱེར་ཆོས་དོན་ཅུའུ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་སོགས་པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ནས་ཕེབས་པའི་མི་རིགས་སློབ་ཆེན་ཁག་དང་དགོན་སྡེ་ཁག བོད་རིག་པ་དང་འབྲེལ་ཡོད་སློབ་གླིང་ཁག་ནས་ཕེབས་པའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་ལས་ཁུངས་ཀྱི་ཞིབ་འཇུག་པ། གདན་ཞུའི་ཚོགས་བཅར་བ་དང་ཟུར་མཉན་པ་སོགས་འབྲེལ་ཡོད་མི་སྣ70ལྷག་ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་སྟེང་ཞུགས་ཡོད།

  ཐོག་མར། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་ལགས་ནས་ཚོགས་འདུ་ངོ་སྤྲོད་དང་ཚོགས་འདུའི་དམིགས་དོན་སྐོར་ནས་གསུང་བཤད་གནང་ཞིང་ཚོགས་འདུ་གཙོ་སྐྱོང་གནང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟུར་བ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་རྒྱལ་ཕྱི་ནང་ནས་ཐོན་པའི་སྲིད་པའི་བོན་གྱི་ཡིག་རྙིང་ལག་བྲིས་མའི་ཁྱད་ཆོས་དང་རིན་ཐང། འཚོལ་བསྡུའི་དགེ་མཚན། ཞིབ་འཇུག་གི་གནས་བབས་སྐོར་ནས་གསུང་བཤད་གལ་ཆེན་གནང་། རིམ་བཞིན་ཁྲོམ་ཚང་དགོན་པའི་ཁྲི་འཛིན་ཞུ་ཚང་ཡོན་ཏན་རྒྱ་མཚོ་མཆོག་ནས་ཚོགས་ཞུགས་ཚོགས་བཅར་བ་རྣམས་ཕེབས་པར་བཀའ་དྲིན་ལེགས་གསོལ་གྱི་འཚམས་འདྲི་དང་སྦྲགས་དབང་ལྡན་ཞུ་ཚང་གི་གདུང་རབས་གྲོལ་ཚུལ་ནས་ཞུ་ཡི་གདན་ས་ཁག་གི་བྱུང་འཕེལ་སྐོར་གསུང་བཤད་ཟབ་མོ་གནང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ནས་ཡུན་རིང་བའི་བོན་གྱི་ལོ་རྒྱུས་ཀྱི་གནས་བབས་དང་ཞང་ཞུང་རིག་གནས་ཀྱི་དངོས་བབ་ལ་བཟུང་བའི་ལྟ་ཚུལ། ལྷག་དོན་བོན་གྱི་གསོ་རིག་འབུམ་བཞིའི་ལོ་རྒྱུས་ཞིབ་འཇུག་གི་ཕྱག་ལས་སྐོར་ནས་གསུང་བཤད་གནང་། སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་ནས་དབང་ལྡན་ཞུ་ཡས་ལེགས་པོ་དང་ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར་དང་འབྲེལ་ཞིག་ཆེན་བཅོ་བརྒྱད་ཕན་ཚུན་འབྲེལ་བའི་སྐོར་ནས་གསུང་བཤད་གནང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་ཁྲིད་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ནས་དཔེ་སྐྲུན་དང་འབྲེལ་བོན་གྱི་དཔེ་དེབ་སྐོར་པར་སྐྲུན་བྱ་བའི་འཕེལ་འགྱུར་ཁྲོད་མིག་སྔར་པར་སྐྲུན་བྱས་པའི་ཀྲུང་ཧྭ་བོན་གྱི་བཀའ་འགྱུར་ཆེན་མོའི་པར་སྐྲུན་སྐོར་གྱི་ཚབ་མཚོན་གསུང་པོད་གླེང་སློང་གནང་རྗེས་ཚོགས་ཞུགས་པ་ཡོངས་མཉམ་བཞུགས་ཀྱི་དྲན་རྟེན་སྐུ་པར་བསྒྲོན།

  རིམ་པར་ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གི་བློ་གསལ་དང་དབང་ལྡན་ཞུ་ཚང་གི་གསུང་འབུམ་གཙོ་སྒྲིག་པ་སྟོང་སྐོར་གཡུང་དྲུང་བསྟན་པ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཤར་བ་ཐོགས་མེད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཟུར་བ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། རྔ་བ་ཁུལ་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་སྐལ་བཟང་ཐར། སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་སློབ་ཟུར་རྫ་ཚེ་དབང་བསྟན་འཛིན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད། བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་དཔོན་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། བོད་ལྗོངས་རིག་གནས་ཐིན་མངོན་མིན་རིག་གནའ་ཤུལ་བཞག་ཁྲུའུ་ཡི་འགན་འཛིན་པ་ཧོར་དཀར་ནོ་མོ་སོགས་ཚོགས་བཅར་བཞི་བཅུ་ལྷག་གིས་རིག་གཞུང་བསམ་བློའི་རིན་ཐང་སྐོར་སྙན་སྒྲོན་ཞུས་ཏེ་དབང་ལྡན་ཞུ་ཚང་གི་གསུང་འབུམ་དང་བོད་ཀྱི་ཡིག་རྙིང་ཞིབ་འཇུག རྒྱལ་གཅེས་ཆོས་གཅེས་དང་བོན་བསྟན་ཞིབ་འཇུག ཞུ་ཚང་གི་གདུང་རབས་ལོ་རྒྱུས་དང་ས་གནས་ཞིབ་འཇུག གཤེན་དང་བྲུ་ཞུ་སྤ་རྨེའུ་ཁྱུང་གི་གདུང་རབས་ཞིབ་འཇུག་དང་དེའི་བརྒྱུད་འཛིན་སྐོར་གྱི་བརྗོད་དོན་གཙོ་བོའི་སྙན་ཞུ་དང་དཔྱད་གཏམ་སྒྲོག་སྦྱངས་བྱས། དཔྱད་འབྲས་ལ་བགྲོ་གླེང་ཐོག་རིག་གཞུང་ཞིབ་འཇུག་གི་ལྟ་བ་བརྗེ་རེས་དང་ལྟ་ཚུལ་མི་འདྲ་བའི་སྒོ་ནས་རང་མོས་ཀྱིས་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་སོགས་ཞུ་ཚང་གདུང་རབས་ཞིབ་འཇུག་གི་བྱ་གཞག་འཕེལ་རྒྱས་སུ་བཏང་ནས། རིག་གཞུང་མཉམ་ལས་དང་རིག་ཚན་འཐུས་ཚང་སྒོས་ཡར་རྒྱས་གཏོང་ཆེད་གཏམ་བཤད་སྤེལ་རེས་བགྱིད།

  སྙན་ཞུར་གསན་རྗེས། གདན་ཞུའི་ཆེད་མཁས་པ་རྣམས་ཀྱིས་རིག་གཞུང་སྙན་ཞུ་དང་དཔེ་སྐྲུན་ལས་གཞིའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། གཅིག་གྱུར་གྱིས་ཞིབ་འཇུག་གྲུབ་འབྲས་ཀྱི་གྲངས་འབོར་མང་ལ་སྤུས་ཚད་མཐོ་བས། རིག་གཞུང་གི་རིན་ཐང་གལ་ཆེན་དང་དངོས་ཡོད་དོན་སྙིང་ཆེན་པོ་ལྡན་པར་འདོད་ཡོད། སོ་སོའི་བགྲོ་གླེང་གི་བརྗོད་དོན་མངོན་པར་གསལ་བ་དང་རྣམ་པ་གསར་གཏོད་ཡིན་པ། ནང་དོན་ཕུན་སུམ་ཚོགས་ལ་གསོན་ཉམས་ལྡན་པ། གྲུབ་འབྲས་མངོན་གསལ་དོད་པོ་ཡིན་པས། དཔྱད་རྩོམ་གྱི་ཞིབ་འཇུག་དོན་སྙིང་དང་ཞིབ་འཇུག་ཐབས་ལམ་སོགས་ཀྱི་ཐད་ནས་དངོས་སྤྱོད་རང་བཞིན་དང་མཛུབ་སྟོན་རང་བཞིན་ལྡན་པའི་དགོངས་འཆར་བཏོན།

  《དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས》གླེགས་བམ་བཅུ་བདུན་གྱི་བདག་ཉིད་ཅན་ནི། དབང་ལྡན་ཞུ་ཡི་རིང་ལུགས་འཛིན་པའི་འདུས་སྡེ་ཆེན་མོ་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་ཁྲི་འཛིན་བླ་མ་མཐོང་གྲོལ་ཡོན་ཏན་རྒྱ་མཚོ་མཆོག་གི་ཐུགས་བསྐྱེད་བླ་ན་མེད་པའི་བཀའ་དྲིན་འོག དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་གྲོན་ལན་མང་བཏང་སྟེ་ཞུ་གཡས་རིག་གཞུང་དར་སྤེལ་རྐང་འཛིན་ལྷན་ཚོགས་ནས་དུས་ཡུན་ལོ་ངོ་མང་པོར་རྒྱུ་ཆ་འཚོལ་སྡུད་དང་རྩོམ་འབྲི། ལེགས་སྒྲིག་བཅས་བྱས་ཏེ་པར་སྐྲུན་གནང་ནས་བོད་ཀྱི་རིག་གཞུང་འཕེལ་རྒྱས་ལ་བྱས་རྗེས་བླ་མེད་བཞག་ཡོད།

  《དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས》ཞེས་པ 2019ལོའི་ཟླ5པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་དེབ་ཕྲེང་བཅུ་བདུན་བཞུགས། 1.《ཞུ་ཚང་གདུང་རབས་རྣམ་ཐར》 2.《དབང་ལུང་མན་ངག་བརྒྱུད་རིམ》 3.《རྒྱུད་དང་ཞལ་གདམས་གསོལ་འདེབས》 4.《སྒྲ་སྡེབས་དབུ་མའི་འགྲེལ་སོགས》 5.《སྤྱི་སྤུངས་གབ་པའི་འགྲེལ་སོགས》 6.《སྐྱབས་སྟོན་ཁྲོ་བོའི་འགྲེལ་བ》 7.《སྐྱབས་སྟོན་དྲང་དོན་འགྲེལ་བ》 8.《སྐྱབས་སྟོན་ངེས་དོན་འགྲེལ་བ》 9.《ཞུ་ལུགས་འདོན་ཆོག་ཟིན་རིས》(སྟོད་ཆ) 10.《ཞུ་ལུགས་འདོན་ཆོག་ཟིན་རིས》(སྨད་ཆ) 11.《ཞུ་ལུགས་ཆ་ལག་དགུ་སྐོར》(སྟོད་ཆ) 12.《ཞུ་ལུགས་ཆ་ལག་དགུ་སྐོར》(སྨད་ཆ) 13.《ཞུ་ལུགས་ཐུན་མིན་འདོན་གཞུང》(སྟོད་ཆ) 14.《ཞུ་ལུགས་ཐུན་མིན་འདོན་གཞུང》(བར་ཆ) 15.《ཞུ་ལུགས་ཐུན་མིན་འདོན་གཞུང》(སྨད་ཆ) 16.《ཞུ་ལུགས་ཆོ་གའི་ཉེར་མཁོ》 17.《ཞུ་ལུགས་གཟུངས་འདུས་ཆེན་མོ》བཅས་ཡིན་ལ། དེའི་ཁྲོད་ཞུ་གཡས་ལེགས་པོ་དང་ཞུ་སྒོམ་འཁྲུལ་ཞིག ཞུ་ཡེ་ཤེས་རིན་ཆེན། སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར། ཞུ་གཡས་ཉི་མ་གྲགས་པ་སོགས་དབང་ལྡན་ཞུ་ཚང་གི་བསྟན་པའི་ས་བོན་བརྒྱུད་འཛིན་པ་སྟེ། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཁྱད་པར་ཅན་མང་པོ་གཙོས་དབང་ལྡན་ཞུ་ཚང་གི་སྐྱེས་ཆེན་རིམ་བྱོན་གྱིས་མཛད་གནང་བ་ཞུ་ཚང་གི་གདུང་རབས་ལོ་རྒྱུས་དང་མཁས་གྲུབ་རྣམ་ཐར། གཞུང་འགྲེལ་དང་ལུགས་གཉིས་བསླབ་བྱ། ཞུ་ལུགས་ཀྱི་ཆོ་གའི་ཉེར་མཁོ་དང་འདོན་གཞུང་ཟིན་རིས་སོགས་གནའ་དེང་གི་མཁས་པ140ལྷག་གིས་བརྩམས་པའི་ཡིག་ཆ482ལྷག་བསྡུས་ནས་དཔེ་སྒྲིག་བྱས་པ་ཞིག་ཡིན་པ་དང་། འདིར་ལོ་རྒྱུས། ཆོས་ལུགས། ཡུལ་སྲོལ། ཐབས་ལམ། ཉམས་ཞིབ། སྒྱུ་རྩལ་སོགས་སྣ་འཛོམས་རང་བཞིན་ཅན་གྱི་རིག་གནས་མ་ལག་འདུས་པའི་དཔེ་ཚོགས་ཤིག་རེད། དཔེ་ཚོགས་འདིས་བོད་ཀྱི་རིག་གནས་མུ་མཐུད་དུ་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་རྒྱ་ཆེན་པོ་ཐོན་ཐུབ་པར་རེ་བ་དང་ཡིད་ཆེས་ཡོད་ལ། ལྷག་དོན་བོན་གྱི་ཆོས་རིག་གི་ཞིབ་འཇུག་སྐོར་ལའང་དོན་སྙིང་ཤིན་ཏུ་ཆེ་ཞིང་ཕན་ནུས་རླབས་ཆེན་ཐོན་དང་འཐོན་བཞིན་པའི་བྱས་འབྲས་ཡིན་པའི་གདེང་འཇོག་ཚད་མེད་གནང་སྟེ་ཞིབ་འཇུག་ཐད་ཀྱི་རིག་གཞུང་གྲུབ་འབྲས་གསར་ཤོས་དང་གལ་ཆེ་ཤོས་སུ་ཚུད།

  མཇུག་སྡོམ་སྐབས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་ཀུན་དགའ་ཡེ་ཤེས་ལགས་ནས་གནད་དུ་འཁེལ་བའི་བགྲོ་གླེང་གི་ཁ་ཕྱོགས་སོ་སོར་ཐུན་མིན་གྱི་ཁྱད་བོན་བླ་ན་འབར་བའི་ཚུལ་སོགས་ཀྱིས་ཚོགས་འདུའི་མཇུག་བསྡུའི་གཏམ་བཤད་གནང་བ་དང་། དབང་ལྡན་ཞུ་ཚང་གི་གསུང་འབུམ་རྩོམ་སྒྲིག་པ་ཞང་ཞུང་སྐལ་བཟང་ཉི་མ་ལགས་ནས་ད་ལན་གྱི་ཚོགས་འདུའི་སྟེང་ཕེབས་ཞུས་ཆེད་མཁས་ཞིབ་འཇུག་པའི་སྡེ་དང་། ཚོགས་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་དྲིན་ཞུ་གསོལ་དང་བཅས་རྟེན་འབྲེལ་མཚོན་རྟེན་ཕུལ་ནས་ཚོགས་འདུ་རྒྱལ་ཁ་དང་བདེ་བླག་ངང་མཇུག་ལེགས་པར་གྲུབ་པའོ།།



  ཚོགས་འདུའི་གཙོ་སྐྱོང་བ་ཞུ་སྟོན་མཐོང་གྲོལ་ཡོན་ཏན་རྒྱ་མཚོ་མཆོག་ནི། ༡༩༦༣ལོར་བོད་ལྗོངས་ནག་ཆུ་སྦྲ་ཆེན་ཁྲོམ་ཚང་ཡུལ་དུ་འཁྲུངས། ༡༩༧༨ལོར་རབ་ཏུ་བྱུང་ཞིང་རིམ་བཞིན་ཁྱུང་པོ་རྩེ་དྲུག་སོགས་སུ་མདོ་སྔགས་གཞུང་བརྒྱར་སློབ་སྦྱོང་གནང་། ༡༩༩༥ལོར་བཀའ་རབ་འབྱམས་པའི་མཚན་རྟགས་བཞེས། ༢༠༠༣ལོ་ནས་ཁྲོམ་ཚང་དགོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས། ༢༠༡༩ལོར་གླེགས་བམ་བཅུ་བདུན་གྱི་བདག་ཉིད་ཅན《དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས》གཙོ་སྒྲིག་དང་པར་སྐྲུན་མཛད། ༢༠༢༤ལོར་ཁོང་གི་ཐུགས་བཀོད་འོག་དབང་ལྡན་ཞུ་ཚང་གི་གསུང་འབུམ་དང་ཞང་ཞུང་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུ་སྤོས་ངད་ལྡན་གྱི་གྲོང་ཁྱེར་རྒྱ་ནག་ཁྲིན་ཏུའུ་རུ་བསྡུས་ཏེ་བླ་ན་མེད་པའི་རིག་གཞུང་དར་སྤེལ་ཐད་ལ་བཀའ་དྲིན་བསྐྱངས་དང་སྐྱོང་མུས་སུ་བདོག ད་ལྟ་སྦྲ་ཆེན་ཁྲོམ་ཚང་དགོན་པའི་ཁྲི་འཛིན་དང《ཞུ་ཚང་རིག་གཞུང་དར་སྤེལ》གྱི་ཚོགས་གཙོ། སྦྲ་ཆེན་རྫོང་ཆོས་ལུགས་མི་སྣའི་ཀྲུའུ་ཞིའི་འགན་འཁུར་མུས་སུ་བཞུགས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།