སྨོན་རྒྱལ་བླ་བྲང་གི་སྐབས་གསུམ་པའི་གཡས་རུའི་འཆད་རྩོད་དང་གཞུང་དོན་བགྲོ་གླེང་འཚོགས་པ།

[ཟླ་ཚེས། 2023-09-29 09:38:40][རྩོམ་པ་པོ། སྨོན་རྒྱལ་མཁྱེན་རབ་ནམ་མཁའ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༄༅།། ལྗོངས་རིམ་པའི་རིག་དངོས་ཤུལ་བཞག་སྲུང་སྐྱོབ་ཁུལ་༧སྨོན་རྒྱལ་བླ་བྲང་གི་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་སྐབས་གསུམ་པའི་གཡས་རུ་འཆད་རྩོད་དང་གཞུང་དོན་བགློ་གླེང་འཚོགས་པ།
སྨོན་རྒྱལ་མཁྱེན་རབ་ནམ་མཁའ།
  ༼མདོ་སྔགས་རྫོགས་གསུམ་གྱི་སྦྱང་བྱ་ཁག་གི་བྱུང་ཁུངས་ངོ་སྤྲོད་མདོར་བསྡུས།༽བསྟན་པ་སྔ་དར་སྐབས།
   ༧རྣམ་འདྲེན་བརྒྱད་པ་སྟོན་པ་གཤེན་རབ་མི་བོ་ཆེ་ནི་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ཀྱི་སྟོན་པ་ཡིན།  བོན་རང་ལུགས་ཀྱི་ཐུན་མོངས་མ་ཡིན་པའི་བཞེད་པ་ལྟར་ན་སྤྱི་ལོའི་སྔོན་མི་ལོ་༡༦༠༡༧ལོར་ཡན་མན་ལ་སྐུ་འཁྲུངས། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཚོས་ཤོད་སྲོལ་ལྟར་ན་སྤྱི་ལོའི་སྔོན་ལ་མི་ལོ་༢༠༠༠ཙམ་ལ་སྐུ་འཁྲུངས་པ་ད་བར་མི་༤༠༠༠ཙམ་གྱི་ལོ་རྒྱུས་བཞེད་སྲོལ་ཡང་བྱུང་ཡོད། སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་འཁོར་དང་པོ་ཐེག་པ་རིམ་དགུ། བར་པ་སྒོ་བཞི་མཛོད་ལྔ། ཐ་མ་ཕྱི་ནང་གསང་གསུམ་བཅས་ཀྱི་གཙོ་བོར་བྱས་པའི་རྒྱལ་བའི་བཀའ་རིན་པོ་ཆེ་པོད་༡༧༨ཙམ་དང་དེའི་རྗེས་སུ་གདུང་འཚོབ་མུ་ཆོ་ལྡེམ་དྲུག་སོགས་བསྟན་པ་སྔ་དར་བར་དར་ཕྱི་དར་སོགས་ནས་མཛད་པ་གཏེར་དང་སྙན་རྒྱུད་བཅས་ནས་ཕེབས་པ་བཀའ་བརྟེན་པོད་༣༠༠ཙམ་བཞུགས་ཡོད་ལ་དེ་དག་རྒྱུན་འཛིན་མ་ཉམས་པ་ད་བར་མི་ལོ་སྟོང་ཕྲག་དུ་མར་གཉན་འཕྲང་མང་པོ་བརྒྱུད་ཏེ་ད་བར་མ་ཉམས་པ་གནས་ཡོད། བོན་བསྟན་སྔ་དར་གྱི་དུས་སུ་བོན་གྱི་ལོ་རྒྱུས་ཁྲོད་བཤད་རྒྱུན་དང་སྒྲུབ་རྒྱུན་གཉིས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་བའི་སྲོལ་ཡོད་པ་ནི་སྨྲོས་མེད་ཡིན།  དེ་ཡང་བཤད་རྒྱུན་ཞེས་པ་ནི་རྨང་གཞི་ཚད་མའི་རིག་ལམ་ལ་བརྟེན་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞུང་ལུགས་ཀྱི་སྙིང་དོན་ལེན་པའི་ཚུལ་ལ་བརྗོད། དེ་ལྟར་བོན་གྱི་ཚད་མ་རིག་པ་ནི་རིག་པའི་གནས་ཆེན་ལྔའི་ནང་ཚན་སྒྲ་རིག་པའི་བོན་སྡེ་གསུམ་གྱི་ཁོངས་སུ་བསྡུས་ཤིང་།   དེ་ལ་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་གཤེན་ལོ་བཅུ་ཡི་ཐོག་རི་བོ་གཡུང་དྲུང་དགུ་བརྩེགས་ལ་ཕེབས་ནས་གསུངས་པའི་ནང་གསེས་སྒྲ་ཚད་སོ་སོར་ཕྱེས་ཏེ་བསྟན་པའི་སྣོད་ཀྱང་ཉིད་ཀྱི་སློབ་མའི་ཐུ་བོ་རྨ་ལོ་དང་གཡུ་ལོ་གཉིས་ལ་སོ་སོར་བསྟན། སྒྲ་རིག་པའི་སྐོར་ལ་<སྐད་འགྱུར་སོ་སོར་བསྟན་པའི་མདོ། >ཚད་མའི་སྐོར་ལ་<ཚད་མ་སྡེ་བདུན་>སོགས་གསུངས་ནས་ཚད་མ་རིག་པའི་གཞུང་ལུགས་ཀྱི་རྩོད་དང་རྩོད་སྤོང་གི་རྣམ་བཞག་རྒྱས་པར་ཕྱེས་ཏེ་དགག་བཞག་སྤང་གསུམ་གྱི་རིག་པའི་ལམ་སྲོལ་བསྐྱངས་ཚུལ་ནི། <མཛད་མདོ་>ལས་།  ཚད་གསུམ་ཟུང་འབྲེལ་བོན་སྡེ་བདུན།  ༡ དྲི་བ་རྟགས་གསལ་སྒྲོན་མེའི་སྡེ།  ༢རྩོད་པ་རྫུ་འཕྲུལ་དྲ་བའི་སྡེ།   ༣སྤང་པ་རྒོལ་བ་ཚར་གཅོད་སྡེ།  ༤བླངས་བ་ཀུན་འབྱུང་ཡངས་པའི་སྡེ།  ༥འགལ་བ་མི་མཐུན་སྤང་པའི་སྡེ།  ༦མཐུན་པ་རང་ལུགས་བཞག་པའི་སྡེ།  ༧མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ། ཞེས་པའི་ལུང་དོན་འདི་ཙམ་གྱིས་མཁྱེན་རྟོགས་ཐུབ་པ་ཡིན། དེ་ལྟར་ཚད་མའི་གཞུང་ལུགས་ལ་བརྟེན་ནས་རིག་པའི་རྣམ་བཞག་སྤྲོས་པ་དང་། སྤང་བླང་གི་གནད་ཕྱིན་ཅི་མ་ལོག་པར་དགག་སྒྲུབ་ཀྱི་ལམ་ནས་ཚད་མའི་དེ་ཁོ་ན་ཉིད་མངོན་པར་བསྟན་པའི་ཚུལ་ནི་བཤད་གྲྭའི་ལམ་སྲོལ་ངོ་མ་དེ་ཆགས་ཀྱི་ཡོད།    <གཞི་ཡེ་སངས་རྒྱས་པའི་རྒྱུད་>ལས།   རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན།  ཞུག་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས།  ཞུག་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་།  འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས།  ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན།  ཞེས་གཏན་ཚིགས་རིགས་པའི་རྣམ་བཞག་གི་ལམ་ནས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དབང་དུ་གྱུར་པའི་ལྟ་སྤྱོད་མི་མཐུན་པ་རྣམས་ཀྱི་མཐའ་སེལ་བའི་ཆེད་དུ་གསུངས་པ་རིག་པའི་རྣམ་བཞག་དང་། དེ་བཞིན་<ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་>ལས།  དོན་ལྔ་རྣམ་པར་བཞག་པའི་ཚད་མ་ཡིས།  དོན་དམ་ཀུན་རྫོབ་གཉིས་མཇལ་ཤེས་པ་དེས།  བོན་རྣམས་བདག་མེད་སྤྲོས་དང་བྲལ་བར་བལྟ་ཞེས་བོན་ཐམས་ཅད་ཀྱི་གཤིས་ལུགས་བདག་གཉིས་ཀྱིས་དབེན་པའི་དོན་དམ་སྤྲོས་བྲལ་སྟོང་པ་ཉིད་དམ་བདེན་པ་མེད་པར་བསྒྲུབ་པའི་ཚུལ་ལ་དོན་ལྔ་དང་རྟགས་ཚུལ་གྱི་རྣམ་བཞག་རྒྱ་ཆེར་གསུངས་གནང་ཡོད། དེའི་རྗེས་སུ་འཇུག་པ་སྒྲ་སྒྱུར་ལོ་པཎ་ཤ་རི་དབུ་ཆེན་གྱིས་བོན་རྩིས་ལྟར་ན་སྤྱི་ལོའི་སྔོན་གྱི་༩༧༦ལོར་ཡན་མན་སྐུ་འཁྲུངས་<གཏན་ཚིགས་རིགས་པའི་གལ་མདོ་>བརྩམས་ཏེ་ཐེག་པ་ཆེ་ཆུང་གི་རྣམ་བཞག་རྣམས་རྩོད་པ་དང་། རྩོད་སྤོང་གི་ལམ་ནས་དགག་བཞག་གི་རྣམ་པ་སྤྲོས་པ་སྟེ། <མ་རྒྱུད་གྲུབ་ཆེན་>ལས།  མཁས་པའི་དབང་པོ་ཤ་རི་བ།  རིགས་སྒྲ་སྒྲོགས་ཅིང་ཐལ་མོ་རྡེབ། ཞེས་གསུངས་པ་ལྟར་མཁས་པའི་དབང་པོ་ཤ་རི་བས་ཞང་ཞུང་དང་བོད་ཀྱི་ཁམས་སུ་བཤད་པའི་རྒྱུན་བསྐྱངས་གནང་ཡོད། དེ་བཞིན་བོན་རྩིས་ལྟར་སྤྱི་ལོའི་སྔོན་གྱི་མི་ལོ་༩༡༤ལོར་སྐུ་འཁྲུངས་པའི་བླ་ཆེན་དྲན་པ་ནམ་མཁའ་དང་། སྤྱི་ལོ་སྔོན་གྱི་མི་ལོ་༥༥༢ལོར་ཞང་ཞུང་ནས་བོད་ལ་ཕེབས་པའི་སྙ་ཆེན་ལི་ཤུ་སྟག་རིང་བཅས་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་དྲང་ངེས་བདེན་པ་གཉིས་དང་། ཚད་མ་གསུམ་གྱི་རིག་པའི་བཤད་གཞུང་མཛད་དེ་བདུད་དང་མུ་སྟེགས་ཀྱི་ལོག་རྟོག་བཟློག་པར་བྱས་ནས་བཤད་རྒྱུན་བསྐྱངས།  མདོར་ན་<ལི་ཤུའི་གལ་མདོ་རིག་པའི་ཚད་མ་>དང་། <དྲན་པའི་རྣམ་འབྱེད་འཕྲུལ་ལྡེ་> <མཁས་བཞིའི་མན་ངག་ལུང་གི་ཚད་མ་>བཅས་ཀྱིས་མཚོན་ཞང་བོད་ལོ་པཎ་དང་། མཁས་པ་རྣམས་ཀྱིས་བོན་གྱི་ཚད་མ་རིག་པའི་ཡིག་ཆ་གཅིག་རྗེས་གཉིས་མཐུད་དུ་བརྩམས་ནས་དེ་དག་ལ་སྤང་བླང་དགག་སྒྲུབ་གི་རྣམ་བཞག་སྤྲོས་ཏེ། རྩོད་དང་རྩོད་སྤོང་ལམ་ནས་ལུང་གི་དེ་ཉིད་བསྒྲུབ་སྟེ་བཤད་རྒྱུན་སྐྱོང་བའི་སྲོལ་དར།

བསྟན་པ་ཕྱི་དར་སྐབས།
བོན་གྱི་འདུས་སྡེ་ཉང་སྟོད་སྟག་པ་ཁ་ཆེར།
   བྲུ་ཚང་བ་གཡུང་དྲུང་བླ་མ་དང་ཞུ་ཚང་བ་སྒྲོལ་བ་གཤེན་རྒྱལ་རྨེའུ་ཚང་བ་གཡུང་དྲུང་རྒྱལ་པོ་དང་གསུམ་ཉང་སྟོད་སྟག་པ་ཁ་ཆེར་དབུ་ཚད་སོགས་མཉམ་གསན་མཛད་རྗེས་བྲུ་ཡི་<གབ་མཛོད་ས་>གསུམ་གྱི་རྩ་བའི་སྦྱང་བྱའི་གཞུང་དང་།  ཆ་་ལག་ཏུ་གབ་པའི་འགྲེལ་དང་ཡན་ལག་ཏུ་རྩ་རྒྱུད་བསེན་ཐུབ་རྒྱུད་འགྲེལ།  <སངས་རྒྱས་རྒྱུད་>གསུམ་རྒྱུད་འགྲེལ་སོགས་སྔགས་སྐོར་ཡིག་ཆ།  <གབ་པའི་གཞུང་འགྲེལ།  ><སེམས་སྨད་སྡེ་དགུ། ><སྙན་རྒྱུད་སྐོར་བཞི།  ><བསྒྲགས་པ་སྐོར་གསུམ་ཆ་ལག><  ཡེ་ཁྲི་མཐའ་སེལ་><ནམ་མཁའ་འཕྲུལ་མཛོད་>སོགས་ཀྱི་རྩ་འགྲེལ་རྫོགས་ཆེན་སྐོར།  <མཛོད་གནས་བཅུ་བདུན།  ><འགྲེལ་བ་ལྷ་འགྲེལ།  ><མཁས་བཞིའི་འགྲེལ།><  སྒྲ་འགྲེལ་>སོགས་དང་།  <འདུལ་བ་རྩ་ལག་>གི་ཡིག་ཆ།  <རྒྱུད་དྲུག་>སོགས་དང་<ཚད་མའི་རྩ་འགྲེལ་ཐེག་པའི་རྣམ་བཤད།  ><ས་ལམ་གྱི་སྐོར།  ><རྣམ་འབྱེད་ཉི་འོད།><  ཕར་ཕྱིན་དབུ་མ་>སོགས་ཀྱི་ཡིག་ཆ།  དེ་རྣམས་རང་མོས་ཀྱིས་འཇུག་པ་མ་ཡིན་པ་དགོན་སྡེའི་བཅའ་སྒྲིག་བཞིན་འཇུག་དགོས་པ་དང་སློབ་མ་རྣམས་སོ་ཐར་གྱི་བསླབ་གཞི་འཆང་བ་ཤ་སྟགས་ཡིན་དགོས་པ་དང་མོ་རིགས་བསླབ་ཚན་ལ་འཇུག་པའི་རིགས་ཀྱང་སྦྱང་བྱའི་གཞུང་མཚུངས་ཀྱང་གནས་གཞིའི་བར་ཐག་རིང་དུ་གནས་དགོས་པར་གསུངས།
བོན་གྱི་འདུས་སྡེ་གཡས་རུ་དབེན་ས་ཁ།
   སྤྱི་ལོ་༡༠༣༦ལོར་སྐུ་འཁྲུངས་པའི་བླ་མ་བྲུ་ཆེན་པོ་ནམ་མཁའ་གཡུང་དྲུང་དང་སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ཀྱི་རང་གི་གཞུགས་གནས་ག་ར་ངོ་མ་སོགས་གང་དག་ལ་འཆད་རྒྱུད་བཙུགས།  གཡས་རུ་དབེན་ས་ཁ་ནི་བྲུ་རྗེ་གཡུང་དྲུང་བླ་མའི་༡༠༧༢ལོར་ཆགས་བཏབ། འདུས་སྡེ་དེར་གཞན་དྲིང་མི་འཇོག་པའི་མཁས་གྲུབ་སྟོན་པ་བཅོ་བརྒྱད་བྱོན་ནས་སློབ་ཚོགས་བསྐྱངས་པ་དང་། གབ་མཛོད་ས་གསུམ་ཆ་ལག་དང་བཅས་པར་འཆད་ཉན་གཙོར་བྱས་ཏེ་བཤད་རྒྱུན་ཀྱི་བསྟན་པ་ཡུན་རིང་བསྐྱངས་ནས་གྲྭ་སའི་ལམ་སྲོལ་རྒྱུན་ཆགས་སུ་གནས། གྲྭ་ཚང་ཡང་གླིང་བཞིར་གྱེས་ཤིང་དུས་སྐབས་དེར་འདུས་གྲྭ་སུམ་སྟོང་ལ་ཉེ་བ་རྒྱུན་བཞུགས་ཀྱི་གདན་ས་རྨད་དུ་བྱུང་བ་ཞིག་ཏུ་གྱུར། འཆད་པའི་སྲོལ་འཛིན་རྗེའི་དབོན་སྤྲུལ་ཉི་མ་རྒྱལ་མཚན་ནས་སྲས་ནམ་མཁའ་རྒྱལ་མཚན་སོགས་གདུང་རབས་རིམ་བྱོན་དང་། ཡང་རྨེའུ་ཚང་བླ་མས་གདན་ས་གཤང་གི་ས་གནས་ཞང་ཞོང་བློན་པོ་སྟེང་དུ་རྨེའུ་ལྷ་རི་གཉན་པོས་སློབ་ཚོགས་བསྐྱངས་པ་ཡིན།  དེ་ཡི་སྲས་ཚུལ་ཁྲིམས་དཔལ་ཆེན་གྱིས་ཕྱོགས་གཞན་ནས་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་ནས་སྙེ་མོ་བཟང་རི་ལ་དགོན་སྡེ་ཕྱག་བཏབ་ནས་བཤད་རྒྱུན་བཙུགས།   གབ་མཛོད་ས་གསུམ་ལ་འགྲེལ་དང་ཕྱག་རྗེས་རྒྱ་ཆེན་བཞག  སློབ་མ་དང་རྗེས་འཛིན་དུ་མའི་ནང་སྤ་འོད་གསལ་ལ་བསྟན་པ་གཏད།  སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན།  རྨེའུ་རྒྱལ་མཚན་མཆོག་ལེགས།  སུམ་སྟོན་ལྷ་འབུམ།  ཞང་དམ་པ་ཚུལ་ཤེས་སོགས་མཁས་པ་སེང་ཁྱུ་འཁྲུགས་པ་ལྟ་བུ་བྱོན།  མདོར་ན་རྗེ་བཙུན་མཉམ་མེད་ཆེན་པོའི་བར་མཁས་གྲུབ་བཅོ་བརྒྱད་རིང་བཤད་རྒྱུན་འཛིན་པའི་མཁས་གྲུབ་བཤེས་གཉེན་ཁྱུང་ཚང་བརྡོལ་བ་བཞིན་བྱུང་སྟེ་མི་ལོ་སུམ་བརྒྱ་ཙམ་གྱི་རིང་བཤད་རྒྱུན་གྱི་སློབ་མ་བསྐྱངས།   དུས་དེར་གཙོ་གནད་སྦྱང་བྱའི་ཡིག་ཆ་ཁག་ནི།  <གབ་མཛོད་ས་>གསུམ་གྱི་གཞུང་ཆེན་རྣམས་ཡིན།  <ཆ་ལག་ཏུ་གབ་པའི་འགྲེལ་>དང་། ཡན་ལག་ཏུ་<རྩ་རྒྱུད་གསང་བ་བསེན་ཐུབ་རྒྱུད་འགྲེལ།  ><སངས་རྒྱས་རྒྱུད་གསུམ་རྒྱུད་འགྲེལ་>སོགས་བསྒྱུར་ལམ་གསང་བ་སྔགས་ཀྱི་ཡིག་ཆ་ཁག་དང་།  <གབ་པ་གཞུང་འགྲེལ།  ><སེམས་སྨད་སྡེ་དགུ།  ><སྙན་རྒྱུད་སྐོར་བཞི།  ><བསྒྲགས་པ་སྐོར་གསུམ་ཆ་ལག    ><ཡེ་ཁྲི་མཐའ་སེལ།  ><ནམ་མཁའ་འཕྲུལ་མཛོད་>སོགས་རྩ་འགྲེལ་བཅས་བླ་མེད་རྫོགས་པ་ཆེན་པོའི་སྐོར།  གཞན་ཡང་<ཚད་མའི་རྩ་འགྲེལ།  ><ཐེག་པའི་རྣམ་བཤད།  ><ས་ལམ་རྣམ་འབྱེད།  ><དབུ་མ་རྩ་ལག  ><མཛོད་གནས་བཅུ་བདུན།  ><འདུལ་བ་རྒྱུད་དྲུག་>སོགས་རྩ་འགྲེལ་ཡན་ལག་དང་བཅས་སློབ་གཞི་གཙོ་བོར་བཟུང་ནས་དེ་དག་ལ་སྦྱང་པ་མཐར་ཕྱིན་པ་དང་། བསླབ་བྱའི་ཆེ་རྟགས་སུ་འདུས་སྡེ་ཁྲོད་ནས་སྟོན་པའི་མཚན་གནས་གསོལ་བའི་ལམ་སྲོལ་ཡོད་པར་གྲགས།
བོན་གྱི་རྩ་བའི་གྲྭ་ས་ཡ་བཞི།
བསྟན་པའི་བདག་ཆེན་དྲུག་ལས་བསྟན་པ་འཆད་ཉན་གྱི་སྒོ་ནས་བཤད་རྒྱུན་སྐྱོང་བ་པོ་གཙོ་བོ་བྲུ་ཚང་དང་། གཤེན་ཚང་། རྨེའུ་ཚང་། ཞུ་ཚང་ཏེ། གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་གབ་མཛོད་ས་གསུམ་ལ་ཕྱག་ལེན་གནང་ཞིང་འཇེད་དར་སྡིངས་སུ་གསེར་སྒོ་ཁྲ་མོའི་གཙུག་ལག་ཁང་ཕྱག་བཏབ། དེར་བཤད་གྲྭ་བཙུགས་ཀྱང་རྒྱུན་ཐུང་ངུར་གྱུར། གཙུག་ལག་ཁང་དེ་སོག་པོ་འཇུན་གར་གྱིས་གཏོར་སྐྱོན་བྱས་ཀྱང་རྩ་ཉམས་མ་སོང་བས་དུས་རབས་ཉི་ཤུའི་བར་དུ་གནས་སོ།
གཤེན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ།
དེ་རྗེས་དུས་རབས་བཅུ་བཞི་པའི་མཇུག་ཏུ་གཤེན་ཉི་མས་དགུང་ལོ་སུམ་བཅུའི་ཐོག་ཕྱག་བཏབ་པ་གཤེན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་ཡིན། 
 ཞུ་ཡི་གདན་ས་དབང་ལྡན་ལྷུན་གྲུབ་སྒང་།
དབང་ལྡན་ཞུ་ཡས་ལེགས་པོས་སྤྱི་ལོ་༡༡༩༠ལོར་བཏབས་པའི་ཞུ་ཡི་གདན་ས་དབང་ལྡན་ལྷུན་གྲུབ་སྒང་།
 རྨེའུ་གདན་ས་དཔལ་ལྡན་བཟང་པོ་རི།
སྤྱི་ལོ་༡༠༩༦ལོར་རྨེའུ་མཁས་པ་ཚུལ་ཁྲིམས་དཔལ་ཆེན་གྱིས་ཕྱག་བཏབས་པ་རྨེའུ་གདན་ས་དཔལ་ལྡན་བཟང་པོ་རི་བཅས་བོན་བཤད་པའི་རྒྱུན་སྐྱོང་ཞིང་གབ་མཛོད་ས་གསུམ་གཙོ་བོ་རྩལ་དུ་བཏོན་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བདག་ཉིད་ཅན་ཏེ་གཞན་འདྲིང་མི་འཇོག་པའི་གཟི་དཔལ་འབར་ཡོད་པ་ལོ་རྒྱུས་དག་ལ་གཟིགས་ན་མཁྱེན་ནུས།
སྤ་ཡི་གདན་ས་ལ་ཕུག
སྤྱི་ལོ་༡༢༣༤ཡི་གཡས་གཡོན་ལ་སྤ་སྟོན་རྒྱལ་བ་ཤེས་རབ་ཀྱི་ཕྱག་བཏབ་ཟེར་ལ་འགའ་ཞིག་ཏུ་དཔལ་ལྡན་བཟང་པོས་བཏབ་ཞེས་གསུངས་པ་ཡོད་ལ་དེར་འཆད་ཉན་སྒོམ་སྒྲུབ་སྡེ་དར་ཞིང་རྒྱས་པར་གྱུར།
བོན་གྱི་གྲྭ་ས་གོང་མ་གཙང་སྨན་རི་དགོན།
བོན་གྱི་གྲྭ་ས་གོང་འོག་བར་གསུམ་ལས་གྲྭ་ས་གོང་མ་གཙང་བཀྲ་ཤིས་སྨན་རི་དགོན་ནི། རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་བཏབས་རྒྱལ་བ་གཉིས་པ་རྗེ་བཙུན་མཉམ་མེད་ཤེས་རབ་རྒྱལ་མཚན་ནི་རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོར་༡༣༥༦ལོར་གངས་ཅན་བོད་ཀྱིཤར་ཕྱོགས་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོའི་མངའ་ཁོངས་སུ་སྐུ་འཁྲུངས། ཁོང་གི་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། ཐོས་སྒོམ་ཉམས་ལེན་མཐར་ཕྱིན་པར་མཛད་རྗེས། གཡས་རུ་དབེན་སའི་གླིང་གཞིའི་ནང་ཚན་གླིང་ཟུར་པའི་མཁན་པོ་ཡང་མཛད། སྤྱི་ལོ་༡༤༠༥ལོར་གཙང་གི་ཐོབ་རྒྱལ་རི་ལ་བོན་གྱི་གྲྭ་ས་གོང་མ་གཤེན་བསྟན་བཀྲ་ཤིས་སྨན་རིའི་དགོན་སྡེ་བཏབས། གྲྭ་ཚང་གླིང་སྟོད། གླིང་སྨད། གླིང་སྐད། གླིང་ཟུར་བཞིར་གྱེས་ཤིང་འཆད་ཉན་གྱི་སྡེ་བཙུགས་པ་དང་། རྨད་བྱུང་སུམ་ལྡན་དགེ་འདུན་ལྔ་བརྒྱ་ལྷག་རྒྱུན་བཞུགས་ཀྱིས་དགོན་སྡེ་འཛིན་སྐྱོང་དང་འཆད་ཉན་དང་། བསྙེན་སྒྲུབ་ཀྱི་ལམ་སྲོལ་ཉམས་མེད་རྒྱུན་བསྐྱངས་གནང་བ་རྗེའི་འཕྲུལ་སྒྲོན་རྣམ་ལྔ་སོགས་གསུང་འབུམ་རྗེས་བཞག་གནང་ནས་མཐར་བོན་འཆད་ངང་༡༥༡༥ལོར་དགོངས་པ་བོན་དབྱིངས་སུ་གཟིགས། ༡༡༩༨ལོར་གཡས་རུ་དབེན་སའི་སྟོན་པ་བརྒྱད་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན་སྐུ་འཁྲུངས་ནས་ཁོང་གི་མཛད་པའི་<ཚད་མ་ཀུན་བཏུས། ><མཛོད་འགྲེལ། >སོགས་མདོ་སྔགས་ཀྱི་གཞུང་ལུགས་ལ་ཉམས་ལེན་སྤྱན་དཀྱུས་མཁའ་ལྟར་ཡངས་ཞིང་ཡོངས་གྲགས་བོན་གྱི་སྤྱན་ལྡན་ཆེན་མོ་ཞེས་གཡས་རུ་དབེན་ས་ཁའི་ཡིག་ཆའི་བདག་པོར་གྱུར་མཐར་༡༢༦༣ལོར་དགོངས་པ་བོན་དབྱིངས་སུ་གཟིགས།ཁྱད་པར་བྲུ་ཡི་གདུང་རྒྱུད་ཉམས་ནས་བཟུང་བྲུ་ཡི་སྟོན་པ་རྣམས་ཀྱི་བསྟན་པའི་རིང་ལུགས་རྒྱུན་སྐྱོང་མཛད་པོ་༧རྣམ་འདྲེན་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་སྐུ་འཁྲུངས་ནས་གོང་གི་གཡས་རུའི་གཞུང་ཆེན་རྣམས་ལ་འགྲེལ་དང་ཕྱག་ལེན་བཏབས་པའི་ནང་ནས་རྗེའི་འཕྲུལ་སྒྲོན་རྣམ་ལྔ་ཞེས།   <ཚད་མ་རྣམ་འབྱེད་གྱི་སྒྲོན་མེ་གཞུང་འགྲེལ་གཉིས། ><ས་ལམ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་འགྲེལ་གཉིས།  ><མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ།  ><འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ།  ><གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་>བཅས་མཛད་ཅིང་བཤད་རྒྱུན་དང་སྒྲུབ་སྡེ་ཟུང་འབྲེལ་གྱི་འདུས་པ་རྒྱ་ཆེན་བྱུང་ཞིང་དངོས་སློབ་ཡོངས་ཀྱི་ཐུ་བོ་སྒོ་རིགས་རིན་ཆེན་རྒྱལ་མཚན།  མངའ་རིས་པ་བསོད་ནམས་རྒྱལ་མཚན་དང་གདུང་རྒྱུད་སྡེ་དྲུག་ནང་ནས་སློབ་མ་དུ་མ་ཞིག་སྟོད་སྨད་བར་གསུམ་ཀུན་ཏུ་མཁས་གྲུབ་རྣལ་འབྱོར་མང་ལ་ཧྲག་པོ་བྱོན་ཡོད་པ་གསལ།
བོན་གྱི་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་།
དུས་རབས་བཅུ་དགུའི་ནང་གོང་གི་སྨན་རི་མཁན་རབས་ནང་སྨན་རིའི་མཁན་རབས་ཉེར་གཉིས་པ་བསོད་ནམས་བློ་གྲོས་དང་། མདོ་སྨད་སྣང་ཞིག་གི་གདུང་ལས་འཁྲུངས་པའི་༧སྐྱབས་མགོན་ཟླ་བ་རྒྱལ་མཚན་གཉིས་ཀྱི་དུས་སུ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་སྤྱི་ལོ་༡༨༣༤ལོར་གཙང་འོ་ཡུག་གི་མདར་རབ་ལེགས་གཡུང་དྲུང་གླིང་ཞེས་དགོན་སྡེ་ཕྱག་བཏབས། བོན་གྱི་གྲྭ་ས་འོག་མ་ཡིན་ལ་སྨན་རིའི་མཁན་རབས་ཉེར་གསུམ་པ་ཉི་མ་བསྟན་འཛིན་༧ཡོངས་འཛིན་དཔོན་སློབ་ཏུ་གདན་དྲངས་ནས་ན་གཞོན་གྲྭ་བཙུན་བཅུ་གསུམ་གྲྭ་ས་གོང་མ་སྨན་རི་ནས་མར་གདན་དྲངས་ཏེ་བཤད་གྲྭ་བཙུགས་པ་དང་། བཤད་གྲྭའི་བཅའ་སྒྲིག་གསར་དུ་བཏོད་ནས་གྲྭ་ས་འོག་མ་ཞེས་སྙན་གྲགས་ཀུན་ལ་ཁྱབ།
བོན་གྱི་གྲྭ་ས་བར་མ་མཁར་སྣ།
གྲྭ་ས་བར་མ་ནི་སྤྱི་ལོ་༡༨༧༣ལོར་འགྲོ་མགོན་ཤེས་རབ་གཡུང་དྲུང་མཆོག་གིས་གཡས་རུ་བོན་གྱི་འདུ་གནས་བརྒྱད་ཀྱི་ཁོངས་བཏོགས་བྲུད་ཀྱི་མཁར་སྡོང་རུ་གདན་ས་བཏབས།  གོང་གི་དེ་གསུམ་ལ་ཕྱི་དར་བོན་གྱི་གྲྭ་ས་གོང་འོག་བར་གསུམ་ཞེས་མཚན་གསོལ།   དུས་རབས་བཅུ་དགུ་པའི་ནང་སྨན་རིའི་མཁན་ཆེན་ཁྲི་ཐོག་སོ་གཅིག་པ་ཉི་མ་དབང་རྒྱལ་དང་།  ཡོངས་འཛིན་སངས་རྒྱས་བསྟན་འཛིན་ཟུང་གིས་དཔལ་ལྡན་སྨན་གྱི་རི་བོར་བཤད་སྒྲུབ་སླར་གསོས་མཛད་ནས་འདུས་ཚོགས་རྒྱས།  སྐབས་དེར་མཁས་གྲུབ་བསྟན་འཛིན་རྣམ་དག་དང་། མཁར་སྣའི་རྒྱལ་ཚབ་ཡོན་ཏན་ལྷུན་གྲུབ།  སྟག་བྲོའི་མཁན་པོ་མེ་ཉག་བ་བཅས་བྱོན།  དེ་ནས་བཟུང་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་དཔལ་ལྡན་སྨན་རིའི་འདུས་སྡེའི་སློབ་དཔོན་གྱི་མངའ་གསོལ་བྱས་ནས་རྒྱུན་བཞུགས་འདུས་གྲྭ་བརྒྱད་བཅུའི་སྐོར་ལ་སྔར་སྲོལ་བཞིན་བཤད་ཁྲིད་ཀྱི་རྒྱུན་བསྐྱངས་ཞིང་ཕྱི་ནང་གི་བསྟན་དང་བསྟན་པ་ཀུན་ལ་མཛད་པ་ཆེན་པོ་བསྐྱངས།  དུས་དེར་སློབ་མའི་ཁྱུ་མཆོག་སྨན་རི་ཁྲི་འཛིན་སོ་གཉིས་པ་ཤེས་རབ་བློ་གྲོས་དང་།  སྨན་རིའི་དཔོན་སློབ་གསུམ་པ་རྒྱ་རོང་བ་ཚུལ་ཁྲིམས་དབང་ལྡན།  ཚ་རོང་སྤྲུལ་སྐུ་སྦྱིན་པ་རྒྱལ་མཚན་སོགས་བླ་སྤྲུལ་དགེན་འདུན་མང་ལ་ཧྲག་པ་བྱོན་ཡོད། གོང་ཞུས་དག་གཙོ་བོ་བཤད་སྒྲུབ་གཉིས་ལས་བཤད་རྒྱུད་དམིགས་སུ་བཀར་ནས་ཡོངས་འཛིན་གོང་མའི་གསུང་འབུམ་དང་ལོ་རྒྱུས་རིམ་བྱུང་གི་ལོ་རྒྱུས་སོགས་ལ་གཞི་འཛིན་ནས་ད་སྐབས་བོན་གྱི་འཆད་རྩོད་ཀྱི་འདུས་གྲྭ་ཇེ་ཆེར་སུ་སོང་བའི་སྐབས་དང་བསྟུན་ནས་ངེས་པར་མཁྱེན་དགོས་པའི་གནད་ཅིག་ཡིན་པར་སྙམས་ནས་བྲིས་ཡོད། མདོར་ན་གཡས་རུའི་འཆད་རྩོད་ཀྱི་གབ་མཛོད་ས་གསུམ་སོགས་ཀྱི་འགྲེལ་དང་དེ་འཆད་རྒྱུན་འཛིན་པའི་མཁས་གྲུབ་སོགས་ལ་ཉམས་ཞིབ་དང་ལྟ་སྤྱོད་སོགས་ཉམས་མེད་འཛིན་པོ་རང་ཅག་ལ་བཀའ་དྲིན་ཆེ་བའི་༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་དཔོན་གསས་བླ་མ་གོང་རྣམས་ཀྱིས་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་གང་སར་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་འདུས་སྡེ་བཤད་རྒྱུན་དང་སྒྲུབ་རྒྱུད་གཉིས་ཀ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་རླབས་ཆེན་གྱི་མཛད་འཕྲིན་དག་ཕྱོགས་ནས་ཕྱོགས་སུ་འཕེལ་བར་གྱུར་ཡོད་པའོ།།
སྨོན་རྒྱལ་ཀུན་གྲོལ་ནམ་མཁའ་དབང་ལྡན།
སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།
སྨོན་རྒྱལ་ནམ་མཁའ་རང་གྲོལ།
ལྗོངས་རིམ་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྡེ་ཚན་༧སྨོན་རྒྱལ་བླ་བྲང་གི་སྒོམ་གྲྭ་དང་། ཤར་རྫའི་སྒྲུབ་གྲྭ། ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་བཅས་སྡེ་ཚན་ཁག་གི་ངོ་སྤྲོད་མདོར་བསྡུས།
   སེམས་དཔའ་ཉེར་ལྔའི་ཡ་གྱལ་ཁྱུང་པོ་རབ་འབྱམས་པ་གསང་བདག་སེམས་དཔའ་ནམ་མཁའ་གྲགས་པའི་སྐུ་སྲས་སྨོན་རྒྱལ་གདུང་རབས་༡༨༨པ་ལྗོངས་སྲིད་གྲོས་ཨུ་ཡོན།ཆབ་མདོ་གྲོང་ཁྱེར་བོད་ལུགས་གསོ་རིག་སློབ་ཚོགས་རྒྱུན་ལས་ལས་འཛིན། སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་གི་ཡོན་ཀྲང་༧སྨོན་རྒྱལ་བླ་བྲང་གི་བསྟན་པའི་བདག་པོ་སྨོན་རྒྱལ་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་ནམ་མཁའ་དབང་ལྡན་རིན་པོ་ཆེ་མཆོག་གི་ཕྱི་ནང་གསང་གསུམ་གྱི་མཛད་པ་བསམ་གྱི་མི་ཁྱབ་ཡང་དེ་སྔོན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དོན་དུ་སྤྱི་ལོ་༡༩༩༩ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་གནའ་དཔེ་སྲུང་སྐྱོབ་གི་ཆོག་མཆན་ཡོད་པའི་མཁའ་འགྲོ་མཁའ་སྤྱོད་དབང་མོའི་དང་ཉག་རོང་གི་ལྷག་བསམ་ཅན་གྱི་མི་སྣ་འགའི་རིག་གསར་ཁྲོད་སྲུང་སྐྱོབ་ཐུབ་པའི་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་ཚར་གཅིག་བཞུགས་ཡོད་པ་དེ་ཉིད་འགྲོ་བ་མིའི་རིགས་ཀྱི་གཅེས་ནོར་ཡིན་པའི་ཕྱིར་བོན་གྱི་ཕྱི་དར་གཏེར་ཆེན་གསང་བདག་དཔའ་བོ་ཧུྃཿ ཆེན་འགྲོ་འདུལ་གླིང་པའི་སྲས་ཞང་རྒན་དམ་པ་ཀུན་གྲོལ་ལྷ་སྲས་མི་ཕམ་ཚོགས་གཉིས་རྣམ་རྒྱལ་རིན་པོ་ཆེའི་གཙོ་འཛིན་གནང་བ་དང་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་གཡས་གཞོག་གཡོན་འདེགས་ཀྱི་དཔར་སྐྲུན་སྐབས་མི་ལོ་དྲུག་རིང་རྒྱ་ནག་ཁྲིན་ཏུ་རུ་དཔེ་རྙིང་དཔར་སྐྲུན་གྱི་ལས་དོན་ལ་སྐུ་ངལ་ཚད་མེད་གནང་རྗེས་རྒྱལ་བའི་བཀའ་རིན་པོ་ཆེ་ཡངས་པའི་འཇིགས་རྟེན་ཁམས་སུ་རྗེས་བཞག་དར་སྤེལ་གྱི་དཔར་སྐྲུན་གྱི་ཕྱག་རོགས་གཙོ་བོ་མཛད།  ཆོས་དད་རང་མོས་ཀྱི་སྲིད་བཟང་ཤར་ནས་བཟུང་ཁྱུང་ཡུལ་སྨད་དགོན་དྲུག་གི་ཡ་གྱལ་བེ་དགོན་རབ་བརྟན་གླིང་གི་ཕྱི་ནང་བསྟན་པ་དར་ཞིང་རྒྱས་པར་མཛད་ལ་༢༠༡༧ལོར་དགོན་དེར་ཤར་རྫའི་སྒྲུབ་སྡེ་གསར་ཏུ་གཙུགས་མཛད། སྨོན་རྒྱལ་བླ་བྲང་དུ་ཤར་རྫའི་སྒྲུབ་གྲྭ་ཐེངས་ལྔ་ཙམ་གྱི་སྒྲུབ་ཐོན་བ་སུམ་ཅུ་ལ་ཉེ་བ་གསོ་སྐྱོང་གནང་དང་གནང་མོས་སུ་མཛད་པ་སྐྱོང་། དབལ་འབར་སྟག་ལྷག་ཅན་གྱི་གནས་སྒོ་ཕྱེས་པའི་བཀའ་ཡི་བྱ་ར་མ་གསུམ་གྱི་གནས་རི་གཟི་ཡ་ཀི་དབལ་མོ་འབྲོང་རིར་སྤྱི་ཚང་མཚམས་པ་གཡུང་དྲུང་ཟླ་བ་དང་། ལྷ་སྡོང་མཚམས་པ་ཚུལ་ཁྲིམས་འོད་ཟེར་རྣམ་གཉིས་སྒོམ་གྲར་བཞུགས་སུ་གསོལ་བ་དང་ཁོང་རྣམ་གཉིས་ནས་སྦྱིན་པ་རྣམ་བཞི་ཆགས་མེད་ངང་མཚན་བཅས་མཚན་མེད་ཀྱི་གཞུང་ལ་ཉམས་ལེན་དང་ཞོར་དུ་གནས་སྐོར་བ་ལ་དགེ་སྒྲུབ་སྡིག་སྤོང་གི་བསླབ་བྱ་གནང་བཞིན་པ་བཅས་བཞུགས་ཡོད།   མ་ཚད་སྨོན་རྒྱལ་རིན་པོ་ཆེ་ཁོང་ཉིད་རང་སྐྱོང་ལྗོང་སྲིད་གྲོས་ཨུ་ཡོན་ཀྱི་ཐུགས་འགན་བཞེས་རིང་བོད་ལུགས་གསོ་བ་རིག་པའི་ཁུངས་བོད་རང་སའི་རྣམ་དཔྱོད་ཅན་གྱི་མེས་པོ་དང་རིག་གཞུང་ལ་ཐུག་ཡོད་པ་དེ་དག་རྒྱུད་འཛིན་དགོས་པའི་སྲིད་གཞུང་གོང་རིམ་སྡེ་ཚན་ཁག་ལ་ཡར་ཞུ་ཕུལ་བ་དང་ཁོང་ཉིད་ཀྱིས་བཀའ་བ་བརྒྱ་དང་འབད་པ་སྟོང་ལས་གྲུབ་པའི་བོད་ལུགས་གསོ་བ་རིག་པའི་དར་སྤེལ་གཏོང་ཕྱིར་སྟེང་ཆེན་རྫོང་ཐོགས་ཏུ་སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་ཆགས་བཏབས་ནས་བོད་ལུགས་གསོ་རིག་ཕྱི་མོ་འབུམ་གཞིའི་རིག་གཞུང་རྒྱུད་འཛིན། མི་སྣ་གསོ་སྐྱོང་། དམངས་ཕན་དམངས་བདེའི་མཛད་འཕྲིན་རིས་མེད་འགྲོ་བ་ཀུན་ལ་ཕན་བདེའི་འོད་སྣང་ཕྱོགས་མེད་དུ་འཕེལ་དང་འཕེལ་བཞིན་པའོ། །

བཤད་གྲྭའི་ལས་ཐོག་དཔོན་སློབ་དགེ་བཤེས་བརྩོན་འགྲུས་མཐར་ཕྱིན།

སྒྲུབ་གྲྭའི་ལས་ཐོག་མཁན་པོ་དྲང་སྲོང་རྒྱལ་མཚན།

གཟི་ཡ་ཀི་དབལ་མོ་འབྲིང་རིར་བཞུགས་ཡོད་པའི་སྒོམ་གྲྭའི་མཚམས་པ་རྣམ་གཉིས།

   སྤྱི་ལོ་༢༠༡༧ལོར་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་དང་གུས་ཟུང་ནས་སེམས་ཅན་གྱི་བདེ་སྐྱིད་ལུང་རྟོགས་གཉིས་ཀྱི་བསྟན་པར་རག་ལས་པའི་ཕྱིར་ལུང་རྟོགས་ཀྱི་བསྟན་པ་འཛིན་པར་བཤད་སྒྲུབ་ཀྱི་སྡེ་ཁོ་ནར་རྗེས་འགྲོ་བྱེད་པ་ཡིན་པའི་ལྷག་པར་དུ་གཞོན་སྐྱེས་གྲྭ་བཙུན་རྣམས་ལ་ཆེད་དུ་དམིགས་ནས་དགེ་སྦྱོར་ཉམས་ལེན་གྱི་མཐུན་རྐྱེན་བསྐྲུན་ཏེ་གདན་ས་༧སྨོན་རྒྱལ་བླ་བྲང་དུ་འཆད་ཉན་རྒྱུན་འཛིན་གནང་མཁན་གྱི་བཤད་སྡེའི་སློབ་ཚོགས་ཤིག་དངོས་སུ་དབུ་བཙུགས་མཛད།སློབ་གཉེར་དཔེ་ཁྲིད་ཐད་ལ་དཀའ་ངལ་ཅུང་འཕྲད་ནའང་དགེ་བའི་བཤེས་གཉེན་ཅི་རིགས་ཞིག་གདན་ཞུས་ཐོག་སློབ་ཁྲིད་ཀྱི་མཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་ཡོད། སློབ་མ་རྣམས་ལ་ཡང་བཞུགས་ཤག་དང་གསོལ་ཟས་ནབ་བཟའ་སོགས་ཚང་མ་ངེད་བསྟན་བདག་ནས་བཀའ་དྲིན་ཆེ་སྐྱོང་གནང་ཡོད། མདོར་ན་ཡབ་མྱེས་སྲོལ་བཟང་ཤེས་རིག་ནང་རིག་པའི་གཞུང་ལ་ལོང་བའི་གླང་མཇུག་གི་དཔེ་ལྟར་མ་སོང་བ་ཆ་རྒྱུས་དང་ཉམས་ལེན་ཟུང་འབྲེལ་གཉིས་ལམ་ནས་སློབ་སྦྱོང་བྱེད་པའི་སྟེགས་བུ་རུ་(སྨོན་རྒྱལ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་)འདི་ཉིད་གདན་ས་འདི་རུ་དབུ་བརྙེས་པ་འདི་ནི་སྨོན་རྒྱལ་གདུང་འཛིན་ཀུན་གྲོལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་གཙོས་པའི་ཐུགས་རྗེའི་བདག་རྐྱེན་འོག་སྦྱོང་བྱའི་གོ་རིམ་བཞིན་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པ་ཀུན་ལ་དབྱར་དགུན་ངལ་གསོ་དང་འབྲེལ་དད་འབངས་རྣམས་ལ་ཞབས་འདེགས་ཞུ་བ་ཕུད་དེ་བྱིང་གསན་སྦྱོང་ཚུལ་མཐུན་གྱི་མི་ལོ་ཧྲིལ་པོ་དགུ་ཡི་ཐོས་བསམ་སློབ་གཉེར་འཚོགས་འཆད་ར་བཅས་དགོས་པའི་ལམ་སྲོལ་གཞིར་གཟུང་གཏན་ལ་ཕབ།  
   འདི་གའི་སློབ་གླིང་ནི་དེང་དུས་རྒྱུན་ལྡན་འགྲོས་ལྟར་སློབ་གཉེར་སྡེ་ཁག་གི་ལོ་མཇུག་གི་ཕྱོགས་བསྡོམས་མ་འོངས་པའི་འཆར་གཞི་དང་བསྒྲགས་སློབ་གླིང་གི་དབུ་འཛིན་བསྟན་བདག་རྣམ་གཉིས་ཀྱི་སློབ་སྟོན་ལྟར།  སྨོན་རྒྱལ་གདུང་སྲས་ཚེ་དབང་ནམ་མཁའ་དང་། བཤད་གྲྭའི་ལས་ཐོག་དཔོན་སློབ་དགེ་བཤེས་བརྩོན་འགྲུས་མཐར་ཕྱིན། སྒྲུབ་གྲྭའི་ལས་ཐོག་མཁན་པོ་དྲང་སྲོང་རྒྱལ་མཚན། སྒྲུབ་ཐོན་བ་སྐལ་བཟང་ཚུལ་ཁྲིམས་བཅས་ཀྱི་དཔང་བཞུགས་ཐོག་སྤྱི་ལོ་༢༠༢༣བོད་ཆུ་ཡོས་ལོར་གདན་ས་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་དུ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་གི་བཤད་གྲྭ་འཛིན་གྲྭ་གོང་མ་མཛོད་འཛིན་གྲྭ  ཐེག་རིམ་འཛིན་གྲྭ ཚད་མ་འཛིན་གྲྭ། བསྡུས་གྲྭ་འཛིན་གྲྭ་བཅས་གླིང་སྟོད་ལུང་རིགས་དབྱར་རྔ་གླིང་། གླིང་སྨད་ཤེས་རབ་མེ་ཆར་གླིང་བཅས་ཁག་གཉིས་ཀྱི་བདུན་ཕྲག་གཉིས་ཀྱི་རིང་བརྒལ་རྟགས་ཀྱི་ཐུགས་ཆེན་རྩོད་དང་རྩོད་སྤུངས་མཛད། སྐབས་བཞི་པའི་ཤར་རྫའི་སྒྲུབ་གྲྭ་བ་རྣམས་ལ་མདོ་སྔགས་ཀྱི་གཞུང་དོན་འགྲེལ་བའི་གཞུང་རྒྱུགས་བཅས་ཡོངས་སུ་ལེགས་པར་གྲུབ་པ་དང་འཆར་ཅན་བཞིན་གྱི་ལོ་རེར་རྩོད་རྒྱུགས་དམ་བཅའ། བློ་རྒྱུགས། བརྡ་སྤྲོད་ཡིག་རྒྱུགས། ཀུན་སྤྱོད་དཔེ་མཚོན་བཅས་ཀྱི་གཟེངས་རྟགས་བཅས་མཛད་སྒོའི་བྱ་བ་གཉེར་བ་འདི་ནི་དེང་དུས་ཀྱི་སྤྱི་ཚོགས་ཀྱི་སློབ་གྲྭ་ལ་སྒོ་བསྟུན་ཀྱང་ཚོགས་ཡོངས་ནས་མཚུངས་པ་མིན་པར་སློབ་སྦྱོང་སྐུལ་ཅག་གི་འབད་པ་ཁོ་ན་ལ་དམིགས་ནས་སྐབས་གསུམ་པའི་གཡས་རུ་འཆད་རྩོད་འམ་ཚད་མའི་རིགས་སྒྲ་རྩོད་རྒྱུགས་དམ་བཅའ་སོགས་རྒྱུགས་འབྲས་གོང་འཕེལ་དང་ཡར་རྒྱས་བྱུང་བ་དང་གོ་རིམ་ཐ་དག་ཡོངས་སུ་ལེགས་པར་གྲུབ་པའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།