ཡིད་སྐྱོའི་གནས་ཚུལ། 

[ཟླ་ཚེས། 2023-06-01 22:21:47][རྩོམ་པ་པོ།  གཡུ་རི་བཤད་སྡེའི་འཛིན་སྐྱོང་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


  སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གདུགས་འོག་ཏུ་འཁོད་པའི་བླ་སློབ་སྤྱི་དང་།  བྱེ་བྲག་ལྷོ་ཁོག་བོན་དགོན་ཁག་གི་སྡེ་དགོན་ཡུལ་གསུམ་གྱི་སྙན་དབང་དུ་ཞུ་དོན།
  སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དབུ་ཁྲིད་དམ་པ་སྐྱབས་རྗེ་མཁན་སློབ་རྣམ་པའི་ཐུགས་ཀྱི་བུ་སློབ་བླ་ན་མེད་པ་གདན་ས་སྨན་རིའི་བཤད་སྒྲུབ་མཁན་ཟུར་ཡོངས་སུ་གྲགས་པའི་སྤྱོད་ཡོན་མཚུངས་ཟླ་མ་མཆིས་པ་དགེ་བའི་བཤེས་གཉེན་ཆེན་མོ་དཔལ་ལྡན་རྩ་བའི་བླ་མ་ཤེས་རབ་བསྟན་འཛིན་ཕུན་ཚོགས་དཔལ་བཟང་པོ་གང་ཉིད་ཀྱིས་རྒྱལ་བསྟན་ལུང་རྟོགས་ཀྱི་རྩ་བ་བཤད་སྒྲུབ་བསྟན་པའི་འཁོར་ལོ་རྒྱུན་ཆད་མེད་པར་སྐོར་ཞིང་།  རབ་འབྱམས་དགེ་བའི་བཤེས་གཉེན་སྔ་ཕྱི་མང་པོ་གསོ་སྐྱོང་གནང་མུས་སུ་བཞུགས་པའི་སྒང་འདིར།
       སྔར་གྱི་སྙུང་གཞི་ཕྲན་བུས་རྐྱེན་བྱས་ཏེ་ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༨ དང་ཕྱེད་ཙམ་ནས་གཟིམས་ཆུང་འོད་ཟེར་འབར་བ་རུ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་འདི་ནི།  རང་ཅག་བོན་པོ་ཙམ་དུ་མ་ཟད་ནང་པ་སངས་རྒྱས་པའི་བཤད་སྒྲུབ་པད་མོའི་ཚལ་ཆེན་གྱི་མགོན་པོར་གྱུར་བའི་གསེར་གྱི་ཉི་མ་ཞིག་ནུབ་སོང་ཞིང་། འཆད་རྩོད་རྩོམ་གསུམ་གྱི་བསྟན་པའི་ཀ་ཆེན་ཞིག་ས་རུ་འགྱེལ་བ་ཡིན་ལ།  སྤྱོད་ཡོན་མཚུངས་པ་མེད་པའི་འགྲན་པའི་ཟླ་དང་བྲལ་བའི་དགེ་བའི་བཤེས་ཆེན་མོ་ཞིག་དགོངས་པ་བོན་དབྱིངས་སུ་གཟིགས་པར་ལགས་ན།  སྐྱབས་མཆོག་ཞིང་གཤེགས་དམ་པ་ཁོ་ནའི་སྐུ་ཡི་གྲིབ་བསིལ་ནས་ནར་སོན་པའི་བླ་ཁྲི་གཡུང་དྲུང་བོན་གཡུ་རི་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཐུན་མོང་ནས། དགུང་ཞག་གསུམ་གྱི་རྗེས་སུ་འཛམ་གླིང་གང་སར་གནས་པའི་ཞིང་གཤེགས་དམ་པའི་སློབ་འབངས་སུ་གྱུར་བའི་བླ་སྤྲུལ་མཁན་པོ་དགེ་བཤེས་ལ་སོགས་བོན་འབངས་སྐྱ་སེར་ཀུན་ལ་ཡིད་སྐྱོའི་གཏམ་ངན་འདི་ཉིད་མ་ཞུས་ཀ་མེད་ལགས་པས།  སྐྱབས་མཆོག་ཞིང་གཤེགས་དམ་པའི་ཐུགས་ཀྱི་གཏད་སོ་ཇི་བཞིན་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཐོས་བསམ་འཆད་ཉན་དང་སྒོམ་སྒྲུབ་ཉམས་ལེན་གྱི་སྒོ་ནས་རང་རང་གི་ནུས་པའི་ཚོད་ཀྱིས་འཛིན་སྐྱོང་སྤེལ་གསུམ་མུ་མཐུད་གནང་རྒྱུ་དང་།  དམ་པ་མཆོག་གི་ས་ལམ་གྱི་བར་ཆད་ཞི་ཕྱིར་རམ་རྗེས་སུ་འཇུག་པ་རང་ཅག་གི་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་ཕྱིར་གདུང་འདེབས་མཆོད་འབུལ་སྨོན་ལམ་ཟབ་རྒྱས་གནང་རོགས་ཅེས།  
        གཡུ་རི་བཤད་སྡེའི་འཛིན་སྐྱོང་ལྷན་ཚོགས་ནས་ཕུལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།