སྐྱང་མདའ་ཆེན་དགོན་པའི་ཚོགས་ཆེན་ཁྲི་བའི་མངའ་གསོལ་མཛད་སྒོ།

[ཟླ་ཚེས། 2023-03-26 08:42:02][རྩོམ་པ་པོ།  ཁྲི་བའི་དོ་དམ་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ སྐྱང་སྲས་གཡུང་དྲུང་སྐལ་བཟང་མཆོག་སྐྱང་མདའ་ཆེན་དགོན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་གི་ཚོགས་ཆེན་ཁྲི་བར་མངའ་གསོལ་མཛད་སྒོ།
ཨེ་མ་ཧོ། སྐྱང་འཕགས་གདུང་ལ་བསླུ་མེད་རིགས་སྲས་སྐུ།།
རྒྱལ་བའི་རྣམ་སྤྲུལ་ཚད་གསུམ་བདེན་པའི་གསུང་།།
མཁྱེན་པའི་རྩལ་ལས་གདུལ་བྱ་འདྲེན་པའི་ཐུགས།།
སྐྱང་སྲས་གཡུང་དྲུང་སྐལ་བཟང་ཞབས་བརྟན་ཤོག །
   ཅེས་ཞུ་བླ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེས་སྐྱང་སྲས་གཡུང་དྲུང་སྐལ་བཟང་མཆོག་གི་ཁྲི་སྟོན་གྱི་ཉིན་བཟང་འདི་དང་བསྟུན་ནས་ཕུལ་བའི་ཞབས་བརྟན་གསོལ་འདེབས་འདིས་མདུན་བསུས་ནས་གང་བརྗོད་པར་བྱ་བ་ནི།        རྗེ་འགྲོ་བའི་མགོན་པོ་གྲུབ་ཆེན་སྐྱང་འཕགས་མུ་ལ་དྲུང་མུ་རིན་པོ་ཆེའི་གདན་ས་ཁག་གི་ནང་ཚན།     ཡུལ་མདོ་ཁམས་སྨད་ཀྱི་ཆར་གཏོགས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་གནས་མཆོག ༧ རྗེ་བཙུན་བླ་མ་དམ་པ་རྒྱུད་གསུམ་བསྟན་པའི་གསལ་བྱེད་མཁས་དང་གྲུབ་པའི་དབང་ཕྱུག་སྐྱང་སྟོན་མུ་ལ་ཝེར་ཞིའམ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་གདན་ས་མདའ་ཆེན་དཀར་མོ་རི་ཁྲོད་ཅེས་མཚན་གྱི་སྙན་པ་ཡོངས་སུ་གྲགས་པའི་དཔལ་གཤེན་བསྟན་སྐྱང་མདའ་ཆེན་དགོན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་དུ།     བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ་ཐུགས་འདུན་ཟབ་ཅིང་སྤྱན་རྒྱང་རིང་བའི་སྐྱང་སྲས་གཡུང་དྲུང་སྐལ་བཟང་མཆོག་གདན་ས་འདིའི་ཚོགས་ཆེན་ཁྲི་བའི་ཁྲི་རབས་གསུམ་པའི་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་གྱི་མཛད་སྒོ་སྤྱི་ལོ༢༠༢༣ལོའི་སྤྱི་ཟླ་༣པའི་ཚེས་༢༤ཉིན་གྱི་དུས་བཟང་ལ་ཟབ་རྒྱས་ངང་སྤེལ།
   བཀྲ་ཤིས་པའི་མཛད་སྒོ་འདི་ལ་སྐྱང་སྤྲུལ་ཉི་ཟླ་རྣམ་གཉིས་ཀྱི་ཡ་གྱལ་གྲུབ་དབང་མཆོག་གྲུབ་དཔལ་བཟང་རིན་པོ་ཆེ་མཆོག་སྐུ་དངོས་སུ་ཕེབས་ནས་ཐུགས་བཀོད་སྨོན་ལམ་གནང་བ་མ་ཟད།    དགོན་འདིའི་ཁྲི་འཛིན་སོ་གཅིག་པ་སྐྱང་ཚང་འོག་མའི་སྤྲུལ་བའི་སྐུ་མཆོག་ཚུལ་ཁྲིམས་ཤེས་རབ་བློ་གསལ་རིན་པོ་ཆེ་ཚང་དང་། ཨ་སྐྱིད་སྐྱང་ཚང་དགོན་པའི་སྐྱང་རྒྱ་ནག་ཚང་། བྱ་འཕུར་འོག་མའི་སྤྲུལ་སྐུ་ཤེས་རབ་ཕུན་ཚོགས་ཚང་།    དུང་རི་མཁར་སྐྱོང་བླ་མ་བསྟན་འཛིན་གྲགས་པ། རྔ་བའི་ཅོག་ལོ་དགོན་པའི་སྤྲུལ་ནམ་མཁའ་ཤེས་རབ་བསམ་གཏན།   མདོ་སྔགས་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་སྐལ་བཟང་རྒྱ་མཚོ་རིན་པོ་ཆེ་མཆོག་གཙོས་པའི་སྐྱང་བཤད་སྒྲུབ་འདུས་སྡེའི་དགེ་རྒན་རྣམ་པ་དང་།   སྐུ་ཚེ་རི་ལ་སྐྱོལ་བའི་ངེས་དོན་གྱི་རྣལ་འབྱོར་བ་བསྟན་འཛིན་དར་རྒྱས་སོགས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ་བཀའ་དྲིན་བླ་ན་མཐོ་བའི་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་།       བསླབ་གསུམ་ངུར་སྨྲིག་འཛིན་པའི་སེམས་དཔའ་འདུས་པ་རྒྱ་མཚོ། དད་ལྡན་སེར་སྐྱ་དམངས་ཚོགས་བཅས་མི་སྒེར་དང་དགོན་པ་ཁག་གི་འཐུས་ཚབ་པ་སྟེ། མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཞི་ཨན། ཧྲན་ཏུང་། ཧྲིན་ཀྲིན། ཏུང་པེའུ་བཅས་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རྣམས་མཉམ་ཞུགས་བྱས།
   གཞན་ཡང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་དང་།     ཞུ་བླ་ཡོན་ཏན་རྒྱ་མཚོ་ཚང་སོགས་སྐུ་དངོས་སུ་ཕེབས་མ་ཐུབ་པའི་བླ་མ་དང་དགེ་བའི་བཤེས་གཉེན།  མཁན་པོ་དང་མཁས་དབང་གང་མང་ཞིག་གིས་འཕྲིན་ལམ་སྣ་ཚོགས་བརྒྱུད་ནས་ཁྲི་བ་རིན་པོ་ཆེར་ཞབས་བརྟན་གསོལ་འདེབས་དང་སྐུ་གསུང་ཐུགས་རྟེན་སོགས་ཕུལ་ནས།    
  ལུང་རྟོགས་བསྟན་པའི་སྙིང་པོ་བཤད་སྒྲུབ་སྒོམ་གསུམ་གྱི་བྱ་བ་ལ་འབད་པའི་སྐྱེས་མཆོག་གང་དང་གང་གི་མཛད་འཕྲིན་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་ཅིང་།     སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་བཀྲ་ཤིས་ཁ་གཡང་དང་ཐུགས་སྨོན་གནང་བ་བཅས་ལགས་སོ།།
 ཁྲི་བའི་དོ་དམ་ཚན་ཆུང་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།