རྗེ་སྨན་རི་བ་མཉམ་མེད་ཆེན་པོའི་དུས་ཆེན་འཚོགས་པ།

[ཟླ་ཚེས། 2023-02-25 20:32:49][རྩོམ་པ་པོ། གཞུང་ལས་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་༧རྗེ་རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་ཆེན་འཚོགས་པ།

བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས། །
མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང་། །
འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ། །
ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །
 
ཞེས་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁྲིན་ཏུའུ་ལ་ཡོད་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་ལོ་རེའི་འཆར་ཅན་ལྟར་བོད་ཟླ་དང་པོའི་ཚེས་ལྔ་ཉིན་གཞུང་ལས་ཁང་དུ་ཁྲིན་ཏུའུ་ལ་བཞུགས་ཡོད་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་ཆེད་གདན་དྲངས་ཏེ་རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་དུས་ཆེན་འཚོག་སྲོལ་ཡོད་པ་ལྟར།
གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་ཆུ་ཡོས་ལོའི་ཟླ་བ་དང་པོའི་ཚེས་༥ཉིན༼སྤྱི་ལོ་༢༠༢༣ལོའི་ཟླ་བ་༢པའི་ཚེས་༢༤ཉིན།༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་སེང་སྤྲུལ་རིག་འཛིན་ཉི་མ་དང་སྨན་སྤྲུལ་དགེ་བཤེས་བློ་གྲོས་ཉི་མ་དབང་རྒྱལ། བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན། ཁྲི་བརྟན་ནོར་བུ་རྩེའི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་བཤེས་ཤེས་རབ་ཐབས་མཁས་གཙོས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་འགན་འཛིན་རྣམ་པ་སོགས་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་ཉེར་གསུམ་གྱིས་༼རྒྱལ་བ་མཉམ་མེད་ཆེན་པོ༽ཡི་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་ཞུས་པ་དང་།
དེ་བཞིན་ཁྲིན་ཏུའུ་ལ་ཡོད་པའི་བོད་མདོ་དབུས་ཁམས་གསུམ་གྱི་དད་ལྡན་མང་ཚོགས་བརྒྱ་ཕྲག་དུ་མ་བཅས་ལྷན་དུ་འཛོམས་ཏེ་རྗེ་རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་ཆེན་འཚོགས།
གཞན་ཡང་ཕྱི་དྲོར་བླ་སྤྲུལ་ཁག་གཅིག་དང་དད་ལྡན་མང་ཚོགས་ཁག་གཅིག་ནས་མར་མེ་མཆོད་པ་སོགས་ཕུལ་སྒྲོན་གནང་སྟེ་༼བདེ་ཆེན་རྒྱལ་པོ༽གྱེར་དབྱངས་དང་བཅས་ཏེ་དུས་ཆེན་ཞུས་པའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།