དམུ་ལྷ་ལུང་དགོན་གྱི་སྒྲུབ་ཐོན་མཛད་སྒོའི་གསར་འཕྲིན།

[ཟླ་ཚེས། 2023-02-25 19:46:36][རྩོམ་པ་པོ། མཛད་སྒོའི་གོ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   དམུ་ལྷ་ལུང་དགོན་གཡུང་དྲུང་ཀུན་གྲགས་གླིང་ནི་བོད་ཆེན་པོའི་ཡུལ་ཁམས་འདི་ལ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་སུ་གྲགས་པའི་ནང་ཚན་མདོ་སྟོད་དངུལ་རྫ་ཟལ་མོའི་སྒང་རྒྱུད་ཁྱུང་ཡུལ་དགའ་བའི་བྱང་ཟུར་དམུ་གཞུང་ཞེས་པའི་ས་གནས་དེར་ཆགས་ཡོད། དམུ་གཞུང་ནི་གངས་ལྗོངས་ས་མཐོའི་འབྲོག་ཐང་ཞིག་ཡིན་ལ་རྩྭ་ཐང་དང་ནོར་ནག་གི་ཁ་ཞེང་ཀྱང་དེ་བས་ཆེ། སྟེང་ཆེན་རྫོང་ནས་དམུ་ཐ་བར་ལེ་བར་200་ལྷག་ཙམ་ཟིན་ཡོད། དམུ་གཞུང་གི་ནུབ་ཕྱོགས་སུ་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་དང་། བྱང་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་གི་ས་མཚམས་དང་འབྲེལ་ཡོད། དགོན་པ་འདི་ནི་དུས་རབས་ཀྱི་འགྱུར་ལྡོག་ཁྲོད་ནས་འཕོ་འགྱུར་ཅི་རིགས་སུ་ཕྱིན་མྱོང་ན་ཡང་ད་ལྟའི་བར་ནག་རུ་དམུ་ཐ་དང་འབུ་ཚབ་ལྷ་སྡེ་ཟུང་གི་ཕྱར་གྲུ་མཉམ་འདེགས་ཀྱིས་ཚོགས་དུས་མཆོད་དང་ལྷ་འབྲི་བསྟན་བཞེངས་སོགས་དགོན་པ་ཆུང་ཡང་ཕྱི་ནང་ཡ་མ་བྲལ་བའི་དགོན་གནས་ཤིག་ཏུ་གྱུར་ཡོད། དེར་མཚུངས་སྤྱི་ལོ་2015་ལོར་དགོན་འདིའི་བླ་མ་ཚུལ་ཁྲིམས་བསྟན་འཛིན་མཆོག་དང་ལྷ་སྡེ་མི་སྣ་ཆེ་ཁག་རྣམས་ཀྱི་ཐུགས་འདུན་ལྟར་ཡུལ་གྲུ་འདིར་ཕྱི་ཡི་དགོན་སྡེ་སྐྱོན་མེད་ཙམ་གྲུབ་ཀྱང་ནང་གི་སློབ་སྦྱོང་བྱེད་མཁན་གྱི་འདུས་སྡེ་ཞིག་མེད་ན་བདག་པོ་མེད་པའི་ཁང་སྟོང་དང་ཟུང་འཇུག་མེད་པའི་སྐུ་བརྙན་བཞིན་རེད་འདུག་པས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་རང་ཡུལ་བཙུན་མ་ཅུང་ཙམ་ཡོད་པ་འདི་དག་རུག་ནས་སྒྲུབ་སྡེ་ཞིག་འཛུག་ཐུབ་ན་སྙམ་པའི་སྐུ་སློང་སྙིང་ལ་བཅང་སྟེ་བསྟན་དོན་སྤྱི་ལ་གཟིགས་རྒྱ་ཡངས་ཤིང་རིས་མེད་ཀྱི་བརྩེ་གཟིགས་ཟབ་མོས་ས་ཆེན་འདི་ཡང་རླན་པར་བྱེད་པའི་སྐྱབས་རྗེ་གྲུབ་ཆེན་རིན་པོ་ཆེ་དང་ཁྱུང་ཡུལ་བོན་གྱི་འདུས་སྡེ་ཁྱུང་དཀར་བསྟན་རྒྱས་གླིང་གི་དབུ་འཛིན་བླ་མ་རྒྱ་མཚོ་ནོར་བུ་རིན་པོ་ཆེ་རྣམ་གཉིས་ལ་སྒྲུབ་གྲྭའི་མཁན་པོ་ཞིག་གནང་དགོས་པའི་གསོལ་བ་བཏབ་འབྲས་ཐུགས་གཤིས་བཟང་ལ་མཁྱེན་རྒྱ་ཡངས་པའི་སྒྲུབ་མཁན་འོད་ཟེར་རྒྱལ་མཚན་མཆོག་གནས་འདིར་སྒྲུབ་གྲྭའི་མཁན་པོ་རུ་བསྐོས་བཞག་གནང་སྟེ་བཙུན་མ་བརྒྱད་ལ་ཀུན་མཁྱེན་ཤར་རྫ་པའི་སྒྲུབ་གྲྭའི་བཅའ་བཀོད་ལྟར་ལོ་ངོ་བཞི་ཡི་རིང་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་ལུང་སྡེ་གསུམ་ལ་འཆད་ཉན་སོགས་གནང་སྟེ་སྒྲུབ་གྲྭའི་ལོ་ཡི་བཅད་མཚམས་ཟིན་པ་དང་། དུས་མཚུངས་རྒྱལ་བ་མཉམ་མེད་པའི་ཁྲུངས་མཆོད་དང་བསྟུན་དགོན་འདིའི་བླ་མ་རྣམ་པ་དབུ་བཞུགས་ཐོག་ཐེངས་པོའི་སྒྲུབ་ཐོན་གྱི་མཛད་སྒོ་མཇུག་གྲུབ་པར་མཛད། དེ་ནས་སྒྲུབ་མཁན་འོད་ཟེར་རྒྱལ་མཚན་མཆོག་དགོན་སྡེ་གཞན་ཞིག་ལ་དགེ་རྒན་མེད་པའི་དཀའ་ངལ་གྱིས་རེ་བ་ཡང་ཡང་ཞུས་པས་དེར་ཕེབས་དགོས་བྱུང་ན་ཡང་རང་ཡུལ་འདི་ནས་སྐྱེས་པའི་བླ་མ་ཤེས་རབ་སྙིང་པོ་མཆོག་ཁྱུང་ཡུལ་བོན་གྱི་གདན་ས་གཡུང་དྲུང་བསྟན་རྒྱས་གླིང་ནས་བཤད་སྒྲུབ་གཉིས་ཀྱི་བསླབ་པ་མཐར་སོན་མཛད་གྲུབ་ནས་རང་ཡུལ་དུ་ཞབས་སོར་འཁོད་པ་དང་བསྟུན་ནས་སླར་ཡང་བཙུན་མ་བཅུ་གཅིག་ཙམ་ལ་སྒྲུབ་གྲྭའི་བཅའ་བཀོད་ལྟར་ལོ་ངོ་བཞིའི་རིང་སྔོན་འགྲོ་དངོས་གཞི་རྩ་རླུང་། མུན་མཚམས། ཐོད་བརྒལ། རྣལ་དབབ། ཕྱི་ནང་འཁོར་འདས་རུ་ཤན་སོགས་ལ་བློ་སྦྱངས་བྱས། བཤད་ཁྲིད་ལ་ཤར་རྫའི་མཛོད་ཆེན་སྡེ་ལྔ་དང་ཨ་སྙན་རྫོགས་གསུམ་སོགས་བཤད་ཁྲིད་ཡོངས་སུ་མཇུག་གྲུབ་ནས་༢༠༢༣་ལོར་ཟླ་བ་༡་ཚེས་༥་ཉིན་རྒྱལ་བ་མཉམ་མེད་པའི་འཁྲུངས་མཆོད་དང་བསྟུན་ནས་སྡེ་དགོན་ཀུན་གྱི་ཨ་དཀར་བུམ་སྒྲུབ་ཐེངས་བརྒྱད་པ་དང་སྐབས་གཉིས་པའི་སྒྲུབ་ཐོན་མཛད་སྒོ་བཅས་རྟེན་འབྲེལ་གཉིས་འཛོམས་ཀྱི་སྤྲོ་བས་བསུ་བ་ཞུས།།

བླ་མ་རྣམ་གཉིས།
 
  སྒྲུབ་གྲྭའི་མཛད་སྒོ་ཡུལ་དངོས།​

​སྐུ་འགྱེད་མང་ཇ་འབུལ་བ།

རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་སྒྲོན་མ་དྲུག་གི་རྩ་བ་ངག་རྒྱུགས་འབུལ་བཞིན་པ།
​​​
སྒྲུབ་གྲྭའི་མཛད་སྒོ་མཇུག་གྲུབ་པ་དང་དགོན་པའི་ནང་བཞུགས་མཁན་ཚང་མའི་མཉམ་པར་སྒྲོན་པ།

༄༅། །དམུ་ལྷ་ལུང་དགོན་གྱི་སྡེ་དགོན་གཉིས་ཀྱིས་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་བསུས་པ།

ཞྭ་དཀར་རིང་ལུགས་འཛིན་པ་ཡི།།
ཕྲིན་ལས་གང་ཡང་སྒྲུབ་བྱས་པའི།།
མ་བདུད་ལྕམ་དྲལ་རྣམས་ཀྱིས་ཀྱང་།།
བསྟན་པའི་བ་དན་ཕྱོར་ཞིག་ཀྱེ།།
  མཛད་སྒོའི་གོ་སྒྲིག་ལྷན་ཚོགས་ཀྱིས་སྤྱི་ལོ།༢༠༢༣བོད་ཟླ་༡་ཚེས་༥་ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།