ཚུལ་ཁྲིམས་ཉི་མ་རབ་གསལ་གྱི་སྐུ་གདུང་མཐོང་བ་རང་གྲོལ་བཞེངས་པ།

[ཟླ་ཚེས། 2021-09-22 09:04:31][རྩོམ་པ་པོ། སྙན་བཟང་བསོད་ནམས་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གངས་ལྗོངས་མདོ་སྨད་བྱང་ཁའི་རྒྱུད་ལ་དར་སྔ་བའི་གཡུང་དྲུང་བོན་གྱི་བསྟན་པའི་གནས་གཞི་ཆེན་པོ་བྱང་གི་དགོན་ཆེན་བཞིའི་ནང་ཚན་སྟོན་ཁྱུང་དགོན་པའི་དབུ་བླ་སྟོན་པ་ངང་ལག་གི་ཐུགས་སྤྲུལ་གཉའ་ཚུལ་ཁྲིམས་ཉི་མ་རབ་གསལ་མཆོག་གི་དགོངས་པ་བོན་དབྱིངས་སུ་གཟིམས་ནས་ཟླ་ངོ་བཅུ་ནས་སྐུ་གདུང་མཐོང་བ་རང་གྲོལ་བཞེངས་ཏེ་ལེགས་འགྲུབ་བྱུང་བ།
སྟོན་ཁྱུང་སྟོན་པའི་ཐུགས་སྤྲུལ་ཁོང་ཉིད་སྐུ་གཤེགས་པ་དང་དགོངས་རྫོགས་བསྒྲུབས་པའི་གནས་ཚུལ་ཞིབ་གསལ་རྩོམ་པ་པོ་ས་ཁའི་བློ་ལྡན་ལགས་ཀྱིས་བྲིས་པ། སྟོང་ཆུང་སྟོན་པ་ངང་ལག་གི་སྤྲུལ་སྐུ་གཉའ་ཚུལ་ཁྲིམས་ཉི་མ་མཆོག་ཞིང་དུ་གཤེགས་པའི་གནས་འཕྲིན། ཞེས་པའི་རྩོམ་ཡིག་སྤྱི་ལོ་༢༠༢༠ལོའི་ཟླ་༡༢ཚེས་༤ཉིན་ཧི་མ་ལ་ཡའི་བོན་དྲ་ཚིགས་སུ་བཀོད་པར་གསལ་བས་དེར་གཟིགས་འཚལ་ཞུ།
བླ་མ་རིན་པོ་ཆེའི་དགོངས་རྫོགས་ཞེ་དགུ་ཟིན་མཚམས། ཨ་ལགས་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་ཚང་གིས་བལ་ཡུལ་དུ་འབྲེལ་བ་གནང་སྟེ་རྒྱུ་ཆ་ལི་དང་ཟངས་སེར་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཁྲུ་ཚད་བཞི་ཅན་ཞིག་བཞེངས་རྒྱུ་གཏན་ལ་འཁེལ།
ལྕགས་མོ་གླང་གི་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཉི་མ་རི་རྩེར་ཤར་བའི་དུས་ཀྱི་ཚེ། བླ་རིན་པོ་ཆེའི་སྐུ་གདུང་གི་དཀར་རྩི་ཆ་ཚང་བོན་གཤེན་རིག་པ་འཛིན་པའི་ཚོགས་དང་ལྷ་སྡེའི་ཆིབས་བསུ་བཅས་སྐྱ་ཡེ་ཉིན་མགོ་གསང་ཆེན་མེ་རི་གླིང་དུ་གདན་འདྲེན་ཞུས། དུས་དེ་ནས་བཟུང་སྟེ་སྐུ་སྲས་ཚེ་དབང་རྒྱལ་སོགས་ཀྱིས་སྐུ་གདུང་གི་གཟུངས་གཞུག་དང་རྟེན་སྣ་གང་མང་ཚགས་སུ་བཅུག བལ་བོ་ནས་བཞེངས་པའི་སྐུ་གདུང་དེ་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་མཚོ་སྔོན་བ་ཡན་རྫོང་རྩ་བ་གྲོང་རྡལ་སྐྱ་ཡེ་ཉིན་མགོ་གསང་ཆེན་མེ་རི་གླིང་དུ་གདན་འདྲེན་ཞུས།
ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་རེབ་གོང་བོན་བརྒྱ་དགོན་པའི་དགེ་སློང་བཅུ་ཐམ་པ་སྐྱ་ཡེ་ཉིན་མགོ་གསང་ཆེན་མེ་རི་གླིང་དུ་ཕེབས་ནས་གཟུངས་འབུལ་དང་མངའ་དབུལ་རབ་གནས་ཀྱི་ཆོ་ག་རྒྱ་ཆེར་བྱས། སྐུ་གདུང་རིན་པོ་ཆེའི་ནང་རྟེན་གྱི་གཙོ་བོ་གཟི་བྱིན་འོད་སྟོང་འབར་བའི་དཀར་རྩི་ཆ་ཚང་དང་། གཟུངས་གཞུང་རྒྱས་པ་དང་གསུང་རབ། རྟེན་སྣ་གང་མང་། རིན་པོ་ཆེའི་རིགས་དུ་མ་དང་བཅས་བཞུགས་སུ་གསོལ་ནས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ལེགས་པར་གྲུབ། དེ་ཡང་ཉིན་དང་པོར་རྟེན་གྱི་གཟུངས་གཞུག་འབུལ་བྱེད་གཡུང་དྲུང་བསྟན་པ་རྒྱས་པའི་པད་ཚལ་གྱི་སྒོ་ནས་གཟུངས་གཞུག་བསྒྲུབས། ཉིན་གཉིས་པར་ཡི་དམ་བོན་སྐྱོང་གི་ཚོགས་འཁོར་བསྐོར། ཀུན་བཟང་རྒྱལ་བ་འདུས་པའི་ཕྲིན་ལས་དང་དབལ་གསས་དཔའ་བོ་གཅིག་སྒྲུབ་ཀྱིས་དཀྱིལ་འཁོར་སྒྲུབ་པའི་གཞི་ལེགས་པར་བཟུང་སྟེ་བོན་སྐྱོང་མ་བདུད་བཙན་གསུམ་གཙོས་བསྟན་སྲུང་རྨ་རྒྱལ་པོམ་ར་དང་ཤེལ་ཁྲབ་ཅན་སོགས་ཀྱི་ཚོགས་འཁོར་རྒྱ་ཆེན་པོ་བསྐོར་ནས་བསོད་ནམས་ཚོགས་བསགས་ཀྱི་ཆོ་ག་ལེགས་པར་བསྒྲུབས། ཉིན་གསུམ་པ་སྟེ། ཟླ་བརྒྱད་པའི་ཚེས་བཅོ་ལྔ་ལ་མངའ་དབུལ་བཀྲ་ཤིས་གཏེར་མཛོད་དང་། རྟེན་གསུམ་རབ་གནས་ཕན་བདེའི་ཉིན་བྱེད་འདྲེན་པའི་སྐྱ་རེངས་གཉིས་སྦྲག་ནས་མངའ་དབུལ་དང་རབ་གནས་རྒྱས་པར་བྱས། དེ་ལྟར་རྟེན་མཆོག་མཐོང་བ་རང་གྲོལ་གྱི་གཟུངས་སྒྲུབ་དང་གཟུངས་འབུལ། བསོད་ནམས་ཚོགས་བསགས་ཀྱི་དགེ་རྩ། བཀྲ་ཤིས་རབ་གནས་ཀྱི་ཆོ་གའི་རིམ་པ་ཐམས་ཅད་རྒྱལ་བ་བྲུ་ཡི་རིང་ལུགས་ལྟར་བསྒྲུབས་ཤིང་། བླ་མ་རིན་པོ་ཆེ་ཁོང་གི་ཕྱོགས་ཀྱི་སློབ་མ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་སྐུ་གདུང་མཐོང་བ་རང་གྲོལ་ལ་དད་སེམས་རྩེ་གཅིག་གིས་མཇལ་ཁ་ཞུས། དེ་ནས་ཉིན་མགོ་གསང་ཆེན་མེ་རི་གླིང་གི་ཉིས་ཐོག་ཏུ་གདན་དྲངས་ནས་ཁྲི་ལ་བཀོད་ཅིང་། ཕྱི་རབས་འགྲོ་བའི་བསོད་ནམས་ཚོགས་བསགས་ཀྱི་རྟེན་མཆོག་བྱིན་རླབས་དགུང་གི་སྤྲིན་བཞིན་གཏིབས་པའི་ཚན་ཁ་ཤིན་ཏུ་མཐོ་བར་བཞུགས་སུ་གསོལ་བ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་དུ་སྙན་བཟང་བསོད་ནམས་གཡུང་དྲུང་གིས་ལྕགས་གླང་བརྒྱད་པའི་བཅོ་ལྔའི་མཚན་མོར་མགྱོགས་བྲིས་བྱས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།