བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གཅིག་པ།

[ཟླ་ཚེས། 2021-01-26 23:01:23][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 སྤྱི་ལོ་2021ལོའི་ཟླ་1ཚེས་23ནས་ཚེས་26བར་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དེ་སི་ཁྲོན་ཁྲི་འདུ་གྲོང་ཁྱེར་ཧོང་ནན་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས།

  བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་གྱི་༧སྟོན་པ་རྣམ་མཁྱེན་རྒྱལ་བ༧གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་བསྟན་པ་ལ་ཤ་ཞེན་ཆེ་བའི་མཁྱེན་སྤྱོད་ཡངས་པ་སྐད་གཉིས་སྨྲ་བ་པོ་བླ་སྤྲུལ་དགེ་བཤེས་མཁན་སློབ་དགེ་རྒན་རྣམ་པ་མང་པོ་ལྷན་དུ་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གཅིག་པ་འདི་ནི་སྤྱི་ལོ་༢༠༢༡ལོའི་ཟླ་བ་༡པོ་ཚེས་༢༣་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩་༣༠་སྟེང་ཁྲིན་ཏུའུ་གྲོང་ཁྱེར་ཧོང་ནན་གསོལ་མགྲོན་ཁང་དུ་འཚོགས། བོན་གྱི་ཐ་སྙད་ལ་རིག་གནས་དང་ལོ་རྒྱུས། གཞུང་ལུགས། ཆོ་ག་སོགས་རིགས་མང་མོད་ཀྱང་སྐབས་སུ་བབས་པའི་བསྒྱུར་བྱ་གཙོ་བོ་ནི《སྲིད་པའི་མཛོད་ཕུགས》ནང་གི་ཐ་སྙད་ཁག་གཅིག་བསྒྱུར་བ་དང་།    མདོ་ཡི་སྐབས་སུ《ཡང་སྙིང་ཐིག་ལེ་བདལ་བའི་མདོ》དང《ཐེག་པ་ཆེན་པོ་ཡུམ་གྱི་མདོ》《 རྒྱ་ནག་ཀག་ཟློག  》སོགས་བསྒྱུར་བར་བྱས།
   ཡིག་བསྒྱུར་ཚོགས་པ་འདི་ནི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚན་ཆུང་ཞིག་ཏུ་གྱུར་ཅིང་ཚོགས་པས་བཀོད་སྒྲིག་འོག་ལོ་རེར་འགན་འཛིན་མི་སྣ་གཉིས་རེ་བདམས་ནས་བཞག  ཡིག་བསྒྱུར་འཚོགས་སའི་ས་གནས་ནི་སི་ཁྲོན་ཁྲེན་ཏུའུ་གྲོང་ཁྱེར་དང་། དུས་ཚོད་ནི་ལོ་མཇུག་ལ་འཚོགས་རྒྱུ་གཏན་འཁེལ་བྱས་ནས་ལོ་འཁོར་བཅུ་གཅིག་ཙམ་འགོར་བ་རེད།
   སྤྱི་ལོ་༢༠༢༠ལོའི་འགན་འཛིན་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་ཐེ་བོ་ལེགས་ལུང་གཙོ་ཚང་དགོན་པའི་མཁན་པོ་ཚེ་དབང་རིག་འཛིན་དང་སྣང་ཞིག་དགོན་ཆེན་གྱི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གཡུང་དྲུང་བསམ་གཏན་རྣམ་གཉིས་ལ་གོང་གི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་བཀོད་སྒྲིག་དང་ལེན་བྱས་ཏེ། འཚོགས་འདུ་སྐབས་སུ་མགྲོན་བརྡ་གཏོང་རྒྱུ་དང་འཚོགས་ཁང་བཀོད་སྒྲིག  ཆེད་ལས་མི་སྣ་གདན་འདྲེན་ཞུ་བ་སོགས་ཀྱི་འགྲོ་གྲོན་ཚང་མ་ཐུགས་འགན་བཞེས། སྤྱི་ན་འཚོགས་པའི་དུས་ཚོད་ནི་སྤྱི་ལོ་༢༠༢༠ལོའི་ལོ་འཇུག་ལ་འཚོགས་འཆར་ཡོད་ཀྱང་། དེ་ནས་ད་ལོ་འཛམ་གླིང་ལ་ཏོག་དབྱིབས་ནད་དུག་དབང་གི་༢༠༢༡བར་ཕྱིར་འགྱངས་བྱས། དེ་ནས་༢༠༢༡ལོའི་ཟླ་༡ཚེས་༢༣ནས་ཚེས་༢༦བར་འཚོགས་པ་ཡིན།  དེང་སྐབས་བོད་རྒྱ་ཡིག་རིགས་སྐད་གཉིས་མཁྱེན་མཁན་ཆེད་མཁས་པ་དང་། བོན་གྱི་རིག་གནས་དང་ལོ་རྒྱུས་མཁས་དབང་། གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་མང་པོ་གདན་འདྲེན་ཞུས་ཏེ་འཚོགས།
ཉིན་དེའི་སྔ་དྲོ་སི་ཁྲོན་ཁྲེན་ཏུའུ་གྲོང་ཁྱེར་ཧོང་ནན་གསོལ་མགྲོན་ཁང་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་༧ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་གཙོས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཁག་ཅིག་དང་དྲུང་ཡིག་པ་རྒྱུན་ལས་ཁག་གཅིག་ཡོད།
   ཁྱད་པར་དུ་སྐད་གཉིས་སྨྲ་བའི་དབང་པོ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད་དང་དགེ་རྒན་ཆེན་མོ་གཙུག་ཏོར་རྒྱལ།   དགེ་རྒན་ཆེན་མོ་ཤར་བ་ཐོག་མེད།  དེ་བཞིན་ལྷོ་ནུབ་མི་རིགས་སློབ་གླིང་ཞིབ་འཇུག་སློབ་མ་སོགས་ཆེད་མཁས་མི་སྣ་མང་པོ་ལྷན་དུ་འཚོགས།
   ༢༠༢༡་༡་༢༣ཉིན་གྱི་སྔ་དྲོ་ཆུ་ཚོད་༩་༣༠སྟེང་ཐོག་མར་ཡིག་བསྒྱུར་ཐེངས་བཅུ་གཅིག་པའི་གྲོས་ཚོགས་ཀྱི་འགན་འཛིན་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་མཁན་པོ་ཚེ་དབང་རིག་འཛིན་གྱིས་དབུ་ཚུགས་ཀྱི་གསལ་བཤད་གནང་། དེ་ནས་ཚོགས་འདུ་དངོས་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་བྱས་ནས་འཚོགས་འདུ་འདིའི་འགོ་ནས་འཇུག་མ་རྫོགས་པར་འགྲོ་རིམ་གསལ་བསྒྲགས་མཛད།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ཤིས་ཚིག་དང་སྐབས་སུ་བབས་པའི་གནད་དོན་གལ་ཆེན་གསུང་བཤད་གནང་།
   དེ་ནས་ཡི་བསྒྱུར་ཚོགས་འདུ་དངོས་ལ་འཇུག་སྟེ། ལོ་ལྟར་འགྲོ་རིམ་བཞིན་སྔ་དྲོ་མདོ་འཛིན་པ་གཉིས་རེ་རེས་མོས་གནང་སྟེ་འཚོགས། ཚེས་༢༤ཕྱི་དྲོ་མདོ་འཛིན་པ་རྟོགས་ལྡན་བསྐལ་ཁོ་དང་ཁྲི་སྐལ་བཟང་བསྟན་འཛིན་རྣམ་གཉིས་ཀྱིས་གནང་།
   ཚེས་༢༤ཉིན་གྱི་སྔ་དྲོ་མདོ་འཛིན་པ་སྤྲུལ་འཆི་མེད་གཡུང་དྲུང་དང་འཕྲིན་ལས་འགྲོ་མགོན་རྣམ་གཉིས་ཀྱིས་གནང་། ཕྱི་དྲོ་མདོ་འཛིན་པ་སྤྲུལ་དབང་རྒྱལ་ཚེ་རིང་དང་ཀུན་བཟང་རྣམ་རྒྱལ་རྣམ་གཉིས་ཀྱིས་གནང་།
  
   ཚེས་༢༥ཉིན་གྱི་སྔ་དྲོ་མདོ་འཛིན་པ་དགེ་བཤེས་གཡུང་དྲུང་བློ་གསལ་དང་དོན་ཉིད་དོན་རྟོགས་རྣམ་གཉིས་ཀྱིས་གནང་། ཕྱི་དྲོ་མདོ་འཛིན་པ་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་དང་སྣང་མཐའ་བསྟན་འཛིན་ཉི་མ་རྣམ་གཉིས་ཀྱིས་གནང་།
   ཚེས་༢༦ཉིན་གྱི་སྔ་དྲོ་མདོ་འཛིན་པ་མཁན་པོ་ཚེ་དབང་རིག་འཛིན་དང་ཨ་དཔལ་བཟང་རྣམ་གཉིས་ཀྱིས་གནང་། ཕྱི་དྲོ་མདོ་འཛིན་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་དགེ་བཤེས་གཡུང་དྲུང་བསམ་གཏན་རྣམ་གཉིས་ཀྱིས་གནང་།
   ཚེས་༢༦ཉིན་གྱི་ཕྲི་དྲོ་ཆུ་ཚོད་༤སྟེང་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་མཇུག་བསྡོམས་ཚོགས་འདུ་འཚོགས་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་གནང་སྟེ། ཐེངས་འདིའི་འཚོགས་འདུའི་སྐབས་སུ་ལོ་སྔོན་བསྒྱུར་འཆར་སོགས་ལེགས་གྲུབ་བྱུང་བ་དང་དེ་ནས་ཐེངས་རྗེས་མའི་ནང་དུ《ཞང་བོད་ཚིག་མཛོད་ཆེན་མོ》བསྒྱུར་འཆར་ཡོད་པ་སོགས་སྒྲོགས་བྱང་གནང་།
   དེ་ནས་ཚོགས་འདུའི་དགོངས་དོན་དང་འབྲེལ་ཏེ་ལས་དོན་ཁག་གཅིག་ལ་གྲོས་གཞི་གནང་བ་སྟེ།
༡༽ དེ་མིན་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ནས་བོན་གྱི་བཀའ་འགྱུར་ཆེན་མོའི་ཚོགས་པ་འཛུགས་ཕྱིར་རེ་འདུན་ཞུ་ཡིག་བོན་དགོན་ཁག་ལ་ལོ་རེ་རྒྱལ་གྱི་ཟླ་བ་ལ་བཀའ་འགྱུར་ཀློག་འདོན་བྱ་རྒྱུ་རེ་ཞུས་ལྟར་ལྷན་ཚོགས་ངོས་ནས་རྒྱ་ཆེ་བའི་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་ཡོངས་ལ་སྐྱང་སྤྲུལ་རིན་པོ་ཆེའི་དགོངས་དོན་བཞིན་འབོད་སྐུལ་གནང་རྒྱུ་དང་།
༢༽ ཐེངས་བཅུ་གཉིས་པའི་འགན་འཛིན་པ་སྨན་སྤྲུལ་དགེ་བཤེས་བློ་གྲོས་ཉི་མ་དང་རྟོགས་ལྡན་དགོན་པའི་དགེ་རྒན་ཟུར་བ་ཤེར་རྒྱམ་མམ་ཤེས་རབ་རྒྱ་མཚོ་གཉིས་ཀྱིས་འགན་བཞེས་གནང་རྒྱུའི་རེ་འབོད་ཞུས་པ་དང་།
༣༽བསྒྱུར་ཟིན་པ་རྣམས་བོད་ཡིག་ཐད་ཀྱི་འགན་ཁུར་བ་རྟོགས་ལྡན་བསྐལ་ཁོ་དང་རྒྱ་ཡིག་ཐད་ནས་འགན་ཁུར་བ་མཁན་པོ་ཚེ་རིང་ནོར་བུ་དང་དགེ་བཤེས་བསོད་གོ་རྣམ་གཉིས་ནས་ཐུགས་འགན་བཞེས་རྒྱུ།
༤ ༽ ཐེངས་བཅུ་གཉིས་པ་ནས་《ཞང་བོད་ཚིག་མཛོད་ཆེན་མོ》བསྒྱུར་འཆར་གནང་རྒྱུ་བཅས་གྲོས་ཆོད་སྐོར་སྒྲོག་བྱང་གནང་།
   དེ་ནས་དགེ་བཤེས་གཡུང་དྲུང་བསམ་གཏན་ལགས་ནས་ཐེངས་འདིའི་ཚོགས་འདུ་ཕྱི་འགྱངས་བྱ་དགོས་ཚུལ་དང་ཆེ་མཁས་མི་སྣ་གདན་འདྲེན་ཞུས་པ་སོགས་ཡང་ཏོག་དབྱིབས་ནད་དུག་དབང་གིས་ཕེབས་ཐུབ་མ་བྱུང་སོགས་ཀྱི་སྐོར་ཡར་ཞུས་གནང་། གཞན་འགྲོ་སོང་སྐབས་གཡུང་དྲུང་བོན་གྱི་བསྟན་པ་ལ་ལྷག་བསམ་རྣམ་དག་ངང་ནས་ཞབས་ཞུ་འབུལ་བ་ཡིན་པ་དང་རང་ཉིད་ཀྱི་བསོད་ནམས་ཚོགས་རྫོགས་ཡིན་ཚུལ་དང་བཀའ་དྲིན་ལེགས་གསོལ་གྱི་གསུང་བཤད་སྨོན་ཚིག་དང་བཅས་ཀྱི་སྐོར་ནས་གསུང་བཤད་གནང་། དེ་ནས་ཐེངས་འདིའི་འགན་ཁུར་བ་རྣམ་གཉིས་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ངོས་ནས་བཀྲ་ཤིས་པའི་དར་དཀར་སོགས་ཀྱི་ལེགས་སྐྱེས་གནང་།
དེ་ནས་ཚོགས་གཙོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་མཇུག་བསྡོམས་ཀྱི་བཀའ་སློབ་བླ་སྤྲུལ་དགེ་བཤེས་མཁས་དབང་རྣམ་པ་སོགས་འགྲོ་བའི་དོན་དུ་སྐུ་མི་ཕམ་ཟེར་བ་ལྟར་ཉིན་མང་པོའི་རིང་ལ་འོ་བརྒྱལ་བྱུང་བ་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་ཟབ་རྒྱས་གནང་སྟེ། མ་འོངས་པར་རྗེས་སུ་ཡང་སྔོན་ལྟར་ཤེས་ཡོན་རྣམ་པ་དང་འགན་འཛིན་རྣམ་པ་ཚོ་ནས་མུ་ནས་མུ་རུ་རྒྱུན་སྐྱོང་དགོས་ཚུལ་ཐེངས་འདིའི་ཡིག་བསྒྱུར་གྱི་ལས་བྱ་ལེགས་གྲུབ་དེས་འགྲོ་ཀུན་ཕན་བདེར་གྱུར་བའི་བསྔོ་བ་དང་ཚེ་རིང་ནད་མེད་དགའ་སྐྱིད་ཕུན་སུམ་ཚོགས་པའི་ངང་ནས་སྨོན་ཚིག་གསུང་བཤད་གལ་ཆེན་གནང་། དེ་ནས་ཚོགས་ཞུགས་པ་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་འདིའི་ཚོགས་འདུ་མཇུག་བསྡུས་པའོ། །
བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་འགན་འཛིན་ཚན་ཆུང་ནས་བྲིས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།