ཁྱུང་པོ་རི་ཁྲོད་དགོན་གྱི་དཔོན་སློབ་བློ་གྲོས་རབ་གསལ་མཆོག་གི་དགོངས་རྫོགས་ཀྱི་གནས་བསྡུས།

[ཟླ་ཚེས། 2019-08-27 15:15:34][རྩོམ་པ་པོ། ་མཐོང་གྲོལ་རི་ཁྲོད་དགོན་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   དགེ་བའི་བཤེས་གཉེན་ཞིང་གཤེགས་དམ་པ་༧གཡུང་དྲུང་བློ་གྲོས་རབ་གསལ་མཆོག་ནི་སྤྱི་ལོ༡༩༧༡ལོར་ཁྱུང་པོ་སྟེང་ཆེན་གྱི་ཆར་གཏོགས་རྭ་ཁྲོམ་གྲོང་གི་མི་ཚང་དཀྱུས་མ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས།  དགུང་ལོ་བདུན་ནས་རྭ་ཁྲོམ་ཚུན་སློབ་ཆུང་ནང་ནས་བོད་ཡིག་གི་འབྲི་ཀློག་ཅུང་ཙམ་སྦྱངས།   སྤྱི་ལོ་༡༩༨༨ལོར་རི་བོ་ཧི་མ་ལ་ཅལ་གྱི་ཁུལ་དུ་ཡོད་པའི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ཏེ།   སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་གསེར་ཞལ་མཇལ་ཏེ་ཁོང་རྣམ་གཉིས་ཀྱི་མདུན་ནས་རབ་བྱུང་གི་སྡོམ་ཁྲིམས་བཞེས་ཏེ།   ལོ་དེར་ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྡེའི་ཁོངས་སུ་འཛུལ་ཞུགས་ཀྱིས་ ༡༩༨༨ལོ་ནས་བཟུང་སྤྱི་ལོ༢༠༠༢  བར་ཚད་མ་རིག་པའི་སྐོར་ལ་གཙོ་བོར་བསྡུས་རྟགས་ས་ལམ་གྲུབ་མཐའ་མཛོད་འདུལ་སོགས་གཞུང་པོད་ཆེན་ལྔ་དང་།   ཐུན་མོང་རིག་གནས་སྐོར་ལ་སུམ་རྟགས་སྙན་ངག་དང་།  རྩིས་དཀར་ནག   སྒྲ་སྡེབ་སྦྱོར།   སྐུ་གདུང་ཐིག་ཚོན།   དཀྱིལ་འཁོར་ཐིག་རྩ།   ཞང་བོད་གསོ་རིག་དང་།  ཞང་བོད་ཡིག་རིགས་འདྲ་མིན་སོགས་ལ་འབྲི་སྦྱོང་མཐར་ཕྱིན་མཛད་ཅིང་།  སྒོས་སུ་རྒྱལ་བ་སྨན་རིའི་སྲོལ་བཟང་འཆུག་མེད་བཅའ་འབུད་བརྡུང་གསུམ་དང་གྱེར་དབྱངས་གར་འཆམ་སོགས་ལ་སྦྱངས་པ་བརྩོན་མཛད་པའི་གྲུབ་འབྲས་ལེགས་གྲས་བྱུང་ཞིང་།    མཐར་སྤྱི་ལོ་  ༢༠༠༢ལོར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དྲུང་ནས་དགེ་བའི་བཤེས་གཉེན་ཆེན་པོའི་ཕྱག་ཁྱེར་བཞེས་པ་དང་།  ཡང་སྤྱི་ལོ་༢༠༠༢ལོ་དེ་གའི་ནང་༼དཔྱད་རྩོམ་དུས་རབ་གསར་པའི་ཅོང་བརྡ།༽  ཞེས་པ་བརྩམས་མཛད་པ་དང་།  དེ་བཞིན་ཁོང་གིས་གཙོ་བོ་གཞུང་ཆེན་ཁག་ལ་འཆད་ཉན་རྩོད་གསུམ་གྱི་ཞོར་གདོད་མའི་ཞང་བོད་ཀྱི་ལོ་རྒྱུས་གཙོ་བོ་བྱས་པའི་དཔྱད་རྩོམ་སོགས་རྩོམ་རིག་འདྲ་མིན་མང་པོ་དུས་དེབ་དང་།  ཚག་ཤོག་ཁག་ཏུ་སྤེལ་ཞིང་།  སྤྱི་ལོ༢༠༠༣ལོར་དབྱིན་ཇིའི་མཐོ་སློབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་བཅུ་པར་ཚོགས་ཞུགས་མཛད་པ་དང་།  མུ་ཁྲི་བཙད་པོའི་ཞིབ་འཇུག་ཁང་གི་འགན་འཛིན་གནང་ནས་ཐུན་མིན་བོན་དཔེ་མི་འདྲ་བ་ཉིས་བརྒྱ་ལྷག་ལ་གཟིགས་ཞིབ་བྱས་པ་དང་བོན་སྒོ་དུས་དེབ་ཀྱི་ལས་བྱ་དུ་མ་བསྒྲུབས། དེ་རྗེས་སྤྱི་ལོ་ ༢༠༠༧ ལོར་ཁྱུང་ཡུལ་མེ་སྟོན་གདན་ས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་འདིར་འབྱོར་ནས་སྔར་ཡོད་སྒྲུབ་གྲྭ་བ་རྣམས་ལ་བཀའ་ཁྲིད་མཛད་གནང་བ་དང་ཡང་འདི་ལོའི་ནང་༼ཞང་བོད་ཡིག་གཟུགས་དུ་མའི་མཛུབ་རིས་མཐོང་བ་ཕྱག་རྒྱུན།༽ ཞེས་པ་བརྩམས་པ་དང་། སྤྱི་ལོ་༢༠༠༨ལོའི་ཟླ་བ་༣་པ་ནས་བཤད་སྒྲུབ་འདུས་སྡེ་དབུ་བཙུགས།  

སྤྱི་ལོ་༢༠༡༠ལོར་༼གནའ་བོའི་ཞང་བོད་ཚིག་མཛོད།༽ ཅེས་པ་བརྩམས་སྒྲིག་མཛད་པ་དང་།  སྤྱི་ལོ་༢༠༡༡ལོར། ༼བཟོ་རྒྱལ་གར་མ་ལི་ཤོའི་ཕྱག་རྒྱུན་ལས་མཆེད་པའི་ཁྱུང་པོའི་ཡིག་གཟུགས་ཕྱོགས་བསྒྲིགས།༽ ཅེས་པ་གཙོ་བསྒྲིགས་མཛད་པ་དང་།   སྤྱི་ལོ་ ༢༠༡༣ལོར་བརྡ་སྤྲོད་སྲིད་པའི་སྒྲོན་མེ་ལས། ༼སུམ་རྟགས་ཀྱི་འགྲེལ་བ་བློ་གསར་འཇུག་སྒོ།༽ ཞེས་པ་བརྩམས་པ་དང་།  སྤྱི་ལོ་༢༠༡༦ལོར༼བོན་གྲངས་རིག་མཛོད།༽ པར་དུ་སྐྲུན་པ་དང་།  ཡང་སྤྱི་ལོ་༢༠༡༦ ལོའི་ལོ་མཇུག་ཏུ་༼དཔྱད་བརྗོད་རིན་ཆེན་གཙག་པད་དང་།༽ ༼གནའ་དེང་ཀུན་ཕན་སྒྲོན་མེ།༽   སོགས་མདོར་ན་གལ་འགང་ཅན་གྱི་གནའ་བོའི་ཞང་བོད་ཀྱི་བཅུ་ཕྲག་རིག་པའི་གཞུང་ལུགས་སྤྱི་དང་། སྒོས་སུ་༧སྒང་པ་བོད་ཀྱི་ལོ་རྒྱུས་གཙོར་བརྗོད་ཀྱི་རང་བཞིན་མངའ་བའི་དཔྱད་རྩོམ་དང་ལོ་རྒྱུས་དུ་མ་མི་ཡུལ་ཐོག་དངོས་སུ་བཏོན་དང་འདོན་བཞིན་པའི་སྐབས་འདི་དང་ལྷག་པར་དུ་སྤྱི་ལོ་༢༠༡༨ལོའི་ལོ་མཇུག་ཏུ་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པར་ཚུལ་བཞིན་སློབ་སྦྱོང་བྱས་པའི་དཔང་ཡིག་བསྩལ་ཏེ་དགེ་བའི་བཤེས་གཉེན་ལྔ་བཞེངས་པ་དང་། 

དགོན་འདིའི་བུ་སློབ་ཡོངས་ལ་ལེགས་ཉེས་བླང་དོར་གྱི་ཐད་ལ་མ་རྨོངས་པའི་རྣམ་དཔྱོད་བསྩལ་བ་དང་འཛིན་གྲྭ་འོག་མ་དག་ལ་སོ་སོའི་འཛིན་རིམ་དང་འབྲེལ་བའི་སྒོ་ནས་གང་ལ་གང་དགོས་ཀྱི་ཁྲིད་ལུང་དུ་མ་མཛད་མདོར་ན་༢༠༡༩ལོའི་ཟླ་བ་༨པའི་ཚེས་༢༣གྱི་དྲོ་གཞུང་བར་དཀའ་བ་དང་དུ་བླངས་ངལ་བ་ཁྱད་བསད་མཛད་དེ་མེས་པོ་གོང་མའི་རྒྱུན་སྲོལ་རྒྱུན་དང་བསྟུན་ཏེ་རིག་པའི་གནས་དང་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་ལུང་ཚང་མ་མ་ལུས་པ་བཀའ་དྲིན་བསྐྱངས་ན་ཡང་སྟབས་མ་ལེགས་པ་ཞིག་ལ་༢༠༡༩ཟླ་བ་༨ཚེས་༢༣ ཉིན་གྱི་ཕྱི་དྲོར་བཟོད་དཀའ་བའི་རྐྱེན་ངན་ཆག་སྒོ་ཞིག་འཕྲད་པ་ནི་དམ་པ་དེ་ཉིད་སྐུ་མི་རྟག་གཞན་དུ་གཤེགས་པའི་སྐྱོ་གདུང་དེའོ།། 

  ཐེག་པར་དཀའ་བའི་མྱ་ངན་གྱི་ཁུར་པོ་འདིས་དྲག་ཏུ་གནོན་པའི་སྐབས་འདིར་རྒྱ་ཆེ་བའི་དགོན་སྡེ་ཁག་དང་བླ་སྤྲུལ་དགེ་བཤེས་མཁན་པོ་མཁན་མོ་སེར་སྐྱ་དུ་མས་གདུང་སེམས་མཉམ་བསྐྱེད་དང་འུར་སྒྲོག་ཙམ་མ་ཡིན་པར་དམ་པ་ཁོང་གི་ཐུགས་གཤིས་དང་སྐུ་ཡོན་སོགས་གང་ས་ཅི་ཐད་ལ་དམིགས་ཏེ་སྤྱན་ཆབ་ཀྱི་ཕྲེང་རྡོག་མཉམ་དུ་གཏོང་ཞིང་ཆ་འཕྲིན་སོགས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སྐྱིད་ན་རྟ་ཕོ་མཉམ་ཞོན་དང་སྡུག་ན་ཁུར་པོ་མཉམ་ཁུར་མཛད་པའི་ཕྱོགས་གང་སར་བཞུགས་པ་ཁྱེད་རྣམས་ལ་ཁ་ཞེ་ཡ་མ་བྲལ་བའི་ངང་ནས་བཀའ་དྲིན་ཆེ་དང་ཐུགས་རྗེ་ཆེ་ཞེས་སོར་བཅུའི་ཐལ་མོ་དཔྲལ་བར་སྦྱར་ཏེ་ཞུ་བཞིན་ཡོད་ལ་དགོན་འདི་ག་ནས་དམ་པ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་ནམ་སྐུ་དྲིན་གནམ་སའི་མཐའ་ལས་བརྒལ་བ་ལྟ་བུ་ཟབ་ཅིང་རླིངས་པ་རྣམས་ལ་དྲིན་ལན་འཇལ་བའི་ཁུལ་དུ་དམ་པ་མཆོག་སྐུ་གཤེགས་ནས་བཟུང་དགུང་ཞག་གསུམ་གྱི་རིང་བླ་དགེ་མཁན་བཙུན་སོགས་ཁ་ཅིག་གིས་དྲན་པ་ཡབ་སྲས་ཀྱི་ཚོགས་མཆོད་དང་བོན་སྐུ་སྨོན་ལམ་སོགས་ཀྱི་གདུང་མཆོད་དང་། 

གྲྭ་ཚང་ཕལ་མོ་ཆེས་དྲན་པ་ཡང་གསང་གི་ཚོགས་འཁོར་རྒྱ་ཆེན་དང་ཚེ་དབང་སྨོན་ལམ་སོགས་གདུང་མཆོད་རྒྱ་ཆེར་ཕུལ་བ་དང་།  མ་འོངས་དགུང་ཞག་ཞེ་དགུའི་རིང་། བླ་དགེ་མཁན་བཙུན་ཁག་ཅིག་གིས་དྲན་པ་ཡང་གསང་གི་སྒྲུབ་མཆོད་འབུལ་རྒྱུ་དང་། གྲྭ་མང་བྱིངས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་དབྱེ་ཞིང་ཚོགས་བསགས་མཆོད་འབུལ་དང་ཀུན་རིག་ལས་བཞི་རྒྱུན་ལྔའི་སྟ་གོན་ལ་བརྩོན་རྒྱུ་དང་བཅས་པའི་གནས་ཚུལ་རགས་བཏུས་སོ།།

དཔལ་གཤེན་བསྟན་མེ་སྟོན་གདན་ས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་ནས་༢༠༡༩/ཟླ་བ/༨པའི་ཚེས་༢༦/ཉིན་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།