དགོངས་རྫོགས་དང་འབྲེལ་བའི་བཀའ་དྲིན་ཞུ་ཡིག

[ཟླ་ཚེས། 2019-03-01 16:31:26][རྩོམ་པ་པོ། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

WechatIMG1288.jpg613b2d45d46e926b67fd59f0a71c8223.jpg

   ད་རེས་རང་ཅག་ཤར་ཁོག་ལུང་པའི་གཙུག་གི་ནོར་བུ། སྐྱབས་ཀྱི་ཐུ་བོ། ས་གསུམ་ན་འགྲན་ཟླ་བྲལ་བའི་སྐྱབས་རྗེ་རྩ་བའི་བླ་མ། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཁྲི་རབས་དང་པོ་ ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག རེ་ཞིག་གདུལ་བྱའི་མི་ཡི་ཡུལ་དུ་འགྲོ་དོན་གྲུབ་ནས་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་མཛད་པས། ངེད་དགའ་མལ་དགོན་ཆེན་དང་འབྲེལ་ཡོད་དམངས་ཚོགས་རྣམས་མྱ་ངན་སྐྱོ་གདུང་གི་གནས་སུ་ལྷུང་བའི་སྐབས་འདིར། བོན་གྱི་སྡོང་གྲོགས་བོན་གྱིས་བྱེད། །ཅེས་པའི་དཔེ་ལྟར། སངས་རྒྱས་བསྟན་པའི་མཐུན་ལམ་ལ་ཐུགས་ཁུར་ཟབ་ཅིང་། བསྟན་པའི་བྱ་བཞག་ལ་ལག་རྗེས་ཆེ་བའི་སྐྱེས་ཆེན་རྣམས་ཀྱིས་སེམས་གསོའི་འཚམས་འཕྲིན་བསྩལ་བ་དང་། གདུང་སེམས་མཉམ་བསྐྱེད་ཀྱི་གདུང་མཆོད་ཕུལ་བ། དེ་བཞིན་དུ་རྒྱལ་ཁབ་ལས་བྱེད་པ་དང་། ཆོས་བརྒྱུད་གཞན་པ་རྣམས་ཀྱིས་ཡུལ་དངོས་ལ་འཚམས་འདྲི་འབྱོར་བ་རྣམས། དུས་ཐོག་གི་ཆར་པ་ལྟར་གནད་སྨིན་དུ་བྱུང་བས་བཀའ་དྲིན་ལན་བརྒྱར་ཞུ་བ་དང་།

   ལྷག་ཏུ། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་བསྟན་དོན་ལ། དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་གཙོར་བཞེས་མཛད་པའི། དགོན་ལག་ཁག་གི་དབུ་བླ་དང་ཀྲུའུ་རེན་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་གྱི་འོག་ནས། གདུང་མཆོད་བཀོད་སྒྲིག་བྱས་པ་ལྟར། གཡུང་དྲུང་སེམས་དཔའི་སྡེ་ཚོགས་ནས། ནང་བསྙེན་བསྒྲུབ་ཀྱི་ལས་ལ་བརྩོན་ཞིང་། ལྷ་སྡེ་དམངས་ཚོགས་རྣམས་ཀྱིས། ཕྱག་བསྐོར་སྒྲིབ་སྦྱོང་དང་མར་མེ་མཆོད་པ། གསོལ་འདེབས་སྨོན་ལམ་བཅས་ཕྱོགས་གང་ཐད་ནས་གྲ་དག་སྤུས་གཙང་གི་དགོངས་རྫོགས་མཆོད་འབུལ་འདི་ཡིད་སེམས་རབ་ཏུ་བསྒུལ་བའི་གནས་སུ་ལགས་པས། དཔོན་གསས་རྩ་བའི་བླ་མ་ལ་བསྙེན་བཀུར་མཛད་པ་ནི་དངོས་གྲུབ་བྱིན་རླབས་མྱུར་བའི་སྒོ་ཡིན་ཏེ། ཐབས་ཆེན་མཁའ་རྒྱུད་ལས། དུས་གསུམ་སངས་རྒྱས་སྤྱིར་མཆོད་པས། །དཔོན་གསས་བླ་མ་སྒོས་མཆོད་ན། །བྱིན་རླབས་དངོས་གྲུབ་འཕྲལ་དུ་ཉེ། །ཞེས་དང་། ཀུན་མཁྱེན་ཤར་རྫ་པའི་ཞལ་སྔ་ནས། བོན་སྒོ་གཞན་ལ་ལོ་བསྙེན་བས། །དཔོན་གསས་བླ་མ་ཟླ་བསྙེན་དཔག །ཅེས་དང་། ཡང་རྩེ་ཀློང་ཆེན་དང་ཐེག་འགྲེལ་དག་ལས། བླ་མ་འདས་པའི་དུས་ནི་ཡང་ཁྱད་ཀྱི་འགྱུར་ཞེས་དགེ་བ་བྱེ་བ་ཁྲི་འགྱུར་ཡིན་གསུངས་པ་ལ་ཡིད་ཆེས་པ་རིགས་སོ།

   མདོར་ན། ད་ལན་བླ་མའི་དགོངས་རྫོགས་མཆོད་འབུལ་སྐབས་ཀྱི་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ཆེ་བཞེས་གནང་མཁན་ཡོངས་ལ། ཁ་ཞེ་གཉིས་མེད་ཀྱིས་གུས་འདུད་དང་བཅས་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད་ལ། སླད་མའི་ཆར་ཡང་ཁྱེད་ཅག་གིས་དུས་རྣམ་ཀུན་ཏུ་རྣམ་དཀར་དགེ་བའི་ལས་ལ་འབད་རྒྱུ་དང་། དེ་བཞིན་རང་ཅག་ལ་ལྷ་སྐལ་དུ་འབབ་པའི་དྲིན་ཆེན་རྩ་བའི་བླ་མ་དམ་པ་རྣམས་ལ་དུས་རྒྱུན་སྐྱབས་སུ་འགྲོ་རྒྱུ། ཁྱད་པར་དུ་༧སྐྱབས་རྗེ་ཞིང་གཤེགས་མཁན་ཆེན་ཁོང་རིན་པོ་ཆེའི་ཐུགས་དགོངས་ཉག་གཅིག་ལྟར། ཤར་ཁོག་གི་བསྟན་དོན་སྤྱི་དང་ཁྱད་པར་དུ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་བཤད་སྒྲུབ་བསྟན་པའི་དོན་ལ་ནམ་ཡང་ཐུགས་ཁུར་དང་རྒྱབ་སྐྱོར་ཞོགས་འདེགས་སོགས་གནང་བའི་རེ་སྐུལ་ཡང་ཡང་ཞུས་པ་ལགས། དེ་བཞིན་རང་ཅག་དགོན་མ་ལག་ཡོངས་ནང་ཕན་ཚུན་ཀུན་ལ་མཐུན་སྒྲིལ་དང་བརྩི་འཇོག་གི་སྒོ་ནས་རང་གཞན་ཀུན་ལ་ཕན་པའི་ཕྱག་བཞག་ཚུལ་བཞིན་དུ་བསྒྲུབ་རྒྱུའི་རེ་འབོད་ཞུས་པ་ལགས། མཐར་ཚང་མར་ཁ་དགེ་ཞིང་བཀྲ་ཤིས་པའི་སྨོན་ལམ་དང་བཅས་གསོལ་བ་འདེབས་པའོ།།

ཞེས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཁྲི་རབས་གཉིས་པའི་མིང་འཛིན་པ་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་རིན་སྤུངས་པ་བླ་མ་ཚེ་རིང་ནས་སྒོ་གསུམ་གུས་པ་དང་བཅས་ཏེ་སྤྱི་ལོ་༢༠༡༩ལོའི་ཟླ་བ་༣་པའི་ཚེས་༡་ཉིན་ལ་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།