བོད་ཚེས་༡༧ཉིན་གྱི་དགོངས་རྫོགས་དང་འབྲེལ་བའི་གནས་ཚུལ།

[ཟླ་ཚེས། 2019-02-22 10:59:27][རྩོམ་པ་པོ། དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1550804436139724.jpg
ཨེ་མ་ཧོ།
སྐུ་གསུམ་དོན་ལྡན་བསྟན་འགྲོའི་དཔལ་མགོན་པོ། །
བསླབ་པ་གསུམ་གྱི་མཁྱེན་རབ་བདག་ཉིད་ཅན། །
རིག་ཀུན་ཁྱབ་བདག་དཔོན་གསས་བླ་མ་རྗེ། །
ཤེས་རབ་མཐར་ཕྱིན་ཞབས་ལ་གསོལ་བ་འདེབས། །

   ཞེས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་གནང་བའི་༧མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེའི་གསོལ་འདེབས་ཡིན་ནོ། །

01.jpg

   བོད་ཚེས་༡ཉིན་འཆར་ཅན་ལྟར་རིན་སྤུངས་དགོན་དང་སྣང་ཞིག་ལྕགས་མདུད་དགོན། བྲག་གཡུང་དྲུང་དགོན་བཅས་ཀྱིས་རྒྱལ་བ་རྒྱ་མཚོའི་ཆོག་གཞུང་དང་། མཉམ་མེད་བླ་མའི་བླ་སྒྲུབ། ཁོང་རིན་པོ་ཆེའི་ཡི་དམ་ཚེ་དབང་བོད་ཡུལ་མ་སོགས་ཀྱི་ཚོགས་འཁོར་ཕུལ་ཅིང་།


   དེ་བཞིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དགེ་སློབ་རྣམས་ཀྱིས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྨོན་ལམ་ཤིང་རིང་སོགས་འབྲི་བཞེངས་གནང་བ་མཛད།

   དེ་ནས་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་དབུ་བཞུགས་ཐོག་དད་ལྡན་མང་ཚོགས་སྟོང་ཕྲག་ཡས་མས་ཀྱིས་དགའ་མལ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ནས་༧ཁོང་རིན་པོ་ཆེའི་གསོལ་འདེབས་དང་ཚེ་དབང་སྨོན་ལམ་སོགས་ཀྱི་དགོངས་རྫོགས་མཆོད་པ་ཕུལ།

 1550804674972346.jpg

  དེ་ནས་མཛོད་དགེ་ཨ་སྐྱིད་སྐྱང་ཚང་དགོན་པའི་འགན་འཛིན་གྲྭ་བ་རྣམ་པ་ཆེད་ཕེབས་གནང་སྟེ་ཁོང་རིན་པོ་ཆེའི་བླ་བྲང་གི་སྐུ་གདུང་རིན་པོ་ཆེའི་མདུན་ནས་བླ་མའི་མཆོད་པ་ཕུལ།

02.jpg

   དེ་ནས་མཛོད་དགེ་བབ་བཟོ་མོང་ཁྲང་སྡེ་བའི་འཐུས་ཚབ་རྣམ་པ་དང་དེ་བཞིན་རྣམ་དཀར་འགྲོ་ཕན་ཚོགས་པའི་འགན་འཛིན་རྣམ་པ་བཅས་ཕེབས་ཆེད་གནང་སྟེ་ཁོང་རིན་པོ་ཆེ་ལ་འབྲེལ་འཇོག་གི་སྒོར་དང་མཆོད་མར་བཅས་ཕུལ་བྱུང་།

   གཞན་ཉིན་གང་བོ་ལ་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མས་སྐུ་གདུང་རིན་པོ་ཆེ་མཇལ་བ་ཞུས།

  དེ་ནས་འཆར་ཅན་ལྟར་ཉིན་གུང་ཆུ་ཚོད་༤བ་ཡས་མས་ནས་རིན་སྤུངས་དགོན་པའི་སེར་སྐྱ་ཡོངས་ནས་མར་མེ་ཁྲི་ཕྲག་ལྷག་གི་དགོངས་རྫོགས་མཆོད་པ་གྲ་སྒྲིག་གནང་སྟེ། རྣམ་ལྔའི་རྣམ་པ་དང་དུང་དཀར། འཁོར་ལོ་རིན་པོ་ཆེ་སོགས་ཀྱི་རིས་ཅན་གྱི་རྣམ་པ་དང་། དེ་བཞིན་༧སྐྱབས་རྗེ་རྩ་བའི་བླ་མ། ཞེས་པ་སོགས་མཚོན། མཚན་མོ་མར་མེའི་མཆོད་པ་དང་དད་ལྡན་སེར་སྐྱ་ཡོངས་ནས་ཁོང་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར་སྟེ་ཚོགས་ཁང་དང་བླ་བྲང་སོགས་ལ་སྐོར་ཕྱག་ཞུས་ཏེ་དགོངས་རྫོགས་ཞུས།

དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་
དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་ནས་
༢༠༡༩་༢་༢༢ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།